ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

ལོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104འཕར་བ།

སྤེལ་དུས 2022-06-28 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

འདི་ནི་རི་སྐྱེས་སྲོག་ཆགས་རྐྱང་ཚོགས་རེད།

འདི་ནི་རྨ་ཆུའི་འབྱུང་ཡུལ་རེད།
         མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྫོང་དཔོན་གཞོན་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་འབྱུང་ཡུལ་དོ་དམ་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པའམ་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཀན་ཞུའེ་པིན་གྱིས་ཚེས24ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་ལྟར་ན། ལོ་བཅུའི་རིང་རྨ་ཆུའི་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་མཚེའུ་ཡི་གྲངས་འབོར་སྔོན་ཆད་ཀྱི4077ནས5849བར་ཇེ་མང་དུ་ཕྱིན་པ་དང་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104འཕར་ཡོད་ཟེར།
         གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་སུ་ཆགས་པའི་མགོ་ལོག་ཁུལ་ནི་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་དུ་ཡོད་པ་དང་། དེ་ནི་ཁྲ་ལ་རི་བོ་བྱང་རྒྱུད་ཀྱི་རྨ་ཆུའི་འབྱུང་ཡུལ་དུ་གནས་པས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གལ་ཆེན་དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་གྲུབ་ཆ་གཙོ་བོ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡང་རེད། དེའི་ནང་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རྫོང་གྲོང་དང་པོ་ཡིན་པའི་ཆ་ནས་མི་འབོར་ཧ་ཅང་ཉུང་ལ། ས་བབ་སྨི4000ལྷག་ཟིན་ཡོད་པ་དང་། གསོ་རླུང་འདུས་ཚད17%ལས་མེད་ཅིང་། རྨ་ཆུའི་འབྱུང་ཡུལ་ཡང་ཡིན།
         ཀན་ཞུའེ་པིན་གྱིས་ངོ་སྤྲོད་ལྟར་ན། ལོ་བཅུའི་རིང་མགོ་ལོག་ཁུལ་གྱིས་རི་ཆུ་དང་ནགས་ཚལ། རྩྭ་ཐང་། མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་གི་བླང་བྱར་གཞིགས་ནས། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར11.69བཏང་བའི་སྐྱེ་ཁམས་སྲུང་སྐྱོང་གི་རྨང་གཞིའི་སྒྲིག་བཀོད་དང་གཙང་གསུམ་འབྱུང་ཡུལ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས། ཕྱུགས་སྐྱུར་རྩྭ་གསོ། མིས་ཐབས་ཀྱིས་ཞན་འགྱུར་རྩྭ་ཐང་ཉམས་གསོ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་གྲངས་སོགས་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་དག་སྤྱི་འདོམས་ལག་བསྟར་བྱས་ཏེ། བསྡོམས་པས་ས་ནག་གྲམ་ཐང་མུའུ་ཁྲི67བཅོས་སྐྱོང་བྱས་པ་དང་། ཞན་གྱུར་རྩྭ་ཐང་མུའུ་ཁྲི38གསབ་འདེབས་དང་ཞན་གྱུར་རྩྭ་ཐང་མུའུ་ཁྲི49.45ལེགས་བཅོས་བྱས་ལ། བྱེ་འགྱུར་རྩྭ་ས་མུའུ་ཁྲི48.65འགོག་བཅོས་བྱས་ཤིང་། གཙོ་གནད་བརླན་ས་མུའུ་ཁྲི26.79ལ་སྲུང་སྐྱོང་དང་མུའུ་ཁྲི835ཡི་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བཅས་བྱས་པ་རེད།
         “དེའི་ནང་རྨ་ཆུའི་འབྱུང་ཡུལ་གྱི་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས་ཀྱི་རྒྱ་ཁྱོན2015ལོ་དང་བསྡུར་ན་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུ་བཞི་མ1117.4ཆེ་རུ་ཕྱིན་ནས། རྨ་ཆུའི་འབྱུང་ཡུལ་དུ་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་པ་རེད། དེ་དང་ཆབས་ཅིག་རྨ་ཆུའི་འབྱུང་ཡུལ་གྱི་ཆུ་ཁུངས་གསོ་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། མཚེའུ་ཡི་གྲངས་འབོར་སྔོན་ཆད་ཀྱི4077ནས་ད་ལྟའི5849བར་ཇེ་མང་དུ་ཕྱིན་པ་དང་། བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104འཕར་ཞིང་། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད56.3%ཟིན་པ་རེད། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སྔོན་ཆད་ཀྱི་ཚན་པ17དང་ཁག29ཀྱི་རིགས79ནས། ཚན་པ21དང་ཁག46གི་རིགས206བར་ཇེ་མང་དུ་ཕྱིན་པ་དང་། ལྷག་པར་དུ་རྐྱང་དང་དགོ་བ་སོགས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་གྱིས་མང་དུ་ཕྱིན་ཡོད”ཅེས་ཀན་ཞུའེ་པིན་གྱིས་བཤད།
         དེ་དང་ཆབས་ཅིག མགོ་ལོག་ཁུལ་གྱིས་གནད་སྨིན་དབུལ་ཐར་དང་ཟུང་འབྲེལ་གྱིས“དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ། ས་གནས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ3142ལས་གནས་ཐོག་བསྐྱོད་དེ་ལོ་རེར་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི2.16མངོན་འགྱུར་བྱུང་བ་དང་། འབྲོག་པ་ཚོ་རིམ་བཞིན་རྩྭ་ཐང་བེད་སྤྱོད་མཁན་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བ་ཞིག་ཏུ་གྱུར་ཏེ་སྐྱེ་ཁམས་སྲུང་སྐྱོང་གི“གཙོ་ཤུགས་དམག”ཏུ་གྱུར་ཡོད།
         ཀན་ཞུའེ་པིན་གྱིས། མ་འོངས་པར། མགོ་ལོག་ཁུལ་གྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གཏོད་རྒྱུ”དམིགས་ཡུལ་དུ་བཟུང་ནས། འཕེལ་རྒྱས་དང་སྲུང་སྐྱོང་བར་གྱི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། རང་བྱུང་ཐོན་ཁུངས་བེད་སྤྱོད་ལམ་ལུགས་གསར་གཏོད་བྱེད་པ། སྐྱེ་ཁམས་ཐོན་རྫས་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་རོལ་མྱོང་དང་སྐྱེ་ཁམས་འབྲོག་ལས། ལེགས་ཆའི་ཐོན་ཁུངས་གསར་སྤེལ་སོགས་ལྗང་མདོག་འཕེལ་རྒྱས་ཐོན་ལས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་བྱེད་པར་འཚོལ་ཞིབ་དང་སྐུལ་འདེད་བཏང་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཀྱི་གཟན་རྩྭའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚོད་ལྟའི་ཁུལ་གྱི་ཚོད་ལྟའི་ལས་དོན་ཡག་པོར་སྤེལ་ནས། སྐྱེ་ཁམས་ཐོན་ཁུངས་དེ་སྐྱེ་ཁམས་རྒྱུ་ནོར་ཕྱོགས་སུ་སྒྱུར་པ་མངོན་འགྱུར་བྱ་རྒྱུ་ཡིན་ཟེར།  །