ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

དངོས་སྒྲུབ་དོན་གཉེར་གྱིས་འགག་སྒྲོལ་དཀའ་སེལ་བྱས།

སྤེལ་དུས 2017-12-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་སྟོབས་ལགས།
---བོད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྐོར་གྱི་སྒྲིལ་གླེང་།
          འདི་ལོའི་ཟླ་6ཚེས་23ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་དོན། མིག་སྔར། རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་མཁྲེགས་སར་གཏུག་ཕོད་པ་དང་བཙན་འགག་གཏོར་བའི་མཐའ་མའི་གདོང་མཆོང་དུས་སུ་སླེབས་ཡོད་པས། དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་གཙོ་བོ་ནི་ཤིན་ཏུ་དབུལ་བའི་ས་ཁུལ་ཡིན་པ་རེད།
          གང་དག་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཏོགས་སམ་ཞེ་ན། རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ན། ཤིན་ཏུ་དབུལ་བའི་ས་ཁུལ་གཙོ་བོ་བོད་ལྗོངས་དང་། སི་ཁྲོན་བོད་རིགས་ས་ཁུལ། ནན་ཅང་གི་ས་ཁུལ་དང་ཀྲོའུ་བཞི། སི་ཁྲོན་ལེང་ཧྲན། ཡུན་ནན་རྒྱ་མོ་རྔུལ་ཆུ་རྒྱུག་ཁུལ། ཀན་སུའུ་ཉིང་ཞ་སོགས་ས་ཁུལ་བཅས་དང་འབྲེལ་བ་ཡོད། བོད་ནི་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ལྗོངས་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་ཁྱོན་ཡོངས་རང་བཞིན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་ཡིན་པ་དེར་དབུལ་པོ་རྒྱ་ཆེ་བ་དང་། དབུལ་པོའི་ཚད་གཞི་ཚབས་ཆེ་བ། དབུལ་པོའི་མ་གནས་མཐོ་བ། དཀའ་གནད་ཆེ་བ། ལས་འགན་ལྕི་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད།
          ཟླ་11པའི་ཟླ་མཇུག་ནས་ཟླ་12པའི་ཟླ་སྟོད་བར་འདི་ག་ཚགས་པར་གྱི་གསར་འགོད་པས“ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་བཅར་འདྲི་རྟོག་ཞིབ་ཏུ་སྐྱོད་པའི”བཅར་འདྲི་ཚོགས་ཆུང་དང་མཉམ་དུ་ནག་ཆུ་ས་ཁུལ་དང་། ཆབ་མདོ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར་བཅས་སུ་མུ་སྦྲེལ་རྩད་ཞིབ་བཅར་འདྲིར་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་འགྱུར་ལྡོག་དང་འཕེལ་རྒྱས་ལ་བལྟས་ཏེ། བོད་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཆ་ཤས་ཇི་ལྟར་བྱས་ནས་ཤིན་ཏུ་དབུལ་བ་ལས་འགག་སྒྲོལ་བྱེད་དགོས་མིན་ལ་རྩད་ཞིབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྣེ་ཁྲིད་བྱས་པ་ཡིན།
          ཡུལ་གཞན་དུ་གནས་སྤོས་ཀྱིས“སྤྲང་ཚང་ལས་སྤོས་ནས”བདེ་སྡོད་ལས་བརྩོན་གྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།
