ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་2018ལོའི་ལོ་གསར་གྱི་ཤིས་ཚིག

སྤེལ་དུས 2018-01-02 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་སྟོབས་ལགས།
            ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དང་།  ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་ལས་ཁུངས(ཀྲུང་གོ་གོ་ལའི་བརྙན་འཕྲིན་དྲ་བ)དང་དྲ་སྦྲེལ་བཅས་བརྒྱུད། 2018ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཤིང་།  ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ། 
            ལྷན་རྒྱས་སྐུ་ཁམས་བཟང་། དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་ཤིང་ཡུད་ཙམ་ཞིག་ལ་ང་ཚོས་སྤྱི་ལོ་2018ལོ་བསུས་ཡོད། འདི་གར་ངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་སྤུན་ཟླ་བཅས་ལ་གནམ་ལོ་གསར་ཚེས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན་ལ། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་ཁག་གི་གྲོགས་པོ་རྣམས་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན།
            བྱས་པའི་ལས་ལ་འབྲས་བཟང་ཐོབ། ཉིན་བཞིན་རྣམ་པ་གསར་པ་ཐོན། སྤྱི་ལོ་2017ལོར། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་གསར་པར་སྐྱོད་འགོ་ཚུགས་ཡོད། རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་80ཟིན་པའི་སྐས་རིམ་ལ་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཏུ་ལས་ཞུགས་གསར་པ་མི་ཁྲི་1300འཕར་བ།  སྤྱི་ཚོགས་རྒན་གསོ་འགན་བཅོལ་མི་དུང་ཕྱུར་9ལྷག་ཙམ་ལ་ཁྱབ་པ། གཞི་རྩའི་སྨན་བཅོས་འགན་བཅོལ་མི་དུང་ཕྱུར་13.5ལ་ཁྱབ་པ། སླར་ཡང་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་དབུལ་སྒྲོལ་ཐུབ་ཡོད། “སྡོད་ཁང་ཁྲི་སྟོང་ཡངས་ཤིང་སྐྱིད། ཀུན་གྱི་བཞིན་ལ་འཛུམ་མདངས་འཕྱུར”  མི་འབོར་དབུལ་པོ་ཁྲི་340ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ཏེ་དྲོ་སྐྱིད་ལྡན་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཀྱི་ལས་འགོ་ཚུགས་པའི་ནང་སྔ་སྣུར་དུ་སྡོད་ཁང་ཆ་ཚང་ཁྲི་600བསྐྲུན་པའི་དམིགས་ཚད་ལས་འགན་བསྒྲུབས་ཡོད། དམངས་འཚོའི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སྣོད་བཅུད་ཁོར་ཡུག་རིམ་གྱིས་ལེགས་བཅོས་བྱུང་བ།  མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཚོར་སེམས།  བདེ་འཇགས་ཚོར་སེམས་བཅས་སྔར་བས་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཕྱོགས་སུ་སླར་ཡང་གོམ་པ་ཆེན་པོ་ཞིག་སྤོས་ཡོད།
            ཚན་རྩལ་གསར་གཏོད་དང་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་ལས་ཡུལ་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་ཡོད།  སྲུང་སྐར“ཤེས་རབ་མིག”བར་སྣང་ཁམས་སུ་འཕངས་པ་དང་།  C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་འཕུར་སྐྱོད་ལེགས་གྲུབ་བྱུང་བ། ཚད་རྡུལ་རྩིས་འཁོར་ཞིབ་བཟོ་ལེགས་གྲུབ་བྱུང་བ། མཚོ་སྐྱེས་ཆུ་འབྲས་ཐོན་འབོར་ཚོད་རྩིས་ཐུབ་པ།  རྒྱལ་ཐོན་མ་གྲུ་ཐོག་མ་མཚོ་ལ་འཛུལ་བ།  “མཚོ་གཤོག”རྟགས་ཅན་གྱི་མཚོ་གཏིང་རླུང་འདེད་འཕྲུལ་འཁོར་གྱིས་མཚོ་ནང་དུ་ལྟ་ཞིབ་ཚད་ལེན་བྱས་པ།  མཚོ་ཁོངས་ཀྱི་འབར་རུང་བའི་འཁྱག་པ་སྔོག་འདོན་ཐོག་མར་ལེགས་གྲུབ་བྱུང་བ། དབྱང་ཧྲན་གྱི་དུས་མཚམས་བཞི་པའི་རང་འགུལ་རྣམ་པའི་གྲུ་ཁ་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ།  ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལས་གཞི་གཙོ་བོ་ཁྱོན་ཡོངས་ནས་ལེགས་གྲུབ་ཟིན་པ། བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་མེས་རྒྱལ་གྱི་ས་གཞི་ཆེ་མོར་བྱ་འཕུར་བ་ལྟར་སྐྱོད་པ་སོགས་ཀྲུང་གོའི་མི་དམངས་ཀྱི་གསར་གཏོད་སྟོབས་ཤུགས་ལ་ངས་དགའ་འབོད་ཞུ་རྒྱུ་ཡིན།
            ང་ཚོས་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་དམག་འཐབ་དངོས་ཀྱི་སྦྱོང་བརྡར་བྱས་པ་དང་།  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུས་ཡོད།  ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ངོ་20འཁོར་བའི་སྐབས་དེར་ང་ཤང་ཀང་ལ་བསྐྱོད་པ་ཡིན།  མེས་རྒྱལ་གྱི་རྒྱབ་བརྟེན་སྟོབས་ཆེར་ཕྱིན་ཡོད་པས་ཤང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་མིག་མཐོང་ལག་ཟིན་བྱུང་ལ་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་རེད།  ང་ཚོས་ད་དུང་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་དང་ནན་ཅིན་དམར་གསོད་ཆེ་མོར་རྐྱེན་ལམ་དུ་ཤོར་མཁན་ལ་རྒྱལ་ཁབ་ཀྱི་སྤྱི་མཆོད་བྱེད་སྒོ་གཟབ་རྒྱས་འཚོགས་ནས་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་པ་དང་ཞི་བདེ་ཡོང་བའི་སྨོན་འདུན་ཞུས་ཡོད།