ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མི་ཚེ་སློབ་གསོའི་བྱ་གཞག་ལ་ཕུལ་བའི་སློབ་གཙོ་བཟང་པོ།

སྤེལ་དུས 2021-09-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
          “རྒན་ལགས་སྐུ་ཁམས་བཟང་།”  སློབ་རའི་ནང་དུ་སློབ་སྦྱོང་བྱེད་པའི་སློབ་མ་དང་འཆམ་འཆམ་བྱེད་བཞིན་པའི་དགེ་རྒན་སུ་ཡིན་རུང་།   སློབ་གཙོ་བསོད་ནམས་རྡོ་རྗེ་མཐོང་དུས་གུས་པ་དང་བཅས་འཚམ་འདྲི་མི་བྱེད་མཁན་གཅིག་ཀྱང་མེད་ལ།  ཁོང་གིས་ཀྱང་འཛུམ་མདངས་དང་བཅས་དགེ་སློབ་རྣམས་ལ་བྱམས་བརྩེའི་ངང་འཚམ་འདྲི་བྱེད། 
          ནམ་རྒྱུན་ལས་དོན་ལ་བྲེལ་བ་ཆེ་དུས་མ་གཏོགས་ཁོང་རྟག་པར་སློབ་གྲྭའི་ར་སྐོར་ནང་འཆམ་འཆམ་བྱེད་ཞོར་དུ་བསམ་གཞིག་གཏོང་བར་གོམས་ཡོད།

སློབ་གཙོ་བསོད་ནམས་རྡོ་རྗེ་མཆོག་གིས་གཏམ་བཤད་གནང་བཞིན་པ།
          རང་གིས་དཀའ་སྡུག་གི་རྔུལ་ཁྲག་གང་མང་བཏོན་མྱོང་བའི་ཤེས་རིག་གི་ཞིང་ས་འདིར་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ཤིང་ག་ས་གང་དུ་སློབ་སྦྱོང་གི་རྣམ་པ་བཟང་པོ་དང་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ་མཐོང་ཞིང་ཐོས་དུས། མི་ལོ་ཉི་ཤུ་ལྷག་གི་རིང་ལ་སློབ་གསོའི་ལས་དོན་ལ་འབད་འབུངས་བྱས་པའི་སློབ་གསོ་བ་རྒན་པ་ཁོང་གི་སེམས་སུ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་བཞིན་འདུག
          སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ནི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་སྐྱེས་ཤིང་།  སྔ་རྗེས་སུ་ཁྲི་ཀ་རྫོང་འཕྲང་དམངས་དཀྱིལ་སྙིང་སློབ་གྲྭ་དང་།  ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།   མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པ་བཅས་སུ་སློབ་གཙོའི་འགན་བཞེས་ཏེ།  “ཐོག་མའི་བསམ་འདུན་མི་བརྗེད་པར།   འགན་འཁྲི་ཡིད་ལ་བརྟན་པོར་འཆང་”བཞིན་དུ་ཏང་གི་མི་རིགས་སློབ་གསོའི་ལས་དོན་ཧུར་ཐག་གིས་སྒྲུབ་ནས།   གཞི་རིམ་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་རིག་གནས་རྒྱུན་འཛིན།  དཔལ་འབྱོར་དར་རྒྱས།  ཐུན་མོང་གོང་འཕེལ་བཅས་ལ་བྱས་རྗེས་རླབས་ཆེན་བཞག་དང་འཇོག་བཞིན་ཡོད། 
