ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

​ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་ནན་བཤད་གནང་དོན།

སྤེལ་དུས 2018-05-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་5ཚེས་18དང་19ཉིན་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
           ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་18དང་19ཉིན་རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་རང་རྟོགས་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་གཅིག་གྱུར་འཆར་འགོད་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་ངང་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ་གང་ལེགས་སྤྱོད་པ། ནུས་ཤུགས་ཡོད་རྒུད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པ། སེམས་ཐག་གཙང་བཅད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ཏེ་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
           ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ནན་བཤད་གནང་དོན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་རྒྱུ་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ཞིག་རེད། ཀྲུང་ཧྭ་མི་རིགས་ཀྱིས་སྔར་ནས་བཟུང་རང་བྱུང་ཁམས་ལ་བརྩི་འཇོག་དང་དགའ་ཞེན་བྱས་ནས་ལོ་ངོ་5000ལྷག་ཙམ་རྒྱུན་སྲིང་པའི་ཀྲུང་ཧྭའི་ཤེས་དཔལ་གྱིས་ཕུན་སུམ་ཚོགས་པའི་སྣོད་བཅུད་རིག་གནས་སྐྱེད་སྲིང་བྱས་ཡོད། སྣོད་བཅུད་དར་རྒྱས་བྱུང་ཚེ་ཤེས་དཔལ་དར་རྒྱས་ཡོང་བ་དང་། སྣོད་བཅུད་ཉམས་རྒུད་ཕྱིན་ཚེ་ཤེས་དཔལ་ཉམས་རྒུད་འགྲོ་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྩ་བའི་རང་བཞིན་དང་། གསར་གཏོད་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་ནས་སྣོད་བཅུད་ཤེས་དཔལ་གྱི་རྩེ་རིམ་ཇུས་འགོད་དང་ལམ་ལུགས་མ་ལག་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་བཙུགས་པ་དང་འབྲེལ་ལག་བསྟར་བྱས་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་ཀྱི་འཆར་གཞི་ཆེན་པོ་གསུམ་ལག་བསྟར་གཏིང་ཟབ་བྱས་པ། 《ཀྲུང་གོས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་གྱི་རྒྱལ་ཁབ་གཅིག་གི་ཇུས་གཞི》སྔོན་ལ་ཁྱབ་བསྒྲགས། 《གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་འཆར་འགོད(2014ལོ་ནས་2020ལོ་བར)》ལག་བསྟར་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་འགྱུར་མཚམས་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
           ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཡོངས་ནས་བལྟས་ན་རང་རྒྱལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་མངོན་ཡོད་མོད། འོན་ཀྱང་ཕན་འབྲས་དེ་ཙམ་བརྟན་པོ་མེད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་གནོན་ཤུགས་ཉིས་བརྩེགས་དང་ཁུར་ལྕི་མདུན་སྐྱོད་ཀྱི་འགག་རྩའི་དུས་སུ་སླེབས་པ་དང་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་སྐོང་བའི་འགག་སྒྲོལ་དུས་སྐབས་སུ་སླེབས་པ་མ་ཟད་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ཆ་རྐྱེན་དང་ནུས་པ་ལྡན་པའི་སྐར་ཁུང་གི་དུས་སྐབས་སུ་སླེབས་ཡོད། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