ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་མགོ་ལོག་གིས་རྨ་ཆུ་རིག་གནས་དང་གེ་སར་རིག་གནས་ཟུང་སྦྲེལ་སྒོས་རྨ་ཆུ་རིག་གནས་ཁྱམས་རིང་བསྐྲུན་རྒྱུ་ཡིན་པ།

སྤེལ་དུས 2022-04-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཉེ་ཆར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས“ང་ཚོས་རྨ་ཆུ་རིག་གནས་ཀྱིས་བསྐྲུན་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། མགོ་ལོག་རིག་གནས་དང་འཚམ་པའི་འབྲེལ་གནས་བཙལ་ཏེ། རྨ་ཆུ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་རྒྱལ་ཡོངས་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་གཉིས་མཉམ་དུ་སྦྲེལ་ནས། ཕན་ཚུན་ཟུང་སྦྲེལ་སྒོས་རྨ་ཆུ་རིག་གནས་ཁྱམས་རིང་བསྐྲུན་དགོས”ཞེས་བཤད།
  མགོ་ལོག་ཁུལ་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བོའི་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཉེ་ཆར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཏུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཞའོ་ཅུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་ནི་གཙང་གསུམ་འགོ་ཁུངས་དང་རྨ་ཆུའི་ཆུ་འགོར་གནས་ཡོད། དྭངས་ཤིང་གཙང་པའི་རྨ་ཆུའི་འགོ་ཁོངས་ནི་རྨ་སྟོད་རྫོང་དུ་ཡོད་ཅིང་། རྨ་ཆུའི་བཞུར་རྒྱུན་དེ་མགོ་ལོག་ཁུལ་གྱི་རྫོང་ལྔའི་སྤྱི་ལེ760ལྷག་ཙམ་བརྒྱུད་པ་དང་། དེའི་རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ། རྩྭ་ཐང་ཡངས་ཤིང་རྒྱ་ཆེ་བ། གྲོག་རོང་གཡང་གཟར་ཆེ་བ་བཅས་ཡིན་ལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་སྐྱེ་ཁམས་ནུས་པའི་ཁུལ་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཏུ་གྱུར་ཡོད།
  གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དེ་སྤྱི་ལོ2014ལོའི་ཟླ7པར་ཆོག་མཆན་ཐོབ་ནས་བཙུགས་པ་དང་། སྤྱི་ལོ2016ལོའི་ཟླ12པར་ཀྲུང་གོ་རིག་གནས་པུའུ་ཡིས《〈གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་སྤྱིའི་འཆར་འགོད〉ལག་བསྟར་བྱ་རྒྱུར་མོས་མཐུན་སྐོར་གྱི་འཕྲིན་ལན》པར་འགྲེམས་བྱས་པ་དེས་ཀྲུང་གོའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གཅིག་པུ་དེ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་མཚོན་ཡོད།
  “རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ལྟ་བུ་ཡིན། ང་ཚོས་རྨ་ཆུ་རིག་གནས་ཀྱིས་བསྐྲུན་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ། མགོ་ལོག་རིག་གནས་དང་འཚམ་པའི་འབྲེལ་གནས་བཙལ་ཏེ། མ་གཞི་མི་བརྗེད་པ་དང་། ཕྱི་ཡོང་དང་ལེན་བྱེད་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་ཀྱིས་མགོ་ལོག་གི་ཁྱད་ཆོས་ལྡན་པའི་རྨ་ཆུའི་རིག་གནས་གསར་གཏོད་བྱེད་པ་དང་། ‘རྨ་ཆུའི་གཏམ་རྒྱུད’ཡག་པོ་བཤད་པ། རིག་གནས་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ་རྨ་ཆུ་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་རྒྱལ་ཡོངས་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་གཉིས་མཉམ་དུ་སྦྲེལ་ནས། ཕན་ཚུན་ཟུང་སྦྲེལ་སྒོས་རྨ་ཆུ་རིག་གནས་ཁྱམས་རིང་བསྐྲུན་དགོས། 《རྨ་ཆུ་ནས་འབྲི་ཆུའི་བར》གྱི་སྐོར་བསྐྱོད་འཁྲབ་སྟོན་ལ་ཤུགས་མནན་ནས། སྤུས་དག་གི་རིག་གནས་བརྩམས་ཆོས་མང་པོ་གསར་གཏོད་དང་། ཕྱི་སྒྲོག་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།” ཀྲང་ཞའོ་ཅུན་གྱིས་དེ་དང་ཆབས་ཅིག་ཏུ། རྨ་ཆུའི་རིག་གནས་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་རྡལ་གསར་པ་ཅན་ལག་བསྟར་ཡག་པོ་བྱས་ཏེ། རྨ་སྟོད་དང་། དར་ལག དགའ་བདེ། རྨ་ཆེན། གཅིག་སྒྲིལ་སོགས་རྨ་ཆུའི་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་དག་རྨ་ཆུའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཁྱད་ལྡན་གྲོང་རྡལ་དུ་འཛུགས་སྐྲུན་བྱས་ནས། དུས་རབས་གསར་པའི་མགོ་ལོག་གསར་པ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་ཆེད་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་བཤད་པ་རེད།  
  ཀྲང་ཞའོ་ཅུན་གྱིས་བསྟན་དོན། རྨ་ཆུའི་རྒྱུག་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རང་བྱུང་སྐྱེ་ཁམས་དང་། གསར་བརྗེའི་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱེད་པ་དང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དང་། རྨ་ཆུའི་རིག་གནས། གསར་བརྗེའི་རིག་གནས། གེ་སར་རིག་གནས་བཅས་གཞི་གཅིག་ཏུ་འགྱུར་བའི་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་མཉམ་འདྲེས་ཐད་བསམ་ཕྱོགས་གསར་གཏོད་བྱེད་དགོས་ཤིང་། ཧུར་ཐག་སྒོས་སྐྱེ་ཁམས་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། ཆུ་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། །