ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་སྔོན་བའི་ཆ་སྙོམས་ཚེ་ཚད་ཇེ་རིང་དུ་ཕྱིན་པ།

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་མཇུག་འབྲས་ཀྱི་སྔོན་དཔག་ལ་གཞིགས་ན། སྤྱི་ལོ་2020ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་73.96ལ་སླེབས་པ་དང་། སྤྱི་ལོ་2010ལོ་དང་བསྡུར་ན་ལོ་4རིང་དུ་ཕྱིན་ཡོད་པ་རེད།
  བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་སྔར་བས་མཐོ་བ།
  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲོད་སྐྱེས་པའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་71.72དང་། བུད་མེད་ཀྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་76.43ཟིན་་པ་དེ་སྤྱི་ལོ་2010ལོ་དང་བསྡུར་ན། ཁག་སོ་སོར་ལོ་3.61དང་4.36རིང་དུ་ཕྱིན་ནས་བུད་མེད་ནི་སྐྱེས་པའི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལས་མཐོ་བ་ཡོད་པ་རེད། དབྱེ་ཞིབ་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་རིང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། སྨན་བཅོས་འཕྲོད་བསྟེན་འགན་ལེན་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་སོགས་ཡིན་པ་རེད། 
  ཟི་ལིང་གྲོང་ཁྱེར་གྱི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་77.45ཟིན་པ།
  ཟི་ལིང་གྲོང་ཁྱེར་གྱི་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་77.45ཟིན་གྱི་ཡོད་ཅིང་། གྲོང་ཁྱེར་དང་ཁུལ་དབྱེ་ནས་བལྟས་ན། སྤྱི་ལོ་2020ལོར་རྒྱུན་སྡོད་མི་འབོར་གྱི་ཆ་སྙོམས་སྔོན་དཔག་ཚེ་ཚད་རིང་བ་ནས་ཐུང་བའི་རིམ་པ་ནི། ཟི་ལིང་གྲོང་ཁྱེར་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་77.45ཡིན་པ་དང་། མཚོ་ནུབ་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་74.54དང་། མཚོ་ཤར་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་74.46 མཚོ་ལྷོ་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་72.67 རྨ་ལྷོ་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་72.54 མཚོ་བྱང་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་72.24 ཡུས་ཧྲུའུ་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་69.78 མགོ་ལོག་ཁུལ་གྱི་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་68.18བཅས་ཡིན་པ་རེད། སྤྱི་ལོ་2010ལོ་དང་བསྡུར་ན་ཁག་སོ་སོར་ལོ་2.97དང་། ལོ་3.96 ལོ་1.85 ལོ་3.08 ལོ་2.99 ལོ་1.83 ལོ་5.37 ལོ་1.98བཅས་རིང་དུ་ཕྱིན་ཡོད་པ་རེད།