་འགྱུར་ཡོད་པས་རྒྱུན་སྲོལ་རང་བཞིན་དང་རྒྱུན་སྲོལ་རང་བཞིན་མིན་པའི་འགག་སྒོ་ཁག་གཅིག་སྒྲོལ་དགོས། ང་ཚོས་ངེས་པར་དུ་ཨམ་གཙིགས་བསྡམས་ནས་དཀའ་གནད་དེ་ལས་འགྲོལ་ཐུབ་པ་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྣོད་བཅུད་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་རེད་ལ་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་ལེགས་སུ་འགྲོ་རྒྱུའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། རེ་སྒུག་བྱེད་ས། སེམས་ཁྲལ་བྱེད་ས་བཅས་ལ་ཧུར་ཐག་བསྟུན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་དེ་བས་ལེགས་པའི་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ཁག་མཐའ་འཁྱོངས་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་གྲོན་ཆུང་བསྲི་ཚགས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་སྔོན་ལ་འཇོག་པ། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་བཞིན་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ་རང་བྱུང་སྣོད་བཅུད་ཀྱི་མཛེས་སྡུག་རྣམ་པ་མི་ཡུལ་དུ་ནམ་ཡང་གནས་པ་བྱས་ནས་དབེན་འཇམ་དང་། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་རང་བྱུང་ཁམས་སླར་གསོ་བྱེད་དགོས། གཉིས་ནི་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་མཐོངས་ཀྱི་རྣམ་པ་དང་། ཐོན་ལས་ཀྱི་གྲུབ་ཆ། ཐོན་སྐྱེད་ཀྱི་བྱེད་ཐབས། འཚོ་བ་སྐྱེལ་སྟངས་བཅས་མགྱོགས་མྱུར་ཆགས་པ་བྱས་ཏེ་རང་བྱུང་ཁམས་ཀྱི་སྣོད་བཅུད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་དུས་ཚོད་དང་བར་མཐོངས་སྐྲུན་དགོས། གསུམ་ནི་སྣོད་བཅུད་ཁོར་ཡུག་བཟང་པོ་ནི་ཚང་མར་ཕན་པའི་དམངས་འཚོའི་བདེ་རྩ་ཞིག་ཡིན་པ་དང་སྣོད་བཅུད་དམངས་ཕན་དང་། སྣོད་བཅུད་དམངས་ཆེད་བཅས་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། བཞི་ནི་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པས་སྤྱི་འདོམས་ལྟ་རྟོགས་དང་། ཁྱོན་ཡོངས་ནས་ཐབས་ཇུས་འདོན་པ། ཐབས་མང་མཉམ་སྤྱོད་བཅས་བྱས་ཏེ་ཕྱོགས་ཡོངས་དང་། ས་ཁོངས་ཧྲིལ་པོ། བརྒྱུད་རིམ་ཧྲིལ་པོ་བཅས་སུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་དགོས། ལྔ་ནི་དེ་བས་ནན་པའི་ལམ་ལུགས་དང་དེ་བས་ཚགས་ཚུད་པའི་ཁྲིམས་སྐྱོང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་ལམ་ལུགས་གསར་གཏོད་མགྱོགས་སུ་གཏོང་བ་དང་ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་ལམ་ལུགས་དེ་བཙན་ཞིང་ནན་པའི་གཅུན་འདོམས་དང་རེག་མི་ཐུབ་པའི་གློག་ཆེན་དུ་འགྱུར་བ་བྱེད་དགོས། དྲུག་ནི་གོ་ལ་ཧྲིལ་པོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མཉམ་དུ་དོན་གཉེར་བྱས་ཏེ་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་ཞུགས་ནས་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི་ཆགས་པ་བྱས་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཁྲིད་སྟོན་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྣོད་བཅུད་ཤེས་དཔལ་མ་ལག་མགྱོགས་མྱུར་བསྐྲུན་ནས་སྣོད་བཅུད་ཀྱི་རིན་ཐང་ལྟ་བ་ཚད་གཞིར་བྱེད་པའི་སྣོད་བཅུད་རིག་གནས་མ་ལག་དང་། ཐོན་ལས་སྣོད་བཅུད་ཅན་དང་སྣོད་བཅུད་ཐོན་ལས་ཅན་གཙོ་བོར་བྱེད་པའི་སྣོད་བཅུད་དཔལ་འབྱོར་མ་ལག སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་རྒྱུ་སྲོག་ཤིང་དུ་བྱེད་པའི་དམིགས་ཚད་འགན་འཁྲིའི་མ་ལག བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་འགན་ལེན་དུ་བྱེད་པའི་སྣོད་བཅུད་ཤེས་དཔལ་ལམ་ལུགས་མ་ལག སྣོད་བཅུད་མ་ལག་གི་འཁོར་རྒྱུག་བཟང་པོ་དང་ཁོར་ཡུག་ཉེན་ཁ་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱ་རྒྱུ་གཙོ་གནད་དུ་བྱེད་པའི་སྣོད་བཅུད་བདེ་འཇགས་མ་ལག་བཅས་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། སྣོད་བཅུད་ཤེས་དཔལ་མ་ལག་མགྱོགས་མྱུར་བསྐྲུན་ནས་2035ལོར་སླེབས་སྐབས་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་རྩ་བའི་ཆ་ནས་ལེགས་སུ་འགྲོ་ཐུབ་པ་དང་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྣོད་བཅུད་ཤེས་དཔལ་བཅས་ཀྱི་རྣམ་པ་ཕྱོགས་ཡོངས་ནས་མཐོར་འདེགས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་ཁྱོན་ཡོངས་ནས་ཆགས་པར་བྱེད་པ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་སྣོད་བཅུད་ཁོར་ཡུག་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་སྦགས་བཙོག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ཇུས་ཤིག་རེད། གཙོ་གནད་ནི་དཔལ་འབྱོར་གྲུབ་ཆ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་ཁྱབ་ཚུལ་བཟང་སྒྲིག ས་ཁོངས་དང་འབབ་རྒྱུད་ཀྱི་ཐོན་ལས་བཀོད་པ་ལེགས་སྒྲིག ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་དང་། ཐོན་སྐྱེད་ཐོན་ལས་གཙང་མ། ནུས་རྒྱུ་གཙང་མའི་ཐོན་ལས་བཅས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ཁུངས་ཕྱོགས་ཡོངས་ནས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་མ་ལག་དང་འཚོ་བའི་མ་ལག་འཁོར་རྒྱུག་སྦྲེལ་མཐུད་ཐུབ་པ། སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ཏེ་རྒྱས་སྤྲོས་ཆུད་ཟོས་དང་ལུགས་དང་མི་མཐུན་པའི་འཛད་སྤྱོད་བྱ་རྒྱུར་ངོ་རྒོལ་བྱེད་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམངས་འཚོའི་སྔོན་འགྲོའི་ཁྱབ་ཁོངས་སུ་འཇོག་དགོས། དགུང་སྔོན་སྲུང་སྐྱོང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེ་ཡིན་པས་མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་རྒྱུ་དེ་བཙན་ཞིང་ནན་པའི་བླང་བྱར་བརྩིས་ཏེ་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་གཞི་རྩའི་ཆ་ནས་མི་ཡོང་བ་བྱས་ཏེ་མི་སེར་ལ་ཉིན་མོ་དགུང་སྔོན་དང་སྤྲིན་དཀར་དང་མཚན་མོ་སྐར་ཚོགས་ཁྲ་ཆིལ་ཆིལ་མཐོང་རྒྱུ་ཡོད་པ་བྱེད་དགོས། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་འཐུང་ཆུའི་བདེ་འཇགས་འགན་ལེན་དང་གྲོང་ཁྱེར་གྱི་དྲི་ངད་ཀྱི་བཙོག་ཆུ་གཞི་རྩའི་ཆ་ནས་མི་ཐོན་པ་བྱས་ཏེ་མི་སེར་ལ་ཆུ་མོ་དྭངས་ཤིང་གཙང་བ་དང་ཉ་མོ་ཅི་དགར་རོལ་བའི་མཛེས་ལྗོངས་ཀྱི་རྣམ་པ་ཞིག་བསྐྲུན་དགོས། ས་རྒྱུའི་སྦགས་བཙོག་འགོག་བཅོས་ཀྱི་བྱ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཙོ་གནད་ས་ཁོངས་དང་། ལས་རིགས། བཙོག་དངོས་བཅས་ལ་གཞིགས་ནས་ས་རྒྱུའི་སྦགས་བཙོག་དོ་དམ་ཚོད་འཛིན་དང་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཉེན་ཁ་སྔོན་འགོག་བྱས་ཏེ་མི་སེར་ལ་བློ་བདེའི་ཟས་བཟའ་རྒྱུ་ཡོད་པ་དང་བདེ་འཇགས་ཀྱི་སྡོད་གནས་ཡོད་པ་བྱེད་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ཏེ་མི་སེར་གྱིས་འདབ་ཆགས་ཀྱི་སྐད་སྙན་ཐོས་རྒྱུ་ཡོད་པ་དང་དྲི་ཞིམ་མེ་ཏོག་དང་ཞིང་ནང་གི་མཛེས་ལྗོངས་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས།