          འདི་ལོ་ལོ་66ལ་སླེབས་པའི་བོད་རིགས་རྒན་རྒོན་ལེགས་སྤེན་ནི་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་དང་ད་བར་མེས་པོས་བཞག་པའི་གྲོང་ཚོའི་ནང་གི་ཁང་པ་རྙིང་པར་སྡོད་ཀྱི་ཡོད། འཕྲེད་རྒྱུག་རི་རྒྱུད་ཀྱི་འབྲི་ཆུའི་ནུབ་ངོགས་སུ་གནས་པའི་ཕྱ་གཡག་གྲོང་ཚོ་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་ཡིན་པ་དང་མི་རེར་ཆ་སྙོམས་རྨོ་ཞིང་མུའུ་0.84ཡོད་པ་ལས་90%ཐུར་གཟར་ཚད་ཏུའུ་25ཡན་དུ་ཡོད། མཐོ་གྲང་གི་གྲོག་རོང་རི་ཁུལ་དུ་གནས་པས་ས་བབ་གཡང་གཟར་ལ་ཁོད་སྙོམས་པོ་མེད་པར། ཡུན་རིང་ནང་ཕྱ་གཡག་གྲོང་ཚོའི་གྲོང་མི་ཚོ་སའི་གྱང་གི་འོག་ཁང་ལ་ནོར་ལུག་དང་། ཐོག་རྩེགས་གཉིས་པ་གསུམ་པར་མི་སྡོད་པ། ཐོག་སྟེང་དུ་གྱོན་གོས་དང་ཟ་འབྲུ་སྐམ་པ། མཐོ་ཚད་སྨི་བཅུ་གྲངས་འགའི་གཡང་གཟར་བའི་རི་ལྡེབས་ཀྱི“བཙན་རྫོང”དུ་ཁ་ཐོར་ངང་སྡོད་ཀྱི་ཡོད་པ་རེད།
          ཆབ་མདོའི“ས་ངན”དོ་དམ་ཨུ་ལྷན་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ། བྱང་གསུམ་ཤང་གི་ཏང་ཨུད་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་དོན། “ས་ངན”གྱི་རང་བྱུང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པ་དང་། བསམ་བློ་གུ་དོགས་པ། དཔལ་འབྱོར་རྗེས་ལུས་བཅས་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་མང་ཚོགས་གཅིག་ཀྱང་མི་ལུས་པར་བྱེད་དགོས་ན། གནས་སྤོ་འབའ་ཞིག་ལ་བརྟེན་ཚེ་དབུལ་པོར་གྱུར་པའི་རྩ་བ་དྲུངས་ནས་བཅད་ན་གཞི་ནས་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ།
དེར་བརྟེན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ས་ངན”ཡུག་ཁུལ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུའི་ཐག་བཅད་པ་རེད། མིག་སྔར་ཡུག་ཁུལ་ཧྲིལ་པོ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་དོན་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད།
          ཞེ་གཞུང་ཤང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། གསར་འགོད་པ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཞེ་གཞུང་ཤང་ལྷ་མཐོང་གྲོང་ཚོར་འབྱོར་སྐབས། རྩིག་པ་དཀར་ལ་ཐོག་ཁེབས་དམར་བའི་དེང་རབས“བོད་ལུགས་སྡོད་ཁང་གསར་པ”མང་པོ་རི་བོའི་འདབས་སུ་གྲལ་འགྲིག་པོས་བསྐྲུན་ཡོད་པ་མཐོང་བ་རེད།
          ལྷ་མཐོང་གྲོང་ཚོའི་དུད་ཚང་དབུལ་པོ་ནོར་བུ་དཔའ་ཐར་ཁྱིམ་ལ་ད་ཆ་སྨི་ངོས་གྲུ་120ལྷག་ཡོད་པའི་བོད་ལུགས་སྡོད་ཁང་ཡོད་པ་མ་ཟད། སྟེང་ཆེན་རྫོང་ཞིང་ལས་སྣོད་བཅུད་ཐོན་ལས་གླིང་ནས་གཏན་འཁེལ་གྱིས་ལས་ཀ་ཞིག་ཀྱང་རག་ཡོད་པས་ཁོང་གི་གདོང་ལ་དགའ་བའི་འཛུམ་གྱིས་བཞད།
ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་འཆར་འགོད》དང《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་དོ་དམ་སྐོར་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》པར་འགྲེམས་བྱས་ནས། མང་ཚོགས་ཀྱི་རེ་འདོད་གང་ལེགས་སྐོང་བའི་སྔོན་འགྲོའི་འོག་གནས་སྤོ་དང་ཐོན་ལས་གཉིས་དང་། བདེ་སྡོད་དང་ལས་བརྩོན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་པའི་ཐོག གནས་སྤོས་དབུལ་སྐྱོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན། ཐོན་ལས་གསར་སྤེལ། ལས་ཞུགས། སྨན་བཅོས། སློབ་གསོ་སོགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་གཅིག་གྱུར་ཟུང་འབྲེལ་བྱས་པ་དང་། ཟླ་བཅུ་པའི་ཟླ་མཇུག་བར། 2016ལོར་འཆར་འགོད་བྱས་པའི་བཀོད་སྒྲིག་བྱ་ཡུལ་329ཚང་མ་སྐྲུན་འགོ་ཚུགས་པ་ལས་322བསྐྲུན་ཚར་ཡོད། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་53.34བཏང་བར་མི་ཁྲི་7ལྷག་ཙམ་ནང་དུ་སྤོས་ཡོད་པ་རེད།
          བསམ་ཕྱོགས་གསར་གཏོད་ཀྱིས་ཐོན་ལས་སྟོབས་ཆེར་བཏང་སྟེ། དབུལ་སྒྲོལ་གྱི“འདེགས་སྐྱོར་བརྟན་པོ”ཇེ་བརྟན་དུ་བཏང་བ།
          ཐོན་ལས་འཕེལ་རྒྱས་གཏོང་བ་ནི་དབུལ་པོ་དབུལ་སྒྲོལ་ཐུབ་པའི་རྩ་བའི་བྱེད་ཐབས་རེད། 2016ལོ་ཚུན་དུ། རང་སྐྱོང་ལྗོངས་ཀྱིས་འཕེལ་རྒྱས་བསམ་ཕྱོགས་གསར་གཏོད་དང་མ་དངུལ་འཇོག་གསོག་ཐབས་ལམ་རྒྱ་སྐྱེད་ཀྱིས་མ་དངུལ་སྒོར་དུང་ཕྱུར་100ཡན་བཏང་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། ལྷག་པར་དུ་ཡུལ་སྐོར་རིག་གནས་ཐོན་ལས་དང་། ཁྱད་ལྡན་ཞིང་འབྲོག་ལས། དྭངས་གཙང་ནུས་རྒྱུའི་ལས་རིགས། རང་བྱུང་འཐུང་ཆུའི་ལས་རིགས་སོགས་གཙོ་གནད་སྐྱེད་སྲིང་བྱས་པ་རེད།
རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་བའི་ཐད་ལེགས་ཆ་འདོན་སྤེལ་དང་ཞན་ཆ་ཁ་གསབ་དབར་གྱི་འབྲེལ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་སྟབས་གང་བདེ་དང་ཐག་གང་ཉེ་དང་། ཕ་ས་ཕ་ཡུལ་དང་མི་འབྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་ལ་དམིགས་པ་དང་། རང་བྱུང་ཐོན་ཁུངས་དང་བལྟོས་བཅས་ཀྱི་ལེགས་ཆར་གཞི་བཙུགས་པ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ནགས་ལས་འཚམ་སར་ནགས་ལས། ཚོང་ལས་འཚམ་སར་ཚོང་ལས། ཡུལ་སྐོར་འཚམ་སར་ཡུལ་སྐོར་ལས་རིགས་གཉེར་ནས་མང་ཚོགས་དབུལ་པོ་ཕ་ས་ཕ་ཡུལ་དང་མ་བྲལ་བར་ཐོན་ལས་འཕེལ་རྒྱས་ལ་ཞུགས