ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

རྔ་བ་ཁུལ་གྱིས་རྒྱལ་སྤྱིའི་རི་ཁུལ་གྱི་ཕྱི་རོལ་ལུས་རྩལ་ཡུལ་སྐོར་བྱ་ཡུལ་བཏོད་པ།

སྤེལ་དུས 2022-05-23 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
   ཉེ་བའི་ལོ་འགའི་རིང་། རྔ་བ་ཁུལ་གྱིས་སྐུ་བླ་གཞི་བདག་རི་བོར་བརྟེན་ནས་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་བཏོད་པ་དང་། ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། མདོ་ཁམས་དང་ཡུལ་སྐོར་མཉམ་འདྲེས། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བཅས་ཐབས་ལམ་དུ་བྱས་ནས“ས་མཐོའི་མི་རིགས་ས་ཁུལ་གྱི་སྐྱེ་ཁམས་དཔལ་འབྱོར་རྣམ་པ་གསར་པ”འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྒྱལ་སྤྱིའི་རི་ཁུལ་ཕྱི་རོལ་ལུས་རྩལ་གྱི་ཡུལ་སྐོར་བྱ་ཡུལ་ཧུར་ཐག་གིས་བཏོད་པ་རེད།
  རི་ཁུལ་གྱི་ཕྱི་རོལ་ཐོན་ལས་སྐྱེད་སྲིང་བྱས་པ། ཐུན་མོང་མ་ཡིན་པའི་རི་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་རྒྱལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་དང་པོའི་ཕྱི་རོལ་བྱ་འགུལ་དོ་དམ་སྒྲིག་གཞི་བཙུགས་པ་དང་། སྐུ་བླ་གཞི་བདག་རི་བོའི་ཕྱི་རོལ་གྱི་དངོས་མང་བཤམས་སྟོན་ཁང་བསྐྲུན་པ། དྲ་ཐོག་གི་ཕྱིའི་དོ་དམ་མ་ལག་སྤྱོད་མགོ་ཚུགས་པ། སྐུ་བླ་གཞི་བདག་རི་བོའི་ཕྱི་རོལ་གྱི་ཡུལ་སྐོར་གསོ་སྦྱོང་མ་ལག་བསྐྲུན་པ་བཅས་བྱས་པ་རེད། གཞན་ཡང་། “ཟླ་གཅིག་ལ་འགྲན་བསྡུར་གཅིག་དང་དུས་ཚིགས་གཅིག་ལ་བརྗོད་དོན་གཙོ་བོ་གཅིག”བཅས་ཀྱི་མི་ཁྲིའི་མཉམ་སྤྱོད་ཀྱི་ཕྱི་རོལ་བྱ་འགུལ་བརྗོད་དོན་གཙོ་བོར་བྱས་ནས“སྐུ་བླ་གཞི་བདག་རི་བོའི་རྒྱལ་སྤྱིའི་གངས་འཛེག་དུས་ཆེན”དང“སྐུ་བླ་གཞི་བདག་རི་བོའི་རྒྱལ་སྤྱིའི་རི་འཛེག་དུས་ཆེན”སོགས་ཀྱི་འགྲན་བསྡུར་བྱ་འགུལ་དུས་ལྟར་གཉེར་བ་རེད། མིག་སྔར། སྐུ་བླ་གཞི་བདག་རི་བོའི་གྲོང་རྡལ་གྱིས་ཕྱི་རོལ་གྱི་ལས་ཞུགས་སྒྲིག་གཞི34བཙུགས་པ་དང་། ལག་ཁྱེར་ཡོད་པའི་ས་མཐོའི་ལམ་སྣེ་འཁྲིད་མཁན194གསོ་སྐྱོང་བྱས་ཤིང་། ས་གནས་ཀྱི་མང་ཚོགས་ཀྱི་ལས་ཞུགས་ལས་གནས900ལས་བརྒལ་ནས། ཕྱི་རོལ་ཐོན་ལས་ཀྱིས་ལོ་རེར་ས་གནས་མང་ཚོགས་ལ་དཔལ་འབྱོར་ཕན་འབྲས་སྒོར་ཁྲི5000ལྷག་བསྐྲུན་ཡོད།
  སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་པ། མ་དངུལ་སྒོར་དུང་ཕྱུར3ཙམ་བཏང་ནས་འོག་གཞི་སྐུ་བླ་རིག་གནས་ཡུལ་སྐོར་གྲོང་བསྐྲུན་ཏེ་གླུ་གར་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན། དམངས་སྲོལ་ཉར་ཚགས། ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་འགྲེམས་འཁྲབ་འགྲེམས་ཚོང་སོགས་ཀྱི་རྣམ་པ་བརྒྱུད། ས་གནས་རྒྱལ་རོང་གི་ཁྱད་ལྡན་རིག་གནས་དང་ལོ་རྒྱུས་རིག་གནས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཁྲོན་ནུབ་ས་མཐོའི“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གྲོང་ཁྱེར་དང་པོ”བཏོད་པ་རེད། རྒྱལ་རོང་རིག་གནས་འགྲེམས་སྟོན་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཨ་ལའེ་དཔེ་ཁང་དང་རང་བྱུང་དངོས་མང་བཤམས་སྟོན་ཁང་བཙུགས་པ་དང་། རྒྱལ་ནང་གི“སྐྱེ་ཁམས་བརྗོད་དོན་གཙོ་བོའི་རི་སྐོར་ཚོགས་འདུ”ཐོག་མ་འཚོགས་ནས་རྒྱལ་རོང་བོད་རིགས་ཀྱི་གནའ་སྔ་མོ་དང་གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གཅིག་སྡུད་ཐོག་མངོན་པ་དང་། ཡུལ་སྐོར་བ་དེའི་ནང་ཞུགས་ཚད་དང་མྱོང་ཚོར་ཆེ་རུ་ཕྱིན་ཡོད།
  སྐྱེ་ཁམས་ཀྱི་ཚུལ་སྒྱུར་འཕེལ་རྒྱས་མངོན་འགྱུར་བྱས་པ། མཛེས་ལྗོངས་ཁུལ་དང་གྲོང་རྡལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་བཅོས་སྒྲིག་དང་། སྔོ་ཁེབས་སླར་གསོ། ས་གཤིས་གནོད་འཚེ་ཡིས་གཏོར་སྐྱོན་བཏང་བའི་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོ་སོགས་ཀྱི་འགུལ་སྤྱོད་སྤེལ་ནས་ལྟེ་བའི་ཐོན་རྫས་དེ“སྲོལ་རྒྱུན་གྱི་ལྟ་སྐོར”ནས“རི་ཁུལ་དང་ཕྱི་རོལ་དུ”སྒྱུར་ཞིང་། ཡུལ་སྐོར་བྱེད་སྟངས“ཉམས་ལེན་གཏིང་ཟབ”དུ་སྒྱུར་ཡོད། དཔལ་འབྱོར་ཡོང་འབབ“སྒོ་འཛིན་དཔལ་འབྱོར”ནས“མཉམ་འགུལ་དཔལ་འབྱོར”གྱི་སྤུས་ཚད་དུ་སྒྱུར་ཞིང་། མང་ཚོགས་ཀྱི་སྣེ་ཁྲིད་དེ“སྣེ་ལེན་ཞབས་ཞུ”ནས“རྩལ་ནུས་ཞབས་ཞུ”བར་བསྒྱུར་ནས་ཡུལ་སྐོར་ཕན་འབྲས“མིག་རྒྱང་ཐུང་བའི་ཉོ་ཚོང”ནས“སྤུས་རྟགས་ཀྱི་སྤུས་ཚད”དུ་བསྒྱུར་བ་རེད། །