           ཞི་ཅིན་ཕིང་གིས་བསྟན་དོན། སྣོད་བཅུད་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ནུས་ལྡན་བྱེད་དགོས། སྣོད་བཅུད་ཁོར་ཡུག་གི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་གལ་ཆེན་ཞིག་ཀྱང་རེད། སྣོད་བཅུད་ཁོར་ཡུག་གི་ཉེན་ཁ་དེ་རྒྱུན་རྣམ་ཅན་གྱི་དོ་དམ་ནང་བཅུག་ནས་ཞིབ་ཅིང་ཕྲ་བའི་ངང་བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་མང་བའི་སྣོད་བཅུད་ཁོར་ཡུག་གི་ཉེན་ཁའི་དོགས་ཟོན་མ་ལག་བསྐྲུན་དགོས། སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བཏོན་ཟིན་པའི་སྒྱུར་བཅོས་བྱེད་ཐབས་དམིགས་སར་འཁྱོལ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་དུས་ཐོག་ཏུ་སྒྱུར་བཅོས་ཀྱི་ཇུས་གཞི་གསར་པ་བཟོ་དགོས།
           ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲོམ་ར་ཅན་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཐོན་ཁུངས་ཁོར་ཡུག་གི་རིན་ཐང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར། རྣམ་གྲངས་གལ་ཆེན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་སྣོད་བཅུད་ཁོར་ཡུག་གི་གནད་དོན་གལ་ཆེན་ལ་ཐབས་ཇུས་རང་བཞིན་གྱི་སྒོ་ནས་ཞིབ་འཇུག་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་འགན་འཁུར་བའི་རྒྱལ་ཁབ་ཆེན་པོའི་རང་རྒྱལ་གྱི་གཟུགས་བརྙན་མངོན་པར་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།
           ཞི་ཅིན་ཅིང་གིས་ནན་བཤད་གནང་དོན། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི་དུས་ཚོད་ཛ་དྲག་པ་དང་། ལས་འགན་ལྕི་བ། དཀའ་ཚེགས་ཆེ་བ་བཅས་ཡོད་པས་དེ་ནི་དམག་འཐབ་ཆེ་མོ་ཞིག་དང་། དཀའ་གནད་ཀྱི་དམག་འཐབ་ཅིག དཀའ་ཚེགས་ཆེ་བའི་དམག་འཐབ་ཅིག་བཅས་ཡིན་པར་བརྟེན་ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་བཏང་ནས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ས་གནས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ནི་སྲིད་འཛིན་ས་ཁོངས་དེ་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁུར་བ་ཨང་དང་པོ་ཡིན་པས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་སྒྲུབ་ནས། སྡེ་ཚན་ཁག་གིས་ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཁོངས་སྲུང་བའི་འགན་འཁྲི་བསྒྲུབས་ཏེ་ལས་བགོས་མཐུན་སྦྱོར་གཞོགས་འདེགས་དང་མཉམ་དུ་ཤུགས་སྣོན་རྒྱག་དགོས། ཚན་རིག་དང་མཐུན་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཙུགས་ནས་དཔྱད་ཞིབ་འབྲས་བུ་དེ་རིམ་ཁག་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་བྱ་དགའ་ཆད་གཅོད་དང་གནས་སྤར་བེད་སྤྱོད་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་དགོས། སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་བདའ་འདེད་གཏོང་བ་དང་། འགན་འཁྲི་བདའ་འདེད་གཏོང་ཕོད་པ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ཚེ་གང་