ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་།

སྤེལ་དུས 2018-05-07 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུངས་བཤད་གལ་ཆེན་གནང་།
མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན་ཚེས་བཞི་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་གསུངས་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། ང་ཚོས་མར་ཁེ་སི་ལ་དྲན་གསོ་ཞུ་བ་ནི། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་བསམ་བློ་པར་གུས་འདུད་ཞུ་བའི་ཆེད་ཡིན་ལ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་བདེན་དོན་ལ་བཅངས་པའི་ཡིད་ཆེས་བརྟན་པོ་མངོན་བསྒྲགས་བྱེད་པའི་ཆེད་ཀྱང་ཡིན། མར་ཁེ་སི་རིང་ལུགས་ནི་དུས་ནམ་ཡང་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་དགོངས་པ་ཡིན་ལ། ང་ཚོས་འཇིག་རྟེན་ལ་ཤེས་རྟོགས་བྱེད་པ་དང་། ཆོས་ཉིད་རྟོགས་པར་བྱེད་པ། བདེན་དོན་འཚོལ་བ། འཇིག་རྟེན་སྒྱུར་བཀོད་བྱེད་པ་བཅས་ཀྱི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཡིན། དུས་རབས་གསར་པར། ཀྲུང་གོ་གུང་ཁྲན་ཏང་མིས་སྔར་བཞིན་མར་ཁེ་སི་ལ་སློབ་སྦྱོང་དང་། མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་ལག་ལེན། མར་ཁེ་སི་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱས་ཏེ། དེའི་ཁྲོད་ནས་ཚན་རིག་གི་བློ་གྲོས་དང་གཞུང་ལུགས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་པ་དང་། སྔར་ལས་ངེས་ཤུགས་ཡོད་པ་དང་། སྔར་ལས་རང་རྟོན་མངའ་བ། སྔར་ལས་བློ་གྲོས་ལྡན་པ་བཅས་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱས་ནས། མར་ཁེ་སི་དང་ཨེན་ཀི་སིས་ཐུགས་བཀོད་གནང་བའི་མིའི་རིགས་སྤྱི་ཚོགས་ཀྱི་མཛེས་སྡུག་གི་མདུན་ལྗོངས་དེ་ཀྲུང་གོའི་ས་གཞིའི་སྟེང་དུ་རྒྱུན་ཆད་མེད་པར་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་མཚོན་དགོས།
            ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།
            མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་ནང་དུ་སྒམ་བརླིང་དང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་ལ། ཀྲུའུ་ཞི་སྟེགས་བུའི་ཀླད་དུ“མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པའི་དྲན་གསོའི་ཚོགས་ཆེན”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་རས་ཀྱི་དཀྱིལ་དུ་མར་ཁེ་སིའི་སྐུ་པར་དང“1818—2018”ཅེས་པའི་ཡི་གེ་བཀལ་ཡོད་པའི་ལོགས་གཉིས་སུ་དར་དམར་བཅུ་བསྒྲིགས་ཡོད། ཚོམས་ཆེན་ཉིས་ཐོག་གི་གཟིགས་སྟེགས་སྟེང་དུ“བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད།
            སྔ་དྲོའི་ཆུ་ཚོད་བཅུའི་སྟེང་ཚོགས་ཆེན་མགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས།
            སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་གསུངས་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མར་ཁེ་སི་ནི་འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཀྱི་གསར་བརྗེའི་སློབ་དཔོན་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་གཏོད་པ་གཙོ་བོ་ཡིན་ལ། མར་ཁེ་སི་རིང་ལུགས་སྲིད་ཏང་གི་གསར་འཛུགས་པ་དང་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་སྲོལ་འབྱེད་པ་ཡིན་ཞིང་། ཉེ་རབས་ཀྱི་ཚུན་ལ་ཆེས་རླབས་ཆེ་བའི་བསམ་བློ་པ་ཡིན། མར་ཁེ་སིའི་སྐུ་ཚེ་ཧྲིལ་པོ་ནི། མཆོག་གྱུར་གྱི་ཕུགས་བསམ་སེམས་སུ་བཅངས་ཤིང་མིའི་རིགས་ཀྱི་བཅིངས་འགྲོལ་ཆེད་དུ་འབད་འཐབ་ལྷོད་མེད་བྱས་པའི་སྐུ་ཚེ་ཞིག་ཡིན་པ་དང་། དཀའ་ངལ་དང་ཉེན་ཁར་མ་འཛེམས་ཤིང་བདེན་དོན་འཚོལ་བའི་ཆེད་དུ་བསམ་བློའི་ཡང་རྩེར་སྤོབས་པས་བསྙེགས་པའི་སྐུ་ཚེ་ཞིག་ཡིན་ལ། འཛམ་གླིང་རྙིང་པ་རྩ་གཏོར་དང་འཛམ་གླིང་གསར་པ་གསར་འཛུགས་བྱེད་ཆེད་འཐབ་རྩོད་ལྷོད་མེད་བྱས་པའི་སྐུ་ཚེ་ཞིག་ཡིན།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སིས་ང་ཚོར་བཞག་པའི་ཆེས་རིན་ཐང་ལྡན་པ་དང་ཆེས་ཤན་ཤུགས་ཐེབས་པའི་བསམ་པའི་རྒྱུ་ནོར་ནི། ཁོང་གི་མཚན་གཞིར་བཟུང་ནས་མིང་བཏགས་པའི་ཚན་རིག་གཞུང་ལུགས་ཏེ་མར་ཁེ་སི་རིང་ལུགས་ཡིན། གཞུང་ལུགས་དེས་ངོ་མཚར་ཡིད་འོང་གི་ཞོགས་པའི་ཉི་གཞོན་ཇི་བཞིན་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་རང་སྟེང་གི་བཅིངས་འགྲོལ་འཚོལ་སྙེག་བྱེད་པའི་བགྲོད་ལམ་འོད་ཀྱིས་གསལ་བར་བྱས་ཡོད། མར་ཁེ་སི་དགོངས་པའི་གཞུང་ལུགས་ནི་དུས་རབས་དེར་བྱུང་བ་མ་ཟད་དུས་རབས་དེ་ལས་བརྒལ་ཡོད་པ་དང་། དུས་རབས་དེའི་སྙིང་སྟོབས་ཀྱི་ཉིང་བཅུད་ཡིན་པར་མ་ཟད་མིའི་རིགས་ཀྱི་སྙིང་སྟོབས་སྤྱིའི་ཉིང་བཅུད་ཀྱང་ཡིན། མར་ཁེ་སི་རིང་ལུགས་ནི་ཚན་རིག་གི་གཞུང་ལུགས་ཡིན་ཏེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་བོར་བཀྲལ་ཡོད། མར་ཁེ་སི་རིང་ལུགས་ནི་མི་དམངས་ཀྱི་གཞུང་ལུགས་ཡིན་ཏེ། མི་དམངས་ཀྱིས་རང་སྟེང་གི་བཅིངས་འགྲོལ་མངོན་འགྱུར་བྱེད་པའི་བསམ་བློའི་མ་ལག་ཐོག་མར་གསར་འཛུགས་བྱས་ཡོད། མར་ཁེ་སི་རིང་ལུགས་ནི་ལག་ལེན་གྱི་གཞུང་ལུགས་ཡིན་ཏེ། མི་དམངས་ཀྱིས་འཇིག་རྟེན་སྒྱུར་བཀོད་བྱེད་པའི་འགུལ་སྐྱོད་ལ་མཛུབ་ཁྲིད་བྱེད་བཞིན་ཡོད། མར་ཁེ་སི་རིང་ལུགས་ནི་འཕེལ་རྒྱས་ཀྱི་རྒྱུན་མི་ཆད་པའི་སྒོ་འབྱེད་ཀྱི་གཞུང་ལུགས་ཡིན་ཏེ། དུས་ནམ་ཡང་དུས་རབས་ཀྱི་མདུན་ཕྱོགས་སུ་ལངས་ཡོད། མར་ཁེ་སི་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ནི་མར་ཁེ་སི་དང་། ཨེན་ཀི་སི། ད་དུང་ཁོང་ཚོའི་ཤུལ་འཛིན་པ་དག་གིས་རྒྱུན་ཆད་མེད་པར་དུས་རབས་དང་ལག་ལེན། རྟོགས་པ་བཅས་ཀྱི་འཕེལ་རྒྱས་གཞིར་བཟུང་ནས་འཕེལ་རྒྱས་སུ་བཏང་བའི་ལོ་རྒྱུས་ཡིན་ལ། མིའི་རིགས་ལོ་རྒྱུས་སྟེང་གི་ཕུལ་དུ་བྱུང་བའི་བསམ་བློའི་རིག་གནས་ཀྱི་གྲུབ་འབྲས་ཡོད་ཚད་རྒྱུན་ཆད་མེད་པར་བསྡུ་ལེན་བྱས་ཏེ་རང་ཉིད་ཕུན་སུམ་ཚོགས་པར་བཏང་བའི་ལོ་རྒྱུས་ཡིན། དེར་བརྟེན་མར་ཁེ་སི་རིང་ལུགས་ཀྱིས་རང་གི་མཚར་སྡུག་ལྡན་པའི་ལང་ཚོ་གཏན་དུ་སྲུང་འཛིན་བྱས་ཏེ། དུས་རབས་འཕེལ་རྒྱས་ཀྱིས་བཏོན་པའི་དཔྱད་གཞི་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་ཐུབ་པ་དང་། མིའི་རིགས་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གསར་པར་ཁ་གཏད་འཇལ་ཐུབ་པ་ཡིན།
