ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

སློབ་གཙོ་སྐལ་བཟང་སྒྲོལ་མའི་སློབ་གསོའི་ལམ་བུ།

སྤེལ་དུས 2021-09-16 ཡོང་ཁུངས། མཚོ་ལྷོ་བོད་ཡིག་ཚགས་པར། རྩོམ་པ་པོ།
          ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སློབ་གཙོ་སྐལ་བཟང་སྒྲོལ་མས2002ནས་སློབ་ཁྲིད་བྱེད་པའི་སྟེགས་བུར་བུད་ནས་དངོས་ཡོད་ལག་ལེན་གྱིས་རང་ཉིད་སློབ་ཆེན་མཐར་ཕྱིན་སྐབས“ཚེ་གང་བོར་སློབ་གསོའི་རྩ་བ་བརྟན་པོ་བཙུགས་ནས་དགེ་རྒན་ཡག་པོ་ཞིག་བྱེད་དགོས”ཞེས་པའི་དམ་བཅའ་དེ་ལག་ལེན་དུ་བསྟར་བཞིན་ཡོད་པ་རེད།
          སློབ་གསོའི་བྱ་གཞག་ལ་བཅངས་པའི་དོན་གཉེར་དང་དགའ་ཞེན་ཚད་མེད་འཆང་བཞིན་དུ་སྐལ་བཟང་སྒྲོལ་མས་སློབ་ཆེན་མཐར་ཕྱིན་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་ཕ་ཡུལ་དུ་ལོག་ནས་འབྲོག་ཁུལ་གྱི་གཞི་རིམ་སློབ་ཆུང་གི་དགེ་རྒན་ཞིག་བྱས། ཁོ་མོས་བཤད་རྒྱུར།“ང་ལས་ཀར་ཞུགས་པའི་གནས་ནི་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱི་སློབ་ཆུང་ཡིན་ལ། སྐབས་དེའི་བྱ་བ་དང་སློབ་ཁྲིད་ཀྱི་ཆ་རྐྱེན་ནི་ཅུང་ཐབས་ཆག་ཡིན་རུང་སློབ་མ་དང་མཉམ་དུ་འཚོ་བ་སྐྱེལ་པ་ཡིན”ཞེས་བཤད། སྐལ་བཟང་སྒྲོལ་མས་གསར་འགོད་པར་དོ་དམ་འཛིན་གྲྭའི་ཉམས་མྱོང་མཉམ་སྤྱོད་བྱས་པ་བརྒྱུད་ལོ་རིམ་དམའ་བའི་ཕྲུ་གུ་དོ་དམ་བྱེད་སྐབས་ངེས་པར་དུ་ཕྲུ་གུའི་བྱ་སྤྱོད་ཀྱི་གོམས་གཤིས་ཚད་ལྡན་དུ་གཏོང་བ། དགེ་རྒན་གྱིས་ངང་རྒྱུད་རིང་པོའི་སྒོ་ནས་བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་གཏོང་དགོས། ལོ་རིམ་གསུམ་པ་ནས་བཞི་པའི་བར་གྱི་ཕྲུ་གུར་དགེ་རྒན་གྱིས་ག་ལེར་བློ་རྒྱ་ཆེར་བསྐྱེད་ཀྱིས་ཕྲུ་གུ་ཚོར་རང་བདག་ངང་དོ་དམ་བྱེད་དུ་འཇུག་དགོས་པ་དང་། ལོ་རིམ་ལྔ་བ་དང་དྲུག་པར་སླེབས་སྐབས་འཇོན་ཐང་ཆེ་བའི་འཛིན་གྲྭའི་ལས་བྱེད་པ་གསོ་སྐྱོང་བྱས་ནས་དགེ་རྒན་བྱེད་པའི་ནུས་པ་ཆེ་རུ་བཏང་སྟེ་ཕྲུ་གུའི་རང་ངོས་ཀྱི་དོ་དམ་བྱེད་ནུས་ཆེ་རུ་གཏོང་དགོས། 
          སློབ་མའི་བསམ་སྤྱོད་ཉམ་ཆུང་བའི་དུས་སུ་ཁོ་མོས་སློབ་མ་དང་མཉམ་དུ་ཁ་བརྡ་བྱེད་པའམ་སློབ་མ་སུ་ཞིག་གི་སེམས་ནང་གི་དཀའ་སྡུག་དེ་སེལ་ཐབས་བྱེད་སྲིད་པས། ཁོ་མོ་སློབ་མའི་སེམས་ནང་གི་ཆེས་བློས་ཐུབ་ཀྱི་མི་ཞིག་ཏུ་གྱུར་ཡོད་ལ། ཁོང་གིས“འཛིན་གྲྭ་ཞིག་གི་སྦྱངས་འབྲས་ཞན་ཙམ་འདུག སློབ་སྐབས་གཅིག་གི་དོ་དམ་ལ་བརྟེན་ཕྲུ་གུ་ཚོའི་སྦྱངས་འབྲས་མགྱོགས་མྱུར་ངང་ཇེ་ལེགས་སུ་ཕྱིན་འདུག་ལ། དེ་ལས་ང་ལ་ཡིད་ཆེས་ཆེན་པོ་ཡོང་གི་འདུག”ཅེས་བཤད།