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡོད་པ་བཟོ་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཁྲིམས་ནན་པའི་དཔུང་ཁག་ཅིག་བསྐྲུན་ནས་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ། འགན་འཁྲི་འཁུར་ཕོད་པ་བཅས་དང་སྡུག་བསྲན་ཁྱད་པར་ཐེག་པ་དང་། དམག་འཐབ་ཁྱད་པར་འཇོན་པ། ལེགས་སྐྱེས་ཁྱད་པར་འབུལ་བ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་སྐྲུན་རྒྱུར་དོ་ཁུར་དང་རྒྱབ་སྐྱོར་བྱས་ནས་རང་འགུལ་ངང་ལས་ཀ་སྒྲུབ་ཕོད་མཁན་དང་འཇོན་ཐང་ལྡན་པའི་ལས་བྱེད་པར་རྒྱབ་རྩ་དང་སྐུལ་ལྕག་བྱེད་དགོས།
           ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྣོད་བཅུད་ཤེས་དཔལ་མ་ལག་སྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། ལམ་ལུགས་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དམ་འཛིན་ནན་པོ་བཅས་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས། གཙོ་གནད་ས་ཁོངས་དང་གཙོ་གནད་ཁྱབ་ཁོངས་དམ་འཛིན་བྱས་ནས་བཟོ་ལས་དང་། རྡོ་སོལ། འཕྲུལ་སྒུལ་འཁོར་རིགས་བཅས“སྦགས་བཙོག་འབྱུང་ཁུངས་ཆེན་པོ་གསུམ”བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགུང་སྔོན་སྲུང་བའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། “ཆུའི་སྐོར་གྱི་སྲོལ་ཡིག་བཅུ”དང་། “སའི་སྐོར་གྱི་སྲོལ་ཡིག་བཅུ”ལག་བསྟར་གཏིང་ཟབ་བྱས་ནས་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་ཆས་སྐྲུན་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། དམིགས་ས་ཡོད་པའི་སྒོ་ནས་སྦགས་བཙོག་བྱུང་བའི་ཞིང་ས་བཅོས་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་གད་སྙིགས་དང་། བཙོག་ཆུ་བཅོས་སྒྲིག གྲོང་ཚོའི་བཀོད་པ་ལེགས་སུ་གཏོང་རྒྱུ་བཅས་གཙོ་རྒོལ་ཁ་ཕྱོགས་སུ་བརྩིས་ནས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱིས་གྲོང་གསེབ་ལ་མ་འཇོག་བྱ་རྒྱུ་དེའི་ཕྱོགས་སུ་གཞོལ་དགོས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་འགོག་བཅོས་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་གསར་པ་དང་། ལས་སྒོ་གསར་པ། བྱེད་ཐབས་གསར་པ་སོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་རིག་ནུས་ཅན་དང་དྭངས་གཙང་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ནུས་རྒྱུ་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ནུས་རྒྱུ་གཙང་མ་སྤྱོད་པའི་ཆུ་ཚད་མཐོ་རུ་བཏང་སྟེ་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་དགོས། སྟབས་བདེ་ཚད་རན་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་ཡོང་བར་སྐུལ་འདེད་གཏོང་དགོས། སྣོད་བཅུད་སྲུང་སྐྱོང་སླར་གསོ་ཡོང་རྒྱུར་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་སྐྲུན་དགོས། གཅིག་གྱུར་གྱི་བར་མཐོངས་འཆར་འགོད་མ་ལག་དང་མཐུན་སྦྱོར་དང་གོ་རིམ་ལྡན་པའི་རྒྱལ་ཁབ་ས་ཆ་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་བསྐྲུན་ནས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་གིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཁྱོན་ཡོངས་སྲུང་སྐྱོང་དང་ཞིབ་ཕྲ་སླར་གསོ། ས་ཁོངས་སྤྱི་འདོམས། ཕྱོགས་བསྡུས་བཅོས་སྒྲིག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་འདོམས་དང་ཀུན་ལ་ལྟ་རྟོག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་། སྲིད་གཞུང་གི་གཙོ་ཁྲིད་དང་ཁེ་ལས་ཀྱི་བྱེད་པོའི་ནུས་པ་མཐུན་སྦྱོར་འདོན་སྤེལ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཡུན་རིང་དམག་འཐབ་མཐུན་སྦྱོར་ངང་ཡག་པོ་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
