ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཞིབ་བསྡུར་འཛིན་གྲྭའི་ཐོག་གསུང་བཤད་གནང་བ།

སྤེལ་དུས 2019-01-22 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
             ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་གཙོ་བོའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་འགོ་འཛུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས། སྔོན་འགོག་ཚོད་འཛིན་ནུས་པ་གོང་མཐོར་བཏང་ནས་ཉེན་ཁ་ཆེན་པོ་འགོག་སེལ་ཏན་ཏིག་བྱ་རྒྱུ་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུ་རྒྱུན་མཐུད་བྱས་ནས་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཐུབ་རྒྱུ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་གསུངས་གནང་ཡོད། ལི་ཁེ་ཆང་གིས་མཛད་སྒོ་གཙོ་སྐྱོང་གནང་བ། ལི་ཀྲན་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་མཛད་སྒོར་ཞུགས་གནང་བ།
             ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་གཙོ་བོས་མ་མཐའི་རིགས་ལམ་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་ཆེན་པོ་འགོག་སེལ་ནུས་ལྡན་བྱེད་པའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭ་སྤྱི་ཚེས་༢༡ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འགོ་ཚུགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གལ་ཆེའི་གསུང་བཤད་གནང་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱི་ཕྱོགས་ཀྱི་ཁོར་ཡུག་འགྱུར་ལྡོག་གཏིང་ཟབ་འགྲོ་བ་དང་རང་རྒྱལ་གྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ལ་འཕྲད་པའི་གནས་ཚུལ་གསར་པ་དང་། གནད་དོན་གསར་པ། འགྲན་རྩོད་གསར་པ་བཅས་ལ་རྒྱུས་ལོན་གཏིང་ཟབ་དང་ཁོང་དུ་ལེགས་པོ་ཆུད་པ་བྱེད་པ། མ་མཐའི་རིགས་ལམ་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་འདུ་ཤེས་ཤུགས་ཆེར་གཏོང་བ། དོ་དམ་ཚོད་འཛིན་ནུས་པ་གོང་མཐོར་གཏོང་བ། ཉེན་ཁ་ཆེན་པོ་འགོག་སེལ་ཏན་ཏིག་བྱེད་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བ་དང་སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་ཡོང་རྒྱུ་རྒྱུན་མཐུད་བཅས་བྱས་ཏེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་པོ་ཆེ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་སྟོབས་ཆེའི་འགན་སྲུང་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་གིས་འཛིན་གྲྭ་གཉེར་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཀྲན་ཧྲུའུ་དང་། ཝང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་འཛིན་གྲྭ་གཉེར་སྒོ་ཚུགས་པའི་མཛད་སྒོར་ཞུགས་གནང་ཡོད།
             ཞི་ཅིན་ཕིང་གིས། མིག་སྔའི་རང་རྒྱལ་གྱི་དུས་བབ་སྤྱིའི་ཆ་ནས་ལེགས་པོ་ཡོད་པ་དང་། ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་ཡིན་པ། ཏང་ཡོངས་ཀྱི་འདུ་ཤེས་བཞི་དང་། བློ་སྤོབས་བཞི། སྲུང་སྐྱོང་གཉིས་བཅས་མངོན་གསལ་དོད་པོས་ཤུགས་ཆེར་ཕྱིན་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་དགེ་མཚན་ལྡན་པ་དང་། སྐྱོན་བྲལ། ཡར་ཐོན་བཅས་ཀྱི་འཕེལ་ཚུལ་མངོན་པ། དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་འགྲོ་བའི་འཕེལ་ཚུལ་རྒྱུན་མཐུད་ཐུབ་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བློ་གཅིག་སེམས་གཅིག་དང་། དཔའ་ངར་ཆེར་སྐྱེད་ཡིན་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོའི་བརྟན་ལྷིང་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད་ཅེས་བསྟན་གནང་བ་དང་།
             ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད། ཆབ་སྲིད་དང་། འདུ་ཤེས་འཛིན་སྟངས། དཔལ་འབྱོར། ཚན་རྩལ། སྤྱི་ཚོགས། ཕྱི་ཕྱོགས་ཁོར་ཡུག ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཆེན་པོ་འགོག་སེལ་བྱེད་རྒྱུའི་ཐད་དབྱེ་ཞིབ་གཏིང་ཟབ་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཁོང་གིས། འགྱུར་ལྡོག་ལ་ཚོད་དཔག་ཐུབ་དཀའ་བའི་རྒྱལ་སྤྱིའི་དུས་བབ་དང་། རྙོག་འཛིང་ཆེ་ཞིང་ཚོར་སྣང་སྐྱེན་པའི་མཐའ་འཁོར་གྱི་ཁོར་ཡུག བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ལས་འགན་ལྗིད་པོར་ཁ་གཏད་གཅོག་པར། ང་ཚོས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་དོགས་ཟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་གཅིག་ནས་རྒྱུན་ལྡན་མིན་པའི་དོན་རྐྱེན་ཐོན་རྒྱུར་ཚད་མཐོའི་དོགས་ཟོན་བྱེད་དགོས་ལ། ཕྱོགས་གཞན་ཞིག་ནས་ཐོན་མང་བའི་དོན་རྐྱེན་ལ་ཡང་དོགས་ཟོན་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་སྔོན་ལ་ཉེན་ཁ་འགོག་སྲུང་བྱེད་མཁན་ཡོད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཉེན་ཁའི་འགྲན་རྩོད་ལ་ཁ་གཏད་གཅོག་ཆེད་དང་དེ་སེལ་བྱའི་ཇུས་བཟང་ཡང་ཡོད་དགོས། ཕྱོགས་གཅིག་ནས་ཉེན་ཁ་སྔོན་འགོག་བྱེད་པའི་གྲ་སྒྲིག་དམག་འཐབ་ལེགས་པོ་རྒྱག་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཉེན་ཁ་ཞི་ལྷོད་དུ་གཏོང་རྒྱུ་དང་། ཉེན་ཁ་གོ་སྐབས་སུ་འགྱུར་བའི་ཐབས་ཇུས་ཀྱི་རང་འགུལ་དམག་འཐབ་ཀྱང་ཡག་པོ་རྒྱག་དགོས་ཞེས་ནན་གསུངས་གནང་ཡོད།
             ཞི་ཅིན་ཕིང་གིས། རིམ་པ་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་ཁག་དོན་འཁྱོལ་བྱས་ཏེ། རང་རྒྱལ་གྱི་ཆབ་སྲིད་བདེ་འཇགས་འགན་ལེན་བྱ་དགོས། གླེང་ཕྱོགས་གཙོ་བོ་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། དྲ་སྦྲེལ་ཕྱོགས་བསྡུས་ཀྱི་བཅོས་སྐྱོང་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ། ཁྲིམས་ལྟར་དྲ་སྦྲེལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ན་གཞོན་མི་རབས་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀའི་ནང་དོན་དང་རྣམ་པ་ཟམ་མི་ཆད་པར་གསར་གཏོད་བྱེད་པ། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་གྲུབ་པར་སློབ་གསོ་དང་སྣེ་ཁྲིད་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་ཀྱི་བློ་སྤོབས་བཅས་ཤུགས་ཆེར་འགྲོ་བ་བྱས་ནས། གཞོན་ནུའི་མི་རབས་རྣམས་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱེད་མཁན་དང་རྒྱུན་འཛིན་པར་གསོ་སྐྱོང་བྱ་དགོས་ཞེས་བསྟན་གནང་བ་དང་།
             ཞི་ཅིན་ཕིང་གིས། མིག་སྔའི་ཆར་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་སྤྱིར་ན་ལེགས་པོ་ཡོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཐད་འཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གྱི་ཆ་རྐྱེན་ལ་གཏིང་ཟབ་ཅིང་རྙོག་འཛིང་ལྡན་པའི་འགྱུར་ལྡོག་འབྱུང་བཞིན་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་བྱེད་པའི་བརྒྱུད་རིམ་ནང་དཀའ་ངལ་དང་འགྲན་རྩོད་ཁ་ཤས་འཕྲད་སྲིད་པ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོའི་ཐོག་འགྱུར་བ་ཡོད་པ་དང་། འགྱུར་བའི་ཁྲོད་དུ་སེམས་ཁྲལ་བྱེད་དགོས་པའི་ཆ་ཡང་ཡོད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུ་དེ་ཁ་ཕྱོགས་ཡང་དག་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཡང་དཀའ་ངལ་དང་ཉེན་ཁ་རྟག་ཏུ་དྲན་པའི་འདུ་ཤེས་ཀྱང་ཆེ་རུ་གཏོང་དགོས། ཆུ་མ་ཤོར་གོང་ནས་རགས་རྒྱག་པ་དང་། གནད་འཁེལ་ཞིབ་དཔྱད་བྱས་ཏེ། དཔལ་འབྱོར་ཁྱབ་ཁོངས་སུ་ཐོན་བཟོ་ཡོད་པའི་ཉེན་ཁ་ཚབས་ཆེན་ལ་ཁ་གཏད་འོས་འཚམ་གཅོག་དགོས།
             ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྟན་པོའི་ཁྲོད་འཕར་སྣོན་ཡོང་བ་དང་ཉེན་ཁ་འགོག་པའི་འབྲེལ་བ་དོ་སྙོམས་ཡག་པོ་བྱེད་པ་དང་། འགྱུར་ལྡོག་འགྲོ་སྟངས་དང་ཤུགས་ཚད་དམ་འཛིན་ཡག་པོ་བྱ་དགོས། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཡུན་རིང་ནུས་པ་ལྡན་པའི་སྒྲིག་གཞིའི་ཇུས་གཞི་བརྟན་པོ་ལག་བསྟར་བྱེད་དགོས། ཁྲོམ་རའི་སེམས་ཁམས་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་འདོན་པ་ཡིས་དངུལ་རྩའི་ཁྲོམ་རར་ཤུགས་རྐྱེན་ཐེབས་ཚུལ་ལ་དཔྱད་དཔོག་ཡག་པོ་བྱེད་དགོས་པ་དང་། སྔོན་དཔག་ཁྲིད་སྟོན་བྱེད་མཁས་པོ་ཡོད་དགོས། ཁྲོམ་རའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྟ་སྐུལ་དོ་དམ་གྱི་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་དང་། མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་རིགས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བ་དང་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་མཐོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་བརླིང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་དགོས། བེམ་རོ་ལྟ་བུའི་ཁེ་ལས་ཐག་གཅོད་བྱེད་པའི་ཁྲོད་དུ་སྤེལ་འགོ་འཛུགས་དཀའ་བ་དང་། ལག་བསྟར་དཀའ་བ། མི་སྣ་བཀོད་སྒྲིག་བྱེད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཁྲོམ་ར་གཙང་བཟོ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་ནས། ལྷག་བསྡད་པའི་ཐོན་ཁུངས་ཕོན་ཆེན་དེ་དག་གི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ཕན་ནུས་ལྡན་པའི་བྱེད་ཐབས་བཟུང་ནས། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།
             ཞི་ཅིན་ཕིང་གིས། ཚན་རྩལ་ཁྱབ་ཁོངས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མ་ལག་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་ཁུངས་བཀོད་སྒྲིག་བསྐྱར་ཟློས་དང་། ཚན་རིག་ཞིབ་འཇུག་གི་སྟོབས་ཤུགས་ཁ་ཐོར་ཡིན་པ། གསར་གཏོད་ཀྱི་གཙོ་གཟུགས་ནུས་པ་ཁ་གསལ་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་། གསར་གཏོད་མ་ལག་གི་སྤྱི་ཡོངས་ནུས་པ་གོང་མཐོར་གཏོང་དགོས། ཞན་ཆ་གང་མགྱོགས་གསབ་པ་དང་། རང་བརྟེན་གསར་གཏོད་ཀྱི་ལམ་ལུགས་དང་ལམ་སྲོལ་གྱི་བཟང་ཆ་འཛུགས་པ། གསར་གཏོད་ཁྱབ་ཁོངས་གཙོ་བོའི་འཐབ་ཇུས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་སྔོན་དཔག་བྱེད་པའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས་པ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་བཀོད་སྒྲིག་བྱ་རྒྱུ་དམ་འཛིན་བྱེད་པ། རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་གི་མ་ལག་བསྐྱར་སྒྲིག་བྱེད་པ། གསར་གཏོད་བྱེད་པའི་རྟེན་གཞི་གསར་པ་དང་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་འཛུགས་སྐྲུན་བྱེད་པ། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་སྒྲིག་གཞི་གསར་པ་འཐུས་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་ཚན་རྩལ་གྱི་ལས་འགན་གལ་ཆེན་གཅིག་གྱུར་གྱིས་འཆར་འགོད་དང་སྒྲིག་འཛུགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་བདེ་འཇགས་ཐད་ཉེན་བརྡ་གཏོང་བའི་ལྟ་ཞིབ་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། མི་ཐབས་ཀྱི་རིག་ནུས་དང་། གཞི་རྒྱུ་རྩོམ་སྒྲིག སྨན་བཅོས་ནད་བརྟག རང་འགུལ་འཁོར་གཏོང་། མི་མེད་གནམ་གྲུ། ཞབས་ཞུའི་འཕྲུལ་མི་སོགས་ཁྱབ་ཁོངས་ལ་གཞིགས་ནས། འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
             ཞི་ཅིན་ཕིང་གིས། སྤྱི་ཚོགས་ཀྱི་དུས་བབ་ཧྲིལ་པོའི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པར། བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཁྱོན་ཡོངས་ནས་ལས་ཞུགས་དང་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་རྫས་འཕྲོད་བསྟེན། བཟའ་རིགས་བདེ་འཇགས། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བདེ་འཇགས། སྡོད་ཁང་ཁྲོམ་ར་སྙོམ་སྒྲིག་ཚོད་འཛིན་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིར་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་བྱེད་དགོས། ཁྲིམས་མཐུན་ཁེ་དབང་འགན་སྲུང་དང་ཁྲིམས་འགལ་ཉེས་གསག་ལ་རྡུང་རྡེག་གཏོང་རྒྱུ་གཉིས་ཀར་དམ་འཛིན་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་ཚོགས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་གྱོད་གཞིའི་གནོད་འཚེ་ཕོག་མཁན་མི་ཚོགས་དང་། ཉེས་བསགས་ལ་རྡུང་རྡེག་དང་སྔོན་འགོག་བྱ་རྒྱུ་དེ་ཉེན་ཁ་སེལ་བ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རྒྱུ་དང་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཉེས་བསགས་ཀྱི་རྒྱུ་ནོར་དང་ཉེས་བསགས་མི་སྣ་ཚོད་འཛིན་དང་། རྒྱུ་ནོར་ཕྱིར་སྤྲོད། སློབ་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། མུ་མཐུད་ནས་ངན་ཚོགས་མེད་པ་བཟོ་བའི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། ནག་ཚོགས་དང་ངན་ཚོགས་དང་འབྲེལ་བ་ཡོད་པའི་ཚབས་ཆེའི་གྱོད་གཞི་དང་སྟོབས་ཤུགས་ངན་པའི་དཔལ་འབྱོར་རྨང་གཞི། དེའི་རྒྱབ་ཕྱོགས་ཀྱི་འབྲེལ་བའི་དྲ་བ། དེའི་རྒྱབ་བདག་མཐར་པར་མི་གཏོང་བར། འགོག་སྲུང་དང་། རྡུང་རྡེག་ཟུང་འབྲེལ་དང་རྩ་ལག་མཉམ་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་ཞེས་བསྟན་པ་དང་།
             ཞི་ཅིན་ཕིང་གིས། འབུར་གཟུགས་ཅན་དང་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་མ་ལག་གསར་སྐྲུན་འཐུས་ཚང་བཟོ་བ་དང་། ཉེས་དོན་ཉེས་བསགས་ཀྱི་མཐོ་གནོན་ཟིལ་ཤུགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཆེ་རུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཧྥོང་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ། དུས་བདེའི་འཛུགས་སྐྱོང་གི་སྤྱི་ཚོགས་མཐུན་སྦྱོར་ལམ་སྒྲིག་གཞི་འཐུས་ཚང་བཟོས་ཐོག འབྱུང་རྩ་ནས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་པ་དང་།
             ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འགྲོ་བ་དེར་འགྱུར་བ་ཆེ་ཞིང་། འཛམ་གླིང་གི་ཟིང་ཆའི་འབྱུང་རྩ་དང་ཉེན་ཁའི་གནས་མང་དུ་ཕྱིན་པ། རང་རྒྱལ་ཕྱི་ཕྱོགས་ཀྱི་ཁོར་ཡུག་རྙོག་འཛིང་ཆེ་ཞིང་ཛ་དྲག་པོ་ཡོད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱི་གནས་བབ་ཧྲིལ་པོ་གཉིས་དང་། གོང་འཕེལ་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་འཆར་འགོད་ཀྱིས། གཅིག་ནས་གཙོ་གནད་ལ་དོ་ཁུར་བྱེད་པ་དང་། གཉིས་ནས་གནས་བབ་ཧྲིལ་པོར་གཞིགས་ཏེ། རིགས་ཁག་གི་ཉེན་ཁའི་མུ་འབྲེལ་མཉམ་འགུལ་ལ་ནུས་ལྡན་སྒོ་ནས་སྔོན་འགོག་བྱེད་དགོས། ཕྱི་ཕྱོགས་སུ་ཡོད་པའི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཤུགས་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་ཀྱི་གཙོ་གནད་རྣམ་གྲངས་དང་། མི་སྣ། དེ་བཞིན་ཚན་པའི་བདེ་འཇགས་འགན་ལེན་བྱེད་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་བཟོས་ནས། བདག་དབང་དང་བདེ་འཇགས། གོང་འཕེལ་ཁེ་ཕན་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། རང་རྒྱལ་གྱི་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཀྱི་ཆེད་ཕྱི་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་ཞེས་ནན་སྟོན་གནང་བ་དང་།
             ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ང་ཚོས་རང་ངོས་གསར་བརྗེའི་སྙིང་སྟོབས་ཐོག་ནས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཏང་ནང་ཁུལ་དུ་ལྷག་པའི་ཚབས་ཆེའི་མངོན་མེད་རྐྱེན་ངན་སེལ་བས། གྲུབ་འབྲས་ནི་མངོན་གསལ་དོད་པོ་ཡིན། འོན་ཀྱང་དེའི་ཐོག་ནས་ང་ཚོ་བློ་བདེ་བག་ཕེབས་བྱེད་ཆོག་པ་མཚོན་གྱི་མེད། ཏང་ལ་འཕྲད་པའི་ཡུན་རིང་སྲིད་འཛིན་ཚོད་བགམ་དང་། བསྒྱུར་བཅོས་སྒོ་དབྱེའི་ཚོད་བགམ། ཁྲོམ་རའི་དཔལ་འབྱོར་ཚོད་བགམ། ཕྱི་ཕྱོགས་ཁོར་ཡུག་ཚོད་བགམ་བཅས་ལ་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལྡན་ཡོད་པ་དང་། ཏང་གི་མདུན་དུ་འཕྲད་པའི་བསམ་པ་ལྷོད་གཡེང་གི་ཉེན་ཁ་དང་། འཇོན་ཐང་མི་འདང་བའི་ཉེན་ཁ། མང་ཚོགས་དང་བྲལ་བའི་ཉེན་ཁ། སྒྱིད་ལུག་རུལ་སུངས་ཀྱི་ཉེན་ཁ་བཅས་ལ་རྣོ་ངར་རང་བཞིན་དང་ཛ་དྲག་རང་བཞིན་ལྡན་ཡོད་པས། དེ་ནི་དོན་དངོས་གནས་ཚུལ་ལ་གཞིགས་ནས་བཅད་པའི་བརྡར་ཤ་ཆེན་པོ་ཞིག་ཡིན། ཏང་ཡོངས་ཀྱིས་འདུ་ཤེས་བཞི་མཐོ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོ་ནས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ནན་སྲུང་བྱེད་པ། སྔ་ཕྱི་བར་གསུམ་དུ་མི་དམངས་བར་གྱི་ཤ་ཁྲག་འབྲེལ་བ་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭ་མི་རིགས་འདི་ཉིད་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། ང་ཚོའི་བསྒྱུར་བཅོས་དང་འཕེལ་རྒྱས་འདི་ཉིད་འགག་གཏོར་དཀའ་སེལ་དང་དཀའ་གནད་འགག་སྒྲོལ་བྱེད་པའི་གལ་ཆེའི་དུས་མཚམས་སུ་སླེབས་ཡོད་པས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འབད་འཐབ་ཡར་བརྩོན། འགག་རྩའི་དུས་སུ་ལས་དོན་སྒྲུབ་ཐུབ་མཁན་བཅས་ནི་དགོས་གལ་ཆེན་པོ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ང་ཚོར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གནོན་པའི་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཡིན་ནའང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ད་དུང་རྒྱལ་ཁ་མཐར་ཕྱིན་པ་ཐོབ་མེད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་པོ་ཡོད་ལ་རྙོག་འཛིང་ཆེ་བས། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པའི་ཆོད་སེམས་ཐོག་ནས་དེར་གཡོ་འགུལ་གཏན་ནས་གཏོང་མི་རུང་བ་དང་། རུལ་སུངས་གནད་དོན་ལ་རྡུང་རྡེག་གཏོང་ཤུགས་ཆུང་དུ་གཏོང་མི་རུང་བར། ངེས་པར་དུ་ནམ་ཡང་ལམ་དུ་ཡོད་པའི་སྙིང་སྟོབས་ཐོག་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།
             ཞི་ཅིན་ཕིང་གིས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་ནི། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་ཆབ་སྲིད་འགན་འཁྲི་ཡིན་པས། ཚང་མས་ས་ཆ་སྲུང་བའི་འགན་འཁྲི་ཡོད་པ་དང་། ས་ཆ་སྲུང་བའི་འགན་འཁུར་ནས། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བའི་ལས་དོན་དེ་དོན་དངོས་དང་ཞིབ་ཕྲ། ཡག་པོ་བཅས་ཀྱི་སྒོ་ནས་སྒྲུབ་དགོས། ཉེན་ཁའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། རྟག་ཏུ་གནས་བབས་ཆེན་པོར་ལྟ་བ་དང་། རྟག་ཏུ་གནས་བབས་ཧྲིལ་པོར་བསམ་བློ་གཏོང་བ། ཚན་རིག་དང་མཐུན་པའི་ངང་དུས་བབ་ཀྱི་འཕེལ་ཕྱོགས་དང་དེའི་ཁྲོད་གནས་པའི་ཉེན་ཁ་དང་འགྲན་རྩོད་སྔོན་དཔག་བྱས་ཏེ། སྔོན་ནས་སྔོན་འགོག་དང་གྲ་སྒྲིག་བྱེད་དགོས། ཉེན་ཁ་ཆེན་པོ་སེལ་བའི་ནུས་པ་མཐོ་རུ་གཏོང་བ་དང་། རྙོག་འཛིང་ཆེ་བའི་རྣམ་པ་བརྒྱུད་ངོ་བོ་ཁོང་དུ་ཆུད་པ་བྱེད་པ། གནད་འགག་འཛིན་ཐུབ་པ་དང་། གནས་ལ་འཕིགས་པའི་ངང་རྒྱུ་རྐྱེན་འཚོལ་བ། བློ་ཐག་ཆོད་པོས་བཀོད་ཇུས་བྱེད་པ། མང་ཚོགས་ལ་ཁྲིད་སྟོན་དང་མང་ཚོགས་སྒྲིག་འཛུགས་བྱེད་མཁས་པ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་བསྡུས་བྱེད་མཁས་པ་དང་། ཚན་རིག་དང་མཐུན་པའི་ངང་མི་སྣ་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ། ནུས་ལྡན་ངང་ཐག་གཅོད་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རིག་གཞུང་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། མ་ཁེ་སེ་རིང་ལུགས་ཀྱི་གཞི་རྩའི་རིག་གཞུང་སློབ་སྦྱོང་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ཤེས་རྟོག དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ། དེའི་བརྒྱུད་རིམ་ཁྲོད་ཀྱི་རྩོད་གྲུབ་དངོས་གཙོ་རིང་ལུགས་ཀྱི་འཛམ་གླིང་ལྟ་བ་དང་བྱ་ཐབས་རིག་པ་ཁོང་དུ་ཆུད་པ་བྱེད་པ། འཐབ་ཇུས་ཀྱི་རིག་ལམ་དང་། ལོ་རྒྱུས་ཀྱི་རིག་ལམ། རྩོད་གྲུབ་ཀྱི་རིམ་ལམ། གསར་གཏོད་ཀྱི་རིག་ལམ། ཁྲིམས་སྐྱོང་གི་རིག་ལམ། མ་མཐའི་ཚད་གཞིའི་རིག་ལམ་བཅས་ཀྱི་ནུས་པ་མཐོ་རུ་གཏོང་བ། རྙོག་འཛིང་ཆེ་བའི་འགན་ཟླའི་ཁྲོད་ནས་ཆོད་ཉིད་དམ་འཛིན་བྱེད་མཁས་པ་བཅས་བྱས་ཏེ། ཉམས་མྱོང་གསོག་འཇོག་ཟམ་མི་ཆད་པ་བྱེད་པ་དང་། ལྗོན་ཐང་ཆེ་རུ་འགྲོ་བ་བྱེད་དགོས། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཉེན་ཁ་ཞིབ་དཔྱོད་སྒྲིག་གཞི་དང་། བཀོད་ཇུས་ཀྱི་ཉེན་ཁའི་དཔྱད་དཔོག་སྒྲིག་གཞི། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་མཐུན་སྦྱོར་སྒྲིག་གཞི། ཉེན་ཁ་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲིའི་སྒྲིག་གཞི་བཅས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རང་འགུལ་ངང་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
             ཞི་ཅིན་ཕིང་གིས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བར། ཞུམ་པ་མེད་པའི་འཐབ་རྩོད་སྙིང་སྟོབས་དགོས་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་། འཐབ་རྩོད་བྱེད་ཕོད་པ་བྱེད་པ་དང་། འཐབ་རྩོད