            ཞི་ཅིན་ཕིང་གིས་བསྟན་དོན། «གུང་ཁྲན་ཏང་བསྒྲགས་གཏམ»སྤེལ་ནས་ལོ་བརྒྱ་དང་བདུན་ཅུ་འགོར་བའི་རིང་ལ། མར་ཁེ་སི་རིང་ལུགས་འཛམ་གླིང་སྟེང་དུ་ཁྱབ་སྤེལ་རྒྱ་ཆེན་པོ་བྱུང་ཡོད། མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་སྟེང་དུ། མར་ཁེ་སི་རིང་ལུགས་ལྟར་དུ་མིའི་རིགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཤན་ཤུགས་འདི་འདྲ་ཐོབ་པའི་བསམ་བློའི་གཞུང་ལུགས་གཅིག་ཀྱང་མེད། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་སྐུལ་སྤེལ་ཆེན་པོ་བྱས་པ་དང་། ད་ལྟ་ཡང་སྔར་བཞིན་དུ་རྒྱལ་སྤྱིའི་ཤན་ཤུགས་ཆེན་པོ་ལྡན་པའི་བསམ་བློའི་མ་ལག་དང་སྐད་ཆའི་མ་ལག་ཡིན་ལ། མར་ཁེ་སི་ནི་ད་ལྟ་ཡང་སྔར་བཞིན་དུ་ཚང་མས་ལོ་ངོ་སྟོང་གི་བསམ་བློ་པ་ཨང་དང་པོ་ཡིན་པར་ཡོངས་ཁྱབ་ཏུ་ཁས་ལེན་བཞིན་ཡོད།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མར་ཁེ་སི་རིང་ལུགས་ཀྱིས་འཛམ་གླིང་ལ་བསྒྱུར་བཅོས་ཆེན་པོ་བྱས་པར་མ་ཟད། ཀྲུང་གོར་བསྒྱུར་བཅོས་ཆེན་པོ་བྱས། ལག་ལེན་ལས་མར་ཁེ་སི་རིང་ལུགས་ཀྱི་ལས་དབང་ནི་སྔ་མོ་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལས་དབང་དང་། ཀྲུང་གོ་མི་དམངས་ཀྱི་ལས་དབང་། ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་བཅས་དང་གཅིག་ཏུ་འབྲེལ་ཡོད་ལ། དེའི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་ལ་ཀྲུང་གོ་ནས་ཞིབ་དཔྱད་ལེགས་པོ་ཐོབ་ཡོད་པ་དང་། དེའི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་ཀྲུང་གོ་ནས་ལག་བསྟར་ལེགས་པོ་བྱས་ཡོད་ཅིང་། དེའི་སྒོ་འབྱེད་རང་བཞིན་དང་དུས་རབས་རང་བཞིན་ཀྲུང་གོ་ནས་མངོན་མཚོན་ལེགས་པོ་བྱས་ཡོད་པ་ར་སྤྲོད་བྱུང་ཡོད། ལག་ལེན་ལས་ད་དུང་མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ཆེད་དུ་བསམ་བློའི་མཚོན་ཆ་སྟོབས་ཆེན་འདོན་སྤྲོད་བྱས་ཏེ། གནའ་བོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོ་འདི་ཉིད་ལ་མིའི་རིགས་ཀྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་འཕེལ་རྒྱས་ཀྱི་ངོ་མཚར་ཆེ་བའི་བྱས་རྗེས་བསྐྲུན་ཏུ་བཅུག་པ་ར་སྤྲོད་བྱུང་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་མར་ཁེ་སི་རིང་ལུགས་བདམས་པ་ནི་ཧ་ཅང་ཡང་དག་པ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་རང་གི་མིག་དཔེར་བཀོད་པ་ནི་ཧ་ཅང་ཡང་དག་པ་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་ཟུང་དུ་སྦྲེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་སྤེལ་བ་ནི་ཧ་ཅང་ཡང་དག་པ་ཡིན། མར་ཁེ་སི་བློ་བདེ་ཆོག་པ་ཞིག་ནི། མར་ཁེ་སི་རིང་ལུགས་ཀྱིས་ཀྲུང་གོར་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཡངས་ཤིང་ཆེ་བའི་བགྲོད་ལམ་སྟེང་བདེ་བླག་ངང་བསྐྱོད་དུ་བཅུག་ལ། ཀྲུང་གོ་གུང་ཁྲན་ཏང་མི་ནི་མར་ཁེ་སི་རིང་ལུགས་ཀྱི་ལྷག་བསམ་རྣམ་དག་གི་དད་མོས་པ་དང་། བློ་བརྟན་འགྱུར་མེད་ཀྱི་ལག་ལེན་པ་ཡིན་པའི་ཆ་ནས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་དར་སྤེལ་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་པ་དེ་ཡིན།
            ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་གོང་བུ་གཅིག་གྱུར་བྱེད་པ་དང་། ང་ཚོས་སྒྲུབ་བཞིན་པའི་དོན་དག་དང་གོང་བུ་གཅིག་གྱུར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་སྲ་བརྟན་དུ་གཏོང་དགོས་པ་དང་། གུང་ཁྲན་ཏང་མིའི་ཕུགས་བསམ་ཡིད་ཆེས་སྲ་བརྟན་དུ་གཏོང་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱེད་པའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་དོན་རྒྱུན་འཁྱོངས་བྱེད་པ་དང་། དུས་ནམ་ཡང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱས་ཏེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་མཉམ་དུ་བསྐྲུན་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་ཕོད་པར་བྱེད་པ་དང་། རང་རྟོགས་ཀྱིས་ཐོན་སྐྱེད་འབྲེལ་བའི་ལེགས་སྒྲིག་བརྒྱུད་ནས་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་གསོན་ཤུགས་བསྐྱེད་པ། རང་རྟོགས་ཀྱིས་སྟེང་གི་བཀོད་པ་འཐུས་ཚང་དུ་གཏོང་བ་བརྒྱུད་ནས་དཔལ་འབྱོར་རྨང་གཞི་འཕེལ་རྒྱས་ཀྱི་རེ་བར་བསྟུན་པ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔར་ལས་ཆོས་ཉིད་དང་མཐུན་པར་མདུན་སྐྱོད་གོང་འཕེལ་ཡོང་བར་བྱེད་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་དམངས་གཙོའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། མི་དམངས་ཀྱི་ཧུར་བརྩོན་བསམ་པ་དང་རང་འགུལ་བསམ་པ། གསར་གཏོད་བསམ་པ་བཅས་སྐུལ་སློང་ལེགས་པོ་བྱས་ནས། སྔར་ལས་དོན་ཐོག་ཏུ་གནས་པ་དང་སྔར་ལས་ཕན་འབྲས་ལྡན་པའི་ངང་མི་དམངས་དམངས་གཙོ་ལག་བསྟར་བྱེད་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་འཕེལ་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་བསྐྲུན་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། དམངས་ཚིས་ལ་རྒྱུན་ཆད་མེད་པར་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་ཡར་སྐུལ་བྱེད་པ། འཕེལ་རྒྱས་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱིས་མི་དམངས་ཡོངས་ལ་ཕན་འདོགས་པ་བཅས་བྱས་ནས། མི་དམངས་ཡོངས་ཀྱི་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བའི་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་སྐུལ་སློང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ནས། མཛེས་པའི་ཀྲུང་གོ་མཉམ་བསྐྲུན་བྱེད་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་འཛམ་གླིང་ལོ་རྒྱུས་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་དང་། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་རྒྱུན་འཁྱོངས་བཅས་བྱས་ནས། རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་འབད་བརྩོན་ཆེན་པོས་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་བཙུགས་ཏེ། འཛམ་གླིང་སྔར་ལས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་དགོས། མར་ཁེ་སི་ལ་སློབ་སྦྱོང་བྱེད་ན། མར་ཁེ་སི་རིང་ལུགས་ཀྱི་མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་སྐྲུན་སྐོར་གྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ། ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། གུང་ཁྲན་ཏང་མིའི་ཆབ་སྲིད་རང་བཞིན་དུས་གཏན་དུ་སྲུང་འཛིན་བྱེད་དགོས།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་སྲིད་ཏང་ཡིན་ལ། མར་ཁེ་སི་རིང་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཕུགས་བསམ་ཡིད་ཆེས་ཀྱི་བླ་སྲོག་ཡིན། ཏང་གི་འབད་འཐབ་ལོ་རྒྱུས་ལ་ཕྱིར་ལྟ་བྱས་ཚེ། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་ཆེན་པོ་མྱངས་ནས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ནི་ང་ཚོའི་ཏང་གིས་དུས་ནམ་ཡང་བསམ་བློ་ཏང་འཛུགས་དང་གཞུང་ལུགས་ཏང་སྐྱེད་ལ་མཐོང་ཆེན་བྱས་ཏེ། ཏང་ཡོངས་ལ་དུས་ནམ་ཡང་གཅིག་གྱུར་གྱི་བསམ་བློ་དང་། འགྱུར་མེད་ཀྱི་སེམས་ཤུགས། མཐུན་སྦྱོར་གྱི་འགུལ་སྐྱོད། ཆེ་རུ་རྒྱས་པའི་འཐབ་ཤུགས་བཅས་སྲུང་འཛིན་བྱེད་དུ་བཅུག་པ་དེ་ཡིན་པ་ཤེས་ཐུབ། དེང་སྐབས། བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་བཅས་ཀྱི་ལས་འགན་ལྕི་ཚད་དང་། འགལ་བ་ཉེན་ཁ་འགྲན་རྩོད་བཅས་མང་ཚད། རྒྱལ་སྐྱོང་སྲིད་འཛིན་གྱི་ཚོད་བགམ་ཆེ་ཚད་བཅས་ནི་སྔ་ན་མེད་པ་ཞིག་ཡིན་པས། ང་ཚོར་གནས་བབ་ལེགས་པོ་དང་རང་འགུལ་དབང་ཆ། འབྱུང་འགྱུར་རྒྱལ་ཁ་བཅས་ཐོབ་དགོས་ན། ངེས་པར་དུ་མར་ཁེ་སི་རིང་ལུགས་བཀོལ་ནས་དོན་དངོས་ཀྱི་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ་དང་། ཚན་རིག་གི་གཞུང་ལུགས་བཀོལ་ནས་ང་ཚོས་འགྲན་རྩོད་ཆེན་པོར་ཁ་གཏད་འཇལ་བ་དང་ཉེན་ཁ་ཆེན་པོ་བཀག་འགོག་བྱེད་པ། འགལ་རྐྱེན་ཆེན་པོ་ཁྱད་དུ་སེལ་བ། འགལ་བ་ཆེན་པོ་ཞི་བར་བྱེད་པ། གནད་དོན་ཆེན་པོ་ཐག་གཅོད་བྱེད་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་ནས། སྔར་ལས་ཡངས་པའི་མཐོང་རྒྱ་དང་སྔར་ལས་རིང་བའི་མིག་རྒྱང་གིས་མ་འོངས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་བསམ་གཞིགས་གཏོང་བ་དང་ཁ་ལོ་སྒྱུར་ཏེ། མར་ཁེ་སི་རིང་ལུགས་ཀྱི་ཡིད་ཆེས་དང་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།
            ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྔར་ལས་རང་རྟོགས་དང་སྔར་ལས་དཀའ་སྤྱད་ཀྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་ལ་སློབ་སྦྱོང་བྱེད་དགོས་པ་དང་། མའོ་ཙེ་ཏུང་དགོངས་པ་དང་། ཏིང་ཞའོ་ཕིང་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ལ་སློབ་སྦྱོང་བྱེད་དགོས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་བྱེད་དགོས། གཏིང་ཟབ་མོར་སློབ་པ་དང་ཡུན་རིང་པོར་སློབ་པ། དཀའ་སྤྱད་ཀྱིས་སློབ་པ། གནད་དོན་སེམས་སུ་འཆང་ནས་སློབ་པ། དོན་དངོས་ལ་འབྲེལ་འདྲིས་བྱས་ཏེ་སློབ་པ་བཅས་བྱས་ནས། ཚན་རིག་དགོངས་པའི་གཞུང་ལུགས་དེ་སྔར་ལས་བཟང་པོར་འཇིག་རྟེན་ལ་ཤེས་རྟོགས་བྱེད་པ་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་གཟུགས་ཅན་གྱི་སྟོབས་ཤུགས་ཆེན་པོར་བསྒྱུར་དགོས། གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་ཀློག་པ་དང་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པ་རྟོགས་པར་བྱེད་པ་དེ་འཚོ་བའི་གོམས་གཤིས་ཤིག་དང་བསམ་བློའི་འཚོལ་སྙེག་ཅིག་ཏུ་བརྩིས་ཏེ། གསུང་རབ་ཀྱིས་གཤིས་བཟང་ཡར་བསྐྱེད་དང་བསམ་བློ་འདུལ་སྦྱོང་། རྟོགས་པ་མཐོར་འདེགས། ལག་ལེན་ལ་མཛུབ་སྟོན་བཅས་བྱེད་དགོས།
            ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རིག་གི་གཞུང་ལུགས་ལ་ངེས་པར་དུ་ཚན་རིག་གི་རྣམ་འགྱུར་འཛིན་དགོས། གཞུང་ལུགས་ཀྱི་སྐྱེ་སྟོབས་ནི་གསར་སྐྲུན་ལྷོད་མེད་བྱེད་པར་རག་ལས་པས། མར་ཁེ་སི་རིང་ལུགས་གོང་སྤེལ་ལྷོད་མེད་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་མཆོག་གྱུར་གྱི་ལས་འགན་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་བཀོལ་ནས་དུས་རབས་ལ་ལྟ་ཞིབ་དང་དུས་རབས་ལ་འགྲེལ་ཀློག དུས་རབས་ལ་སྣེ་ཁྲིད་བྱེད་པ་དང་། གསོན་ཉམས་ལྡན་ཞིང་ཕུན་སུམ་ཚོགས་པའི་དེང་རབས་ཀྲུང་གོའི་ལག་ལེན་གྱིས་མར་ཁེ་སི་རིང་ལུགས་གོང་སྤེལ་བྱེད་པ། མཐོང་རྒྱ་ཡངས་པོས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་གི་དཔལ་ཡོན་གྲུབ་འབྲས་ཡོད་ཚད་བསྡུ་ལེན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཁྲོད་ནས་བདེན་འཛིན་གསར་གཏོད་བྱེད་པ་དང་རང་ཉིད་ལས་མཆོང་བརྒལ་ལྷོད་མེད་བྱེད་པ། སྒོ་འབྱེད་ཁྲོད་ནས་གཞན་གྱི་ལེགས་ཆ་བསྡུ་ལེན་མང་དུ་བྱེད་པ་དང་རང་ཉིད་ལྷོད་མེད་ངང་འཐུས་ཚང་དུ་གཏོང་བ། གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཆོས་ཉིད་བཅས་ཐད་ཀྱི་ངོས་འཛིན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཀྱི་གནས་བབ་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་དགོས།
            ཝང་ཧུའུ་ཉིང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་མཁྱེན་དཔྱོད་ཡངས་ཤིང་གཟིགས་རྒྱ་ཆེ་ལ། དགོངས་པ་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས། དེ་ནི་འོད་སྟོང་འབར་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཡིག་ཚགས་ཤིག་ཡིན་པས། ང་ཚོས་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། སྔར་ལས་ཆེ་རུ་རྒྱས་པའི་སྤོབས་པ་དང་སྔར་ལས་ནུས་པ་ལྡན་པའི་བྱེད་ཐབས་ཀྱིས་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
            ཚོགས་ཆེན་རྔམ་བརྗིད་ཆེ་བའི་རྒྱལ་སྤྱིའི་གླུ་སྒྲའི་ཁྲོད་ནས་གྲོལ།
            པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་ཚོགས་ཆེན་ལ་ཞུགས།
            ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དྲིལ་སྒྲོག་རིག་གནས་ལས་ཁུངས་འགོ་ཁྲིད་ཚན་ཁག་གི་ཁོངས་མི། མར་ཁེ་སི་སྐུ་བལྟམས་ནས་ལོ་འཁོར་ཉིས་བརྒྱ་ལོན་པར་དྲན་གསོ་ཞུ་བའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་དང་འཛམ་གླིང་མར་ཁེ་སི་རིང་ལུགས་ཀྱི་ཚོགས་ཆེན་སྐབས་གཉིས་པར་ཞུགས་པའི་འཐུས་མི། རྒྱལ་སའི་སྤྱི་ཚོགས་ཚན་རིག་གཞུང་ལུགས་ལས་རིགས་དང་མཐོ་རིམ་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི། གཞི་རིམ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་གི་འཐུས་མི་སོགས་མི་སྟོང་གསུམ་ཙམ་ཚོགས་ཆེན་ལ་ཞུགས།