ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

«ཙོང་ཁ་རྒྱལ་རབས་ཞིབ་འཇུག»གི་འགྲེམས་སྤེལ་མཛད་སྒོ།

སྤེལ་དུས 2021-09-16 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། རྩོམ་པ་པོ།
          ཟླ9བའི་ཚེས11ཉིན། ཚེ་བརྟན་རྡོ་རྗེ་ཡིས་བརྩམས་པའི«ཙོང་ཁ་རྒྱལ་རབས་ཞིབ་འཇུག»འགྲེམས་སྤེལ་མཛད་སྒོ་ཟི་ལིང་ནས་སྤེལ།
          མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་རབ་བརྟན་ཚེ་རིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཀྲིག་རུང་ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་ཡི་སའོ་ཀྲང་ངམ་ཞིབ་འཇུག་པ་ནོར་བུ་དབང་ལྡན། དེ་མིན་འབྲེལ་ཡོད་ཆེད་མཁས་པ་མི་སུམ་བཅུ་ལྷག་གྲོས་ཚོགས་སུ་ཞུགས་པ་དང། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་གྱིས་མགོ་འཛིན་བྱས།

          «ཙོང་ཁ་རྒྱལ་རབས་ཞིབ་འཇུག»མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་ལ། རྩོམ་པ་པོ་ཁོང་གིས་མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་རྒྱ་བོད་ཡིག་རིགས་གཉིས་གཙོ་བོར་གྱུར་བའི་ཡིག་རིགས་མང་བོ་ལས་རྒྱུ་ཆ་འཚོལ་སྡུད་དང་ཡུལ་དངོས་རྟོག་ཞིབ་བྱས་པ་བརྒྱུད། ད་གཟོད་ལེགས་འགྲུབ་བྱུང་བའི་དཔྱད་འབྲས་ཤིག་ཡིན། དེབ་འདི་ཁྱོན་བསྡོམས་ས་བཅད་དགུ་ཡིས་གྲུབ་ལ། ཙོང་ཁ་རྒྱལ་རབས་ཀྱི་ལོ་རྒྱུས་ཕྱོགས་ཡོངས་དང་འཐུས་ཚང་བ། མ་ལག་ལྡན་པའི་སྒོ་ནས་ཞིབ་འཇུག་དང་གསལ་འགྲེལ་བྱས་ཡོད། ཚོགས་ཐོག་ཏུ་ཆེད་མཁས་པ་ཚོས་དེབ་གསར་འདི་དང་འབྲེལ་ཏེ་དཔྱད་བརྗོད་སྤེལ་བར་མ་ཟད་གདེང་འཇོག་མཐོན་པོ་ཐོབ།

          ཚེ་བརྟན་རྡོ་རྗེ་ཡིས་བཤད་རྒྱུར“«ཙོང་ཁ་རྒྱལ་རབས་ཞིབ་འཇུག»དཔར་དུ་བསྐྲུན་པ་འདིས་རིག་གཞུང་ཞིབ་འཇུག་གི་སྡེ་ལ་གསོན་ཤུགས་གསར་བ་སྦྱིན་ནས་མ་འོངས་བར་ཞིབ་འཇུག་མི་སྣ་དང་ཞིབ་འཇུག་དཔྱད་འབྲས་མང་པོ་འབྱུང་རྒྱུ་རང་གི་རེ་བ་ཡིན”ཟེར།
          ཙོང་ཁ་རྒྱལ་རབས་ནི་བཙན་པོའི་རྒྱལ་རབས་འཇིགས་ནས་དུས་རབས་གཅིག་དང་ཕྱེད་ཀའི་རྗེས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་ཆགས་ལ། རྒྱལ་ས་ནི་དེང་གི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལ་བྱ། ལོ་རྒྱུས་ཀྱི་ཡིག་ཚང་རེ་རེ་ལ་བལྟས་ན། བོད་ཡིག་གི་ལོ་རྒྱུས་ཆོས་འབྱུང་དག་ལ་འདིའི་སྐོར་གྱི་ཟིན་ཐོ་རེ་འགའ་ཙམ་ལས་ཞིབ་ཕྲ་ཞིག་མི་སྣང་བས། སྐབས་དེའི་རྒྱ་ཡིག་གི་ལོ་རྒྱུས་ཡིག་རྙིང་འབའ་ཞིག་ལས་ཐར་ཐོར་དུ་གནས་པ་དག་གོང་བུ་གཅིག་ཏུ་བསྒྲིལ་ཏེ་གླེང་དགོས་བྱུང་ཟེར།