          “མེ་ཏོག་སྣ་གཅིག་རབ་ཏུ་སྡུག་པས་དཔྱིད་དཔལ་ཤར་བ་མ་ཡིན་པར། །  མི་རིགས་མཐུན་སྒྲིལ་མེ་ཏོག་མཉམ་བཞད་མཛེས་པའི་དཀྲག་མདངས་རབ་ཏུ་རྒྱས། །”ཞེས་པ་ནི་སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་རང་གི་ཟིན་དེབ་སྟེང་དུ་བཀོད་པའི་དྲན་སྐུལ་གྱི་ཚིག་ཅིག་རེད།  སློབ་གྲྭ་ཞིག་གི་སློབ་གཙོ་ཡིན་པའི་ཆ་ནས།   ཁོང་གིས་ཐོག་མཐའ་བར་གསུམ་དུ་སློབ་གྲྭ་དེ་གར་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཧུར་ཐག་གིས་སྒྲུབ་ཅིང་གྲུབ་འབྲས་ཀྱང་གཡུར་དུ་ཟ་བ་བླངས་ཡོད།
          བསོད་ནམས་རྡོ་རྗེ་ལགས་ཀྱིས་རྟག་ཏུ“ང་ནི་ཏང་ཡོན་ཞིག་དང་ལྷག་པར་དུ་སློབ་གཙོ་ཞིག་ཡིན་པའི་ངོས་ནས།  མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྒྲུབ་པའི་ཐད་དུ་རང་ཉིད་ནས་འགོ་བརྩམས་ཏེ་གཞན་གྱི་ཚད་ཤིང་དུ་བྱེད་པ་དང་།  གཞན་ལ་མིག་དཔེ་སྟོན་ཐུབ་པ།  སྣེ་ཁྲིད་གང་ལེགས་བྱེད་ཐུབ་པ།   བྱས་རྗེས་ཡག་པོ་འཇོག་ཐུབ་པ་ཞིག་ཡིན་དགོས”ཟེར།
          ཉེ་བའི་ལོ་འགའི་རིང་ལ།  མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་གྱི་ཐད་དུ་གནང་བའི་གསུང་བཤད་གལ་ཆེན་དག་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དྲིལ་སྒྲོག་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ནས་བྱ་བའི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ།  བྱ་བའི་ཁྲོད་དུ་རང་དཔེ་གཞན་སྟོན་གྱི་ནུས་པ་ཐོན་ཆེད་དུ་ཁོང་གིས་ལས་ཀའི་ཞོར་དུ་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་ཤེས་བྱ་དང་ཆོས་ལུགས་ཁྲིམས་སྲོལ་དག་ལ་སློབ་སྦྱོང་ཧུར་ཐག་བྱས་ནས།   རྒྱལ་ཁབ་དང་སློབ་གྲྭའི་གནས་ཚུལ། ས་གནས་ཀྱི་ལོ་རྒྱུས་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱས།
          དེ་དང་ཆབས་ཅིག་ཏུ།  ཁོང་གིས་ད་དུང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱེད་སྒོ་བརྗོད་བྱ་འབུར་དུ་ཐོན་ཞིང་རྣམ་པ་ཕུན་སུམ་ཚོགས་པ་མང་པོ་རྩ་འཛུགས་བྱས་ཏེ།  དགེ་སློབ་ཀུན་ལ་ཀྲུང་གོའི་མི་རིགས་ཁག་གི་ལོ་རྒྱུས་དང་རིག་གནས།  སྲོལ་རྒྱུན་དག་ལ་སློབ་སྦྱོང་བྱེད་དུ་བཅུག་ཅིང་།  དེ་ལྟར་རྒྱ་ཆེའི་དགེ་སློབ་ཚོའི་རང་བརྩིའི་བསམ་པ་དང་ཡིད་ཆེས་ཀྱི་སེམས་དཔང་མཐོ་རུ་བཏང་བས། སློབ་གྲྭའི་མི་རིགས་ཁག་གི་དགེ་སློབ་བར་དུ་འཆམ་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་རོགས་རེས་ཀྱི་ཁ་དབུགས་ཡག་པོ་ཞིག་ཆགས་ཡོད།

སློབ་གཙོ་བསོད་ནམས་རྡོ་རྗེ་མཆོག་གིས་གཏམ་བཤད་གནང་བཞིན་པ།
          སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་མི་རིགས་ཁག་གི་དགེ་རྒན་ཚོའི་འབྲེལ་བར་བརྩི་མཐོང་ཆེན་པོ་བྱེད་པ་དང་།  ཁོང་གིས་དགེ་རྒན་ཚོའི་ནང་འཆམ་མཐུན་ཡོང་བ་ནི་སློབ་ཁྲིད་སློབ་གསོའི་སྤུས་ཚད་དང་མི་གཤིས་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་གནད་འགག་ཅིག་ཡིན་པར་དགོངས་ནས།  ཁོ་ཚོའི་མཐུན་སྒྲིལ་དམ་ཟབ་དང་ཕན་ཚུན་རོགས་རེས་ལ་ཕན་པའི་བྱེད་སྒོ་དང་ཐབས་ལམ་སྣ་ཚོགས་འདོན་སྤེལ་བྱས་པ་དང་།  དུས་དང་རྣམ་པ་ཀུན་ཏུ་དགེ་སློབ་ཚོའི་བཟའ་བཏུང་གི་གོམས་གཤིས་དང་འཚོ་བའི་ལུགས་སྲོལ་ལ་བརྩི་འཇོག་དང་ཐུགས་ཁུར་ཚད་མེད་གནང་བས།  དགེ་རྒན་ཕན་ཚུན་བར་མཐུན་སྒྲིལ་དང་དགེ་སློབ་ཕན་ཚུན་བར་མཐུན་སྒྲིལ།  སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་པའི་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གང་སར་མངོན་ཡོད་ལ། མི་རིགས་ཁག་གི་དགེ་རྒན་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་གཏོང་ཆེད། ལོ་རེ་བཞིན་སློབ་གྲྭའི་ནང་དུ“མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ”ཡི་རྩེད་འཇོའི་བྱེད་སྒོ་སྟེ་ལག་རྩེད་སྤོ་ལོ་དང་། ཐེ་པེད།   འཕེན་འཕང་སྤོ་ལོ། རྐང་རྩེད་སྤོ་ལོ།  རིག་རྩལ་ལེ་ཚན་སོགས་འགྲན་བསྡུར་སྣ་མང་རྩ་འཛུགས་བྱས་ཏེ། བོད་རིགས་དང་ཧུའེ་རིགས། རྒྱ་རིགས། ཧོར་རིགས་སོགས་མི་རིགས་ཁག་གི་དགེ་རྒན་ཚོའི་མཉམ་འབྲེལ་དང་མཉམ་ལས།   རོགས་རེས།  མཐུན་སྒྲིལ་བཅས་ཀྱི་ནུས་པ་འདོན་སྤེལ་དང་།   ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་བྱེད་པའི་གོ་སྐབས་བསྐྲུན་ནས་ཁོ་ཚོའི་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ཡོད། 

ཁྱིམ་བཅར་ཕྱིན་པ།
          དུས་ཆེན་དང་གུང་གསེང་ལ་སླེབས་ཐེངས་རེར།   སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་གྲྭའི་ལས་དོན་མི་སྣའི་སྣེ་འཁྲིད་དེ་མི་རིགས་ས་ཁུལ་གྱི་མི་སྣ་དཀའ་ཁག་ཅན་ལ་འཚམ་འདྲི་བྱེད་པ་དང་།  ཁོང་ཚོའི་འཚོ་བར་རྒྱུས་ལོན་བྱས་ཏེ་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཚོའི་དཀའ་ཁག་སེལ་ཅི་ཐབས་བྱས་པས།   གཞན་གྱི་སེམས་ལ་དྲོད་ཁོལ་དང་བརྩེ་བ་སྦྱིན་ཡོད་དེ།  ཐེངས་ཤིག་ལ་དགེ་རྒན་ཞིག་གི་ཁྱིམ་དུ་ན་ཚ་བྱུང་ནས་སྨན་རིན་མཐོན་པོ་སྤྲོད་དགོས་པས་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་དུས་ཐོག་ཏུ་སྣེ་ཁྲིད་དེ་ཞལ་འདེབས་ཕུལ་ནས་དགེ་རྒན་དེར་དཀའ་ངལ་སེལ་རོགས་བྱས་པར་མ་ཟད། རྫོང་འཕྲོད་བསྟེན་ཅུས་དང་དམངས་སྲིད་ཅུས་སོགས་ལས་ཁུངས་ནས་འབྲས་དང་ཕྱེ། དངུལ། གྱོན་ཆས་སོགས་བརྩོན་ལེན་བྱས་ཏེ་ཁོང་ཚོའི་ལག་ཏུ་སྤྲད་པས།  དགེ་རྒན་དེར་སློབ་གྲྭའི་ཚོགས་སྤྱི་ཆེན་པོ་འདིའི་དྲོ་སྐྱིད་དང་ཐུགས་ཁུར་ཚོར་དུ་བཅུག
          སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་ཆ་ནས།  ཁོང་གིས་ཞིབ་ཚགས་དང་གཟབ་ནན་གྱི་སྒོ་ནས་བདེ་འཇགས་སློབ་གྲྭ་འཛུགས་སྐྲུན་གྱི་ཐད་དུ་ཕན་འབྲས་ཆེ་བའི་ལས་དོན་མང་པོ་བསྒྲུབས་ཡོད་དེ།  སློབ་གྲྭའི་ཏང་ཡོན་ཡོངས་དང་། དགེ་རྒན། ལས་བཟོ་བ་བཅས་ཀྱི་སྣེ་འཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཕིན་ཕིང་གིས་སློབ་གསོའི་ལས་དོན་ཐད་དུ་གནང་བའི་གསུང་བཤད་གལ་ཆེན་དང་ཞིང་ཆེན་དང་ཁུལ་གྱི་སློབ་གསོའི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་སློབ་སྦྱོང་བཅས་བྱེད་པ་དང་། སློབ་གྲྭའི“སྔོན་གཏོད་ལེགས་བརྩོན”གྱི་བྱེད་སྒོ་དང་དོན་དངོས་ཀྱི་སློབ་གསོ་སློབ་ཁྲིད་ལས་དོན་གཉིས་ཟུང་འབྲེལ་བྱས་ཏེ་དགེ་སློབ་ཡོངས་ཀྱི་བསམ་བློའི་འདུ་ཤེས་གོང་འཕེལ་དང་སློབ་གྲྭའི་སློབ་སྒྲུབ་ཀྱི་ཆ་རྐྱེན་རྒྱུན་འཆད་མེད་པར་ཇེ་ལེགས་སུ་བཏང་ཞིང་། དགེ་སློབ་ཚོའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པ་དང་།  སློབ་གྲྭའི་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་ཁག་ལག་བསྟར་གང་ལེགས་བྱས་ཏེ་བདེ་འཇགས་སློབ་གྲྭ་དང་ཞི་མཐུན་སློབ་གྲྭ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ནས། དགེ་སློབ་ཡོངས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་གྱིས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཆེ་བའི་ཆ་རྐྱེན་སྐྲུན་ཡོད།
          སློབ་གཙོ་བསོད་ནམས་རྡོ་རྗེ་ལགས་ཀྱིས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་པས་གྲུབ་འབྲས་གཡུར་དུ་ཟ་བ་མང་པོ་ཞིག་བླངས་ཡོད་ལ།  2021ལོར་མཚོ་སྔོན་ཞིང་ཆེན་གྱི་སློབ་གཙོ་ཕུལ་བྱུང་ཅན་གྱི་གཟེངས་རྟགས་ཐོབ་པར་མ་ཟད། གོང་རིམ་འགོ་ཁྲིད་དང་ལས་གྲོགས།  ཁྱིམ་བདག་ཚོས་ཀྱང་ཁོང་ལ་ཁས་ལེན་དང་གདེང་འཇོག་བླ་ན་མེད་པ་བྱེད་བཞིན་ཡོད།  བསྔགས་བརྗོད་ཇི་ལྟར་མང་ན་འགན་འཁྲི་དེ་ལྟར་ཆེ་བས།  ཁོང་གིས་མི་ཚེའི་བཞུད་ལམ་རིང་ཞིང་ཀྱག་ཀྱོག་ཆེ་བ་དང་།  ལམ་དེར་བསྐྱོད་ཚེ་སྔར་ལས་ལྷག་པའི་སྙིང་རུས་དང་བརྩོན་པ་བསྐྱེད་ནས་འགག་སྒྲོལ་དཀའ་སེལ་བྱེད་དགོས་པ་གསལ་པོར་རྟོགས་ཡོད་དོ། ། 
རྩོམ་སྒྲིག་པ།  རིག་གྲོལ།