ནུབ་རྒྱུད་གཏེར་ལས་ཀྱི་ལས་གཞི་གཅིག་རྒྱལ་ཁབ2021ལོའི་དངོས་སྦྲེལ་དྲ་བའི་དཔེ་སྟོན་ལས་གཞིར་བདམས་པ།
སྤེལ་དུས 2022-04-25
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཟླ4པའི་ཚེས24ཉིན། གསར་འགོད་པས་ནུབ་རྒྱུད་གཏེར་ལས་མ་རྐང་ཚད་ཡོད་ཀུང་ཟི་ལས་ཤེས་གསལ་ལྟར་ན། ནུབ་རྒྱུད་གཏེར་ལས་གཤའ་རྡོ་རི་བོ་ཡན་ལག་ཀུང་ཟིའི“གློག་འཕྲུལ་རླངས་འཁོར་མི་མེད་འཁོར་བསྒྱུར5Gརིག་ནུས་འདྲེས་སྦྱོར་ལས་གཞི”བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གི2021ལོའི་དངོས་སྦྲེལ་དྲ་བའི་དཔེ་སྟོན་ལས་གཞིར་བདམས་ཤིང་། མིག་སྔར་སྤྱི་བསྒྲགས་དུས་སྐབས་སུ་སླེབས་འདུག ལས་གཞི་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བདམས་ཐོན་བྱུང་བའི་ལས་གཞི་ཁོ་ན་ཡིན་ལ། རང་ཞིང་གི་དངོས་སྦྲེལ་དྲ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།
ཤེས་གསལ་ལྟར་ན། 2021ལོའི་དངོས་སྦྲེལ་དྲ་བའི་དཔེ་སྟོན་ལས་གཞི་ནི་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་རྩ་འཛུགས་བྱས་ནས་སྤེལ། དེའི་དམིགས་ཡུལ་ནི། དངོས་སྦྲེལ་དྲ་བའི་གནད་འགག་སྲོག་ཤིང་ལག་རྩལ་གསར་གཏོད་ཐོལ་བརྒལ་ལ་དམིགས་ཏེ། ལས་རིགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་པ་དང་། ཁྱབ་སྤེལ་རིན་ཐང་ཆེ་བ། སྐུལ་ཁྲིད་ནུས་པ་ཆེ་བ། དངོས་སྦྲེལ་ལས་རིགས་ཀྱི་དཔེ་མཚོན་དུ་འཛིན་རུང་བར་བྱ་རྒྱུ་དེ་ཡིན། ད་ལོའི་དཔྱད་འདེམ་ལ་གནད་འགག་ལག་རྩལ་འགག་སྒྲོལ་རིགས་དང་འདྲེས་སྦྱོར་བེད་སྤྱོད་གསར་གཏོད་རིགས་གཉིས་སུ་བཀར་ཡོད།
“གློག་འཕྲུལ་རླངས་འཁོར་མི་མེད་འཁོར་བསྒྱུར5Gརིག་ནུས་འདྲེས་སྦྱོར་ལས་གཞི”ནི་གཤའ་རྡོ་རི་བོའི་ཡན་ལག་ཀུང་ཟིའི་རིག་ནུས་གཏེར་རི་འཛུགས་སྐྲུན་ལས་གཞི་ཁྲོད་ཀྱི་དོན་ཚན་གཅིག་ཡིན་ལ། འདྲེས་སྦྱོར་བེད་སྤྱོད་གསར་གཏོད་རིགས་སུ་གཏོགས། ལས་གཞི་ཡིས་མིག་སྔར་གྱིWLANབརྡ་རྟགས་ལ་དུས་འགྱངས་ཆེ་བ་དང་ཐགས་ཞེང་དམའ་བ། ཁེབས་རྒྱ་ཆུང་བ། APབར་གྱི་བརྡ་རྟགས་བརྟན་བརླིང་རང་བཞིན་ཞན་པ་བཅས་ཀྱི་གནད་དོན་ཐག་བཅད་པ་བརྒྱུད། 5Gལག་རྩལ་སྤྱད་ནས་འཕྲིན་གཏོང་མ་ལག་རིམ་སྤོར་བྱས། 5Gབརྡ་རྟགས་སྤྱོད་པ་དེ་རིམ་བཞིནWLANབརྡ་རྟགས་ཀྱི་ཚབ་བྱས་ཏེ། མི་མེད་འཁོར་བསྒྱུར་གློག་འཕྲུལ་རླངས་འཁོར་རང་འགུལ་འཁོར་བསྒྱུར་ཚོད་འཛིན་འཕྲིན་གཏོང་མ་ལག་གི་དུས་འགྱངས་དང་། བརྟན་བརླིང་རང་བཞིན། བརྙན་རིས་ཕྱིར་བསྐྱལ་གསལ་ཚད་སོགས་གནད་འགག་དམིགས་ཚད་མཐོར་བཏེགས་པར་མ་ཟད། ཐོན་སྐྱེད་ནུས་ཕྱོད་མུ་མཐུད་དུ་མཐོར་བཏེགས། །