          2006ལོར་སྐལ་བཟང་སྒྲོལ་མས་ཁྲི་ཀ་རྫོང་འཕྲང་དམར་གྲོང་བརྡལ་གྱི་ལས་གནས་ཐོག་བསྐྱོད་ནས་སློབ་གྲྭའི་སློབ་གཙོའི་འགན་འཁུར་ཞིང་། 2009ལོར་མཚོ་ལྷོ་ཁུལ་གྱི་སློབ་གསོ་ཁྱབ་ཚུལ་ལེགས་སྒྲིག་ཆེན་པོ་བྱས་པ་དང་བསྟུན་ཁོང་སླར་ཡང་ཁྲི་ཀ་རྫོང་འཕྲང་དམར་མི་རིགས་བཅའ་སྡོད་སློབ་ཆུང་གི་སློབ་གཙོར་གདམས་ཐོན་བྱུང་།
          ཉེ་བའི་ལོ་ཤས་རིང་། སྐལ་བཟང་སྒྲོལ་མར་སྔ་རྗེས་སུ“མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”དང་། མཚོ་སྔོན་ཞིང་ཆེན་གྱི“ཕུལ་བྱུང་སློབ་གསོའི་ལས་དོན་པ” “ཁུལ་ཡོངས་ཀྱི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཀྱི་སྔོན་ཐོན་མི་སྒེར།” “ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན།” “མཚོ་ལྷོ་ཁུལ་གྱི་སློབ་གསོའི་སྔོན་ཐོན་ལས་དོན་པ།” “མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྒེར”བཅས་ཀྱི་གཟེངས་རྟགས་ཐོབ་ནས་ཁྲི་ཀ་རྫོང་གི་ཕུལ་བྱུང་སློབ་གཙོ་ཞིག་ཡིན་ལ། ཞིང་འབྲོག་ཁུལ་གྱི་སློབ་གསོའི་ལས་དོན་པ་སྐལ་བཟང་སྒྲོལ་མས་གཞི་རིམ་དུ་རྐང་ཚུགས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ།“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བཅས་བྱས་ནས་སློབ་གྲྭའི་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། 
          སྐལ་བཟང་སྒྲོལ་མས་སློབ་གསོ་འཕེལ་རྒྱས་ལ་འོས་འཚམ་གྱིས་སྒྱུར་བཅོས་བྱས་ནས་དགེ་རྒན་དཀྱུས་མ་ཞིག་ནས་མགོ་ཁྲིད་ལས་བྱེད་པ་ཞིག་ཏུ་འཚར་ལོངས་བྱུང་སྟེ། སློབ་གྲྭ་དེ་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གྲྭ་ཞིག་ཏུ་འཕེལ་རྒྱས་བཏང་བ་དང་།  སླད་ཕྱིན་གྱི་སློབ་གསོའི་ལམ་བུའི་ཐོག་ཁོང་གིས་སྔར་ལས་ལྷག་པའི་སྒོ་ནས་འབྲོག་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ཞུགས་ནས་མཛེས་སྡུག་ལྡན་པའི་སློབ་གསོའི་གཏམ་རྒྱུད་ཡག་པོ་འབྲི་བའི་རེ་འདུན་དང་ཡིད་ཆེས་བརྟན་པོ་ཞིག་ཡོད་པའོ། །
རྩོམ་སྒྲིག་པ། བསྟན་ཆོས།