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་དང་། ལྗོངས་ཡོངས་སུ་ཁྱོན་ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་110.27དོན་འཁྱོལ་ཐུབ་ཡོད། ཟླ་བཅུ་པའི་ཟླ་མཇུག་བར། མ་དངུལ་སྒོར་དུང་ཕྱུར་75.28བཏང་ནས་རིམ་རྩིས་བརྒྱབ་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་1030སྐྲུན་འགོ་ཚུགས་པ་ལས་188བསྐྲུན་ཚར་ནས། མི་ཁྲི་20ལྷག་ལ་ཁྱབ་འགྱེད་ཕན་པ་དང་མི་ཁྲི་5.12ལ་ཐད་ཀར་དབུལ་སྒྲོལ་ཐུབ་ཡོད།
          “ནག་ཆུ་ས་ཁུལ་དུ་རྫོང་དབུལ་པོ་11དང་། ཤང(གྲོང་རྡལ)དབུལ་པོ་114 གྲོང་ཚོ་དབུལ་པོ་1190བཅས་ཡོད་པ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ལེན་པའི་ལས་འགན་ཧ་ཅང་ལྕི་པོ་ཡོད”“ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོ་གསུམ་གྱི་གྲས་ཤིག་ཡིན་པའི་ཆ་ནས། ནག་ཆུས་དབུལ་སྒྲོལ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱེད་དགོས་ན། བྱེད་ཐབས་ཁག་ངེས་པར་དུ་གནད་སྨིན་ནུས་ལྡན་ཡིན་དགོས། དེར་བརྟེན། འདི་ལོ་ཚུན་དུ། ནག་ཆུ་ས་ཁུལ་གྱིས་ཐོན་ལས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་རང་སྐྱོང་ལྗོངས་དང་ས་ཁུལ་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ཐོག་སྤྱིའི་འཐབ་ཇུས་དང‘4+6’བྱེད་ཐབས་ལ་དམ་པོར་དམིགས་ནས་འབྲོག་ལས་དང་། ཡུལ་སྐོར། ཟོག་འགྲེམས་བཅས་གཙོ་གནད་དུ་བཟུང་བ་དང་། དེ་དང་ཆབས་ཅིག་ཡུལ་སྐོར་དང་འབྲེལ་བའི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་རྣམ་གྲངས་དང་དབུལ་སྐྱོར་གྱི‘མྱུར་སྒྲུབ’རྣམ་གྲངས་ལ་དམིགས་ནས་མི་འབོར་དབུལ་པོའི་ཐོན་ལས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ་རེད། ལོ་ཧྲིལ་པོར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་188སྤེལ་རྩིས་ཡོད་པར་མ་དངུལ་སྒོར་དུང་ཕྱུར་49.98བཏང་བས་མི་ཁྲི་4.5དབུལ་སྒྲོལ་ཐུབ་ཅིང་མི་10320ལ་ཕན་པ་ཐོབ་ཡོད་པ་རེད། དེ་དང་ཆབས་ཅིག ཐོན་ལས་དབུལ་སྐྱོར་གྱི་གཏན་འཁེལ་བྱ་སྤྱོད་ཡག་པོ་སྒྲུབ་པ་ཕུད་ད་དུང་ནག་ཆུ་ས་ཁུལ་གྱིས་ལས་ཀའི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་བྱས་པ་དཔེར་ན། འབྲོག་ལས་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་བ་དང་། ཡུལ་སྐོར་རིག་གནས་ཐོན་ལས་གཙོ་གནད་འཕེལ་རྒྱས་བཏང་བ། ཐོན་ལས་ཁྱབ་ཁོངས་ཀྱི་ཁ་གཏད་རོགས་སྐྱོར་བྱེད་སྟངས་གཏིང་ཟབ་ཏུ་བཏང་བ་ལྟ་བུ་སོགས་རེད”ཅེས་ནག་ཆུ་ས་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་མའོ་ཀྲི་ལིང་གིས་བརྗོད།
