ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

སྤེལ་དུས 2018-05-25 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྩིས་བཤེར་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་དང་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་བཙུགས་པ་ནི་ཏང་གིས་རྩིས་བཤེར་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་གི་རྩིས་བཤེར་བྱ་བའི་བཀོད་སྒྲིག་དང་རེ་བ་དངོས་འབེབས་བཟང་བོ་བྱས་ཏེ། རྒྱལ་ཡོངས་ཀྱི་རྩིས་བཤེར་བྱ་བའི་གཅིག་གྱུར་བཀོད་སྒྲིག་ལ་ཤུགས་སྣོན་ཞིང་རྩིས་བཤེར་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། རྩིས་བཤེར་བྱ་བ་ནན་ཏན་སྒོས་སྒྲུབ་པ་དང་རྩིས་བཤེར་བྱ་བར་གཟབ་ནན་བྱེད་པ། གཟབ་ནན་སྒོས་འགན་འདྲི་བྱེད་དགོས་ལ། ཧུར་ཐག་སྒོས་གཅིག་བསྡུས་གཅིག་གྱུར་དང་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ། དབང་ཟིལ་དང་ཕན་འབྲས་མཐོ་བའི་རྩིས་བཤེར་ལྟ་རྟོག་མ་ལག་གསར་སྐྲུན་བྱས་ནས། རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ལྟ་རྟོག་མ་ལག་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།
           ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ལེ་ཅི་བཅས་གྲོས་ཚོགས་ལ་ཞུགས།
           ཞི་ཅིན་ཕིང་གིས་གསུངས་རྒྱུར། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ལྟ་རྟོག་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་སུམ་ཅུའི་རིང་ལ། རྒྱལ་ཁབ་ཀྱི་ནོར་སྲིད་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོབ་དང་ནོར་སྲིད་མ་དངུལ་བཀོལ་སྤྱོད་ཕན་འབྲས་ཇེ་མཐོར་གཏོང་བ། སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགན་སྲུང་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་བཏོན། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གི་བཀའ་ཁྱབ་ལག་བསྟར་མཐའ་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཟེར།
           ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། ལྷག་པར་དུ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཧུར་ཐག་དང་རང་འགུལ་སྒོས་རྩིས་བཤེར་བྱ་བར་གཞོགས་འདེགས་བྱེད་པ་དང་། ཁྲིམས་ལྟར་རང་རྟོགས་སྒོས་རྩིས་བཤེར་ལྟ་རྟོག་དང་ལེན་བྱེད་དགོས་ལ། རྩིས་བཤེར་ཁྲོད་དུ་རྩད་ཆོད་པའི་གནད་དོན་ལ་ནན་ཏན་སྒོས་དག་ཐེར་བཅོས་སྒྱུར་བྱེད་པ་དང་། རྩིས་བཤེར་ཐད་བཏོན་པའི་གྲོས་གཞི་ལ་ཞིབ་འཇུག་དང་དང་ལེན་བྱས་ནས་ཁྱབ་ཁོངས་སོ་སོའི་སྲིད་ཇུས་བྱེད་ཐབས་དང་སྒྲིག་ལམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། རྩིས་བཤེར་ལས་ཁུངས་ཀྱིས་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས་སྒྲིག་ལམ་དང་གཏན་འཁེལ་ལ་འགལ་བར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས་ཟེར།
           ཚོགས་ཐོག་ནས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་སྲོལ་དང་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་བྱ་བའི་སྒྲིག་སྲོལ་ཞིབ་ཕྲ། ཉིས་སྟོང་བཅུ་བདུན་ལོའི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གནས་ཚུལ་ལ་རྩིས་བཤེར་བྱས་པའི་སྙན་ཞུ། ཉིས་སྟོང་བཅོ་བརྒྱད་ལོའི་ཞིང་ཆེན་དང་པུའུ་རིམ་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགོ་ཁྲིད་མི་སྣའི་དཔལ་འབྱོར་འགན་འཁྲི་རྩིས་བཤེར་དང་རང་བྱུང་ཐོན་ཁུངས་མ་རྩའི་གོ་གནས་ལས་བབས་པ་དང་གོ་གནས་དང་ལེན་བྱེད་པའི་སྐབས་ཀྱི་རྩིས་བཤེར་འཆར་གཞི་སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།