           ལི་ཁེ་ཆང་གིས་ནན་བཤད་གནང་དོན། སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། རྒྱུན་རྣམ་ཅན་དང་བརྟན་ལྷིང་གི་ནོར་སྲིད་མ་དངུལ་གཏོང་སྒོའི་ལམ་སྲོལ་རིམ་གྱིས་འཛུགས་པ་དང་སྣ་མང་གི་ཁོར་ཡུག་སྲུང་སྐྱོང་གཏོང་སྒོའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ལ་ཕན་པའི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གི་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སེམས་ནུས་དེ་བས་མང་བ་ཁོར་ཡུག་སྲུང་སྐྱོང་ཚུད་པའི་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཐོག་འཇོག་དགོས། འགག་རྩའི་ལག་རྩལ་དང་སྒྲིག་ཆས་ལ་དམ་འཛིན་བྱས་ནས་འགག་སྒྲོལ་ཡོང་བ་བྱེད་དགོས། ལྟ་བཤེར་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཡོངས་སུ་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས།
           ཧན་ཀྲེང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ནན་ཏན་ངང་སློབ་སྦྱོང་དང་གོ་བ་བླངས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྣོད་བཅུད་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་དགོས་པ། སྣོད་བཅུད་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོང་བ་བྱ་རྒྱུ་ནི་དམངས་འཚོར་ཕན་འདོགས་པའི་དམིགས་ཡུལ་ཡིན་པའི་སྙིང་སྟོབས་དེ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པའི་ཞིབ་ཕྲའི་དགོངས་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་ཕན་ནུས་ཀྱི་རང་བཞིན་མཐོ་རུ་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ནས་སྲིད་ཇུས་དང་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་དོན་འཁྱོལ་ཐུབ་པ་དང་། བཀོལ་སྤྱོད་ཆོག་པ། ཕན་འབྲས་ཐོན་པ་བཅས་ཡོང་བ་བྱེད་དགོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས། ཐམས་ཅད་དོན་དངོས་ལ་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་རྩ་ལག་མཉམ་བཅོས་དང་། རྩ་བཅོས་མངོན་གསལ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་འཕྲལ་བདེ་འཕྲལ་ཕན་དང་ཕྱི་ཚུལ་གྱི་རྣམ་པ་གཏན་འགོག་བྱེད་དགོས། དམིགས་ཚད་དམ་པོར་བཟུང་ནས་ལས་དོན་ཁག་ཏན་ཏིག་སྒྲུབ་པ་དང་བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་དམིགས་ཚད་ལ་དམ་པོར་གཞིགས་ནས་གནད་དོན་ཐག་གཅོད་བྱེད་དགོས། ཁྲིམས་བཞིན་ཐག་གཅོད་དང་ཁྲིམས་ལག་བསྟར་ནན་པོ་བྱས་ནས་འབྲེལ་ཡོད་ཀྱི་སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་སྲུང་སྐྱོང་དང་འབྲེལ་ཡོད་ཀྱི་ཁྲིམས་འཛིན་འགན་འཁྲི་དང་དཔུང་ཁག་བསྡུ་སྒྲིལ་དམ་ཟབ་བྱེད་དགོས། འགག་སྒྲོལ་དམག་འཐབ་ཀྱི་དམིགས་ཚད་དང་ལས་འགན་ཁག་གི་བསྡོམས་རྩིས་དཔྱད་ཞིབ་ཀྱི་གྲངས་གཞི་དོན་དངོས་ཡང་དག་ཡོང་རྒྱུར་འགན་ལེན་བྱས་ཏེ་ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།