          གོང་དུ་གླེང་བ་ལྟར་བོད་ཡིག་གི་ལོ་རྒྱུས་ཆོས་འབྱུང་དག་ན་ཙོང་ཁ་རྒྱལ་རབས་སྐོར་ཚིག་ཟིན་ལ་གླེང་བ་ཙམ་ལས་ཕྱོགས་ཡོངས་རང་བཞིན་དང་མ་ལག་རང་བཞིན། འཐུས་ཚང་རང་བཞིན་བཅས་ལྡན་པའི་བྱུང་བ་བརྗོད་པ་ཞིག་མཐོང་དཀོན་ལ། ད་ལྟའང་འདིའི་སྐོར་གྱི་བོད་ཡིག་གི་དཔྱད་འབྲས་ཤིན་ཏུ་ཉུང་བས། རྒྱ་ཡིག་གི་འབྲེལ་ཡོད་ལོ་རྒྱུས་ཡིག་རྙིང་དག་ལ་གཞི་བཅོལ་དགོས་བྱུང་། ཡིན་ན་ཡང་། རྒྱ་ཡིག་ལས་འཁོད་པའང་ཐར་ཐོར་དུ་གནས་ཤིང་། དོན་གྱི་མགོ་འཇུག་མི་ཚང་ལ། བྱུང་རིམ་སྔ་ཕྱིར་འབྲེལ་མི་ཆགས་པས། སྤྱི་ཁྱབ་ཀྱི་དཔྱད་པ་བརྗོད་པར་དཀའ་ལས་ཁག་པོར་འཕྲད་འོངས། དེར་བརྟེན་བོད་རྒྱ་ཡིག་ཚང་ཟུང་དུ་འབྲེལ་བའི་རྨང་གཞིའི་སྟེང་། གཞན་དང་གཞན་ནས་ཉིང་མཚམས་སྦྱར་ཏེ། རྒྱུ་ཆ་མཐའ་དག་ལྕགས་ཀྱི་ཨ་ལོང་བཞིན་སྦྲེལ་བར་བྱ་བ་ནི་དེབ་འདི་རྩོམ་པའི་གནད་དུ་གྱུར་ཡོད།

          ཙོང་ཁ་རྒྱལ་རབས་དང་དེའི་ལོ་རྒྱུས་གོ་གནས་ཀྱི་ཐུན་མིན་རང་བཞིན་དབང་གིས་རྒྱ་ཡིག་གི་རེག་ཟིག་ཏུ་འཁོད་པའམ་ཡང་ན་ད་ལྟའི་དཔྱད་འབྲས་དག་ལས་ལོ་རྒྱུས་ཀྱི་གནད་དོན་གཅིག་ཕྱིར་སྣང་ལོག་པར་བྱས་ཡོད་ལ། ལ་ལ་ཟེར་སྒྲོས་ཙམ་གྱི་ཚུལ་དུ་སྣང་ཞིང་། ལ་ལ་འགལ་འཛོལ་དུ་སྣང་བ་དང་། ཡང་ལ་ལ་སྔ་ཕྱིར་དོན་འབྲེལ་མི་ཆགས་པས། དེ་དག་དབྱེ་ཞིབ་དང་རིགས་བསྒྲེ།ཕྱོགས་སྡོམ་བཅས་བྱས་པ་བརྒྱུད། ཡིག་ཚང་དང་ཡུལ་དངོས་རྟོག་དཔྱོད་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས་དག་ཆ་བཏོད་པ་ནི་དེབ་འདི་རྩོམ་པའི་དཀའ་གནད་དུ་གྱུར་ཡོད། གཙོ་བོ་འབྲེལ་ཡོད་ལོ་རྒྱུས་སྨྲ་བའམ་ཆེད་ལས་མཁས་པར་བློ་འདྲི་དང་བསམ་ཚུལ་བརྗེ་རེས་བྱས་པ་བརྒྱུད། རྣམ་པ་ནས་ནང་དོན་དང་། ཕྱི་ངོས་ནས་ནང་སྙིང་ལྟར་ཞིབ་འཇུག་རིམ་ཅན་པའི་ཐབས་ལམ་བཞིན་སྒྲུབ་པ་བཅས་ཀྱི་སྒོ་ནས་དེབ་འདི་བརྩམས་པ་ཡིན་ཟེར། 
རྩོམ་སྒྲིག་པ།  རིག་གྲོལ།