          ཐོན་ལས་དབུལ་སྐྱོར་བྱེད་པར་ནུས་པ་དེ་བས་ཆེ་བ་ཇི་ལྟར་འདོན་དགོས་ཞེ་ན། འགག་རྩ་ནི་ས་གནས་དེ་གའི་དོན་དངོས་དང་འཚམ་པའི་འཕེལ་རྒྱས་གཏོང་ཐབས་རྙེད་པ་བྱེད་དགོས། ནག་ཆུ་ས་ཁུལ་གྱིས“སྣེ་གཉིས་དམ་འཛིན་གྱིས་དཀྱིལ་ལ་སྐུལ་འདེད་གཏོང་བའི”འབྲོག་ལས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཙོ་བོར་བཟུང་བར་ཕན་འབྲས་བཟང་པོ་ཐོན་ཡོད། ཟླ་11པའི་ཟླ་མཇུག་བར་ས་ཁུལ་ཡོངས་སུ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་57ལག་ལེན་བསྟར་འགོ་ཚུགས་པར་སྔོན་དཔག་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་2500ལྷག་ཙམ་མངོན་འགྱུར་ཡོང་རྒྱུ་དང་། མང་ཚོགས་དབུལ་པོ་ཞུགས་པ་དང་། མ་རྐང་ལ་ཞུགས་པ། བགོ་འགྲེམས་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ས་ཁུལ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་11365ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་རྒྱུ་ཡིན་པ་རེད།
          བློ་སྐྱོར་དང་རིག་སྐྱོར་ཟུང་འབྲེལ་བྱས་པས་ངོ་བོ་ཉིད་ཀྱི་སྒུལ་ཤུགས་ཆེན་པོ་འཕེལ་བ།
          ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། རིམ་ཁག་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ“དབུལ་ཕོངས་སེལ་བར་སྔོན་ལ་རྨོངས་པ་སེལ་དགོས་པ་དང་། དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས”ཞེས་པ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་མཛུབ་ཁྲིད་དུ་བྱེད་པ་དང་ཆབས་ཅིག དུད་ཚང་དབུལ་པོ་འགའ་ཞིག་ལ“སྒུག་རྟེན་སློང”གསུམ་གྱི་བསམ་བློ་ལྡན་པར་དམིགས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་། བྱེད་ཐབས་སྣ་མང་མཉམ་སྤྱོད། ཕྱོགས་ཁག་མཉམ་སྒུལ་བཅས་ཀྱིས་རིག་པ་དང་བློ་སྟོབས་གཉིས་ཀ་སྐྱོར་བའི་ལས་དོན་ལ་སྐུལ་འདེད་བཏང་བས། དབུལ་པོ་ལས་སྒྲོལ་བའི་མང་ཚོགས་ཀྱི་ཡིད་ཆེས་བརྟན་དུ་སོང་བ་དང་དབུལ་སྒྲོལ་སེམས་ཤུགས་ཆེ་རུ་སོང་བའི་ཁར་དབུལ་སྒྲོལ་ནུས་པའང་ཆེ་རུ་ཕྱིན་ཡོད།
          སྦྲ་ཆེན་རྫོང་ནི་ནག་ཆུ་ས་ཁུལ་གྱི་ཤར་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་གནས་པ་དང་གདང་ལ་རི་བོ་སྦྲ་ཆེན་རྫོང་གི་དཀྱིལ་དབུས་སུ་ཆགས་ཡོད། རྫོང་ཁོངས་ཀྱི་བྱང་རྒྱུད་ས་ཆ་ཁོད་སྙོམས་ལ་ཡངས་པར་བརྟེན་རང་ལྗོངས་ཀྱི་འབྲོག་ལས་རྟེན་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། སྔར་ནས་བཟུང་དབྱར་རྩྭ་དགུན་འབུ་སྦྲ་ཆེན་གྱི་དུད་ཚང་དབུལ་པོའི་མང་ཚོགས་ཀྱི་ཡོང་ཁུངས་གཙོ་བོ་རེད།
          “ང་ཚོས་དུད་ཚང་དབུལ་པོར་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་ཇེ་ཆེར་བརྒྱབ་སྟེ་ཁོང་ཚོའི‘སྒུག་རྟེན་སློང’གསུམ་གྱི་བསམ་བློ་དོར་ནས‘ལ་རྒྱ་ལྡན་པའི’རང་ངོས་དབུལ་སྒྲོལ་འདུ་ཤེས་འཛུགས་རོགས་བྱས་ཏེ་མང་ཚོགས་ཀྱི་བསམ་བློ་དང་འཛད་སྤྱོད་ཀྱི་ལྟ་བར་འགྱུར་ལྡོག་ཆེན་པོ་ཕྱིན་པ་མཐོང་སྐབས་སེམས་ལ་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག”ཅེས་སྦྲ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཀྱིས་སྤོབས་སེམས་ཆེན་པོས་བརྗོད།
          རྫོང་དེ་གར་རྨོངས་ཚོད་ཀྱིས་འཛད་སྤྱོད་བྱེད་པ་དང“སྒུག་རྟེན་སློང”གསུམ་སོགས་ཀྱི་གོམས་གཤིས་ངན་པ་ཡོད་པར་དམིགས་ཏེ་ཉེ་བའི་ལོའི་རིང་སྦྲ་ཆེན་རྫོང་གིས་རྫོང་རིམ་པའི་ལས་བྱེད་པས་རུ་སྣེ་འཁྲིད་པ་དང་ཤང་གྲོང་རྡལ་གྱི་འགོ་ཁྲིད་གཙོ་བོ་ཞུགས་ནས་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་བོད་གསར་རྙིང་བསྡུར་བ་དང་། རྒྱལ་ཁབ་ཀྱིས་བོད་ཀྱི་མི་དམངས་ལ་ད་ལྟ་ལག་ལེན་བསྟར་བཞིན་པའི་དམིགས་བསལ་ཐུགས་ཁུར་དང་དེ་བཞིན་གཟིགས་སྐྱོང་སྲིད་ཇུས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་བཅས་དྲིལ་བསྒྲགས་བྱས་ནས་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་བཀའ་དྲིན་ཚོར་བར་བྱས་པ་དང་ལྷན་ཅིག་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་དང་རང་འགུལ་ངང་དབུལ་སྒྲོལ་བྱས་ཡོད། དེས་མ་ཚད་ཡུལ་ཟོག་གི་དུས་ཚིགས་རང་བཞིན་གྱི་གོ་སྐབས་དམ་འཛིན་གང་ལེགས་བྱས་ཏེ་དུད་ཚང་དབུལ་པོའི་མང་ཚོགས་སེར་ཤ་དང་གྲོ་མ་སོགས་འཐུ་རྒྱུར་སྒྲིག་འཛུགས་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པ་མ་ཟད། ཤང་གྲོང་གི་འཕེལ་རྒྱས་ཡག་པོ་བྱུང་བའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་བརྒྱུད་དུད་ཚང་དབུལ་པོས་ངལ་རྩོལ་དང་མ་རྐང་འཇོག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ཨར་པོ་རྒྱག་ཀྱིན་གསོ་སྦྱོང་བྱེད་པ་དང་ཨར་པོ་རྒྱག་ཀྱིན་ཡོང་འབབ་བསགས་པས་མི་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000ལྷག་ཙམ་རག་གི་ཡོད་པ་རེད།
          དེ་དང་ཆབས་ཅིག སྦྲ་ཆེན་རྫོང་གིས་དུད་ཚང་དབུལ་པོར་དབྱར་རྩྭ་དགུན་འབུའི་ཡོང་འབབ་ལུགས་མཐུན་དང་ཚད་ལྡན་ངང་འཛད་སྤྱོད་བྱེད་པའི་གཏན་འབེབས་ཁ་གསལ་བཟོས་ཏེ་དབྱར་རྩྭ་དགུན་འབུ་བཙོངས་པའི་ཡོང་འབབ་ཁག་4ལ་བགོས་ཏེ་30%དངུལ་ཁང་ལ་བཅོལ་ནས་མཁོ་དུས་བེད་སྤྱོད་གཏོང་བ་དང་། 30%སྐྱིན་གསབ་འཇལ་བ། 30%རྒྱུན་གཏན་གྱི་འཚོ་བའི་འགྲོ་སོང་དུ་བྱེད་པ། དེ་མིན་གྱི་10%ཁྱིམ་ཚང་གི་རྨང་གཞིའི་སྒྲིག་བཀོད་ཉོ་སྒྲུབ་ལ་གཏོང་བ་བཅས་རེད།