ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱིས་གནམ་གྲུས་ཆར་ཕབ་ནས་ཐན་པ་འགོག་པར་རོགས་རམ་བྱས་ཏེ་དཔྱིད་རྨོ་བྱ་བར་འགན་ལེན་བྱས།

སྤེལ་དུས 2022-04-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ནུབ་ནས་ཤར་ཏུ་ཆར་པ་འབབ་པའི་གནམ་གཤིས་མངོན་པས། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྡེ་ཁག་གིས་དོན་དངོས་ལ་གཞིགས་ནས་ཆར་ཕབ་པའི་དགོས་མཁོ་གཞིར་བཟུང་སྟེ། ཇུས་འགོད་གནད་འཁེལ་བྱས་ཏེ། གོ་སྐབས་དམ་འཛིན་གྱིས་གནམ་གྲུས་ཆར་ཕབ་པའི་ལས་དོན་སྤེལ་བ་དང་། ལས་དོན་སྤེལ་རྗེས་ལས་དོན་སྤེལ་ཁུལ་དང་ཤུགས་རྐྱེན་ཁུལ་དུ་ཆར་བབས་པའི་གནམ་གཤིས་མངོན།
  ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དཔྱད་གཞིའི་ཡིག་ཆ་ལྟར་ན། ཟླ4པའི་ཚེས23ཉིན་བར། མཚོ་སྔོན་ཞིང་ཆེན་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་དུ་བསྟུད་མར་ཉིན63ཆར་པ་མ་བབས་པ་དང་། ཞིང་ལས་ས་ཁུལ་གྱི་ས་རྒྱུའི་བརླན་གཤེར་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས15ཡིས་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། ཆ་སྙོམས་ས་སྐམ་པའི་མཐུག་ཚད་ལི་སྨི6ཟིན་པས། དེ་ལོ་སྔོན་མའི་དུས་མཚུངས་ལས་ལི་སྨི1ནས3བར་ཇེ་མང་དུ་ཕྱིན་ནས། ས་ཁུལ་ཁག་གཅིག་ཏུ་ས་རྒྱུ་སྐམ་ཤས་ཆེ་བའི་སྣང་ཚུལ་ཐོན་ཡོད། ད་ཐེངས་ཆར་པ་བབས་པའི་བརྒྱུད་རིམ་ཁྲོད་ཤར་ཕྱོགས་ཞིང་ལས་ས་ཁུལ་གྱི་ཐན་སྐྱོན་ནུས་པ་ཐོན་ནས་དཔྱིད་རྨོ་བར་བརླན་འཛིན་པ་དང་། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ། རྩྭ་ཐང་དང་ནགས་ཚལ་གྱི་མེ་སྐྱོན་ཉེན་ཁ་ཇེ་ཉུང་དུ་ཕྱིན་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང་ཆབས་ཅིག་ས་རྒྱུའི་བརླན་བཟུང་ཚད་ཆེ་རུ་ཕྱིན་པར་བརྟེན། ས་གནས་དེ་གའི་བྱེ་རྡུལ་གནམ་གཤིས་མངོན་པར་ནུས་པ་ལྡན་པའི་བཀག་འགོག་ཐུབ་པ་བྱས་ཡོད།
  ཐན་འགོག་གནོད་འཚེ་ཉུང་གཏོང་དང་སྐྱེ་ཁམས་སླར་གསོའི་བྱ་བའི་དགོས་མཁོ་གཞིར་བཟུང་། ད་ཐེངས་ཀྱི་བརྒྱུད་རིམ་ནང་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཁག་གིས་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོའི་རྒྱལ་པོ350རྟགས་ཅན་གྱི་གནམ་གྲུ་ཙོང་ཆུའི་གྲོག་རོང་ཐན་འགོག་དང་གནོད་འཚེ་ཉུང་གཏོང་འགན་ལེན་ཁུལ་དང་། མདོ་ལ་རི་བོའི་ཆུ་མགོ་གསོག་བསྐྱིལ་ཁོངས་ས་ཁུལ། མཚོ་སྔོན་པོའི་ཆུ་མགོ་གསོག་བསྐྱིལ་འགན་ལེན་ཁུལ་དང་རྨ་ཆུའི་གྲོག་རོང་ཐན་འགོག་དང་གནོད་འཚེ་ཉུང་གཏོང་འགན་ལེན་ཁུལ་བཅས་སུ་གནམ་གྲུ་ཇེ་མང་དུ་བཏང་ནས། ཆུ་ཚོད5དང་སྐར་མ15ལ་འཕུར་བ་དང་འཕུར་སྐྱོད་ལམ་ཐག་སྤྱི་ལེ1799ཟིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ལས་དོན་སྒྲུབ་རྗེས་ལས་དོན་སྒྲུབ་ཁུལ་དང་ཤུགས་རྐྱེན་ཐེབས་ཁུལ་དུ་ཆར་པ་ཆེན་པོ་བབས་པ་དང་། དེའི་ནང་ཤར་ཕྱོགས་ཀྱི་ཞིང་ལས་ས་ཁུལ་གྱི་ཆར་ཆུ་བབས་པའི་ལྟེ་གནས་ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་ཁུལ་ཡིན་པ་དང་། ཆར་ཆུ་འབབ་ཚད་ཧའོ་སྨི12.5ལ་སླེབས་ཤིང་། འདི་ནི་ད་ལོའི་ཆར་བ་འབབ་ཐེངས་དང་པོ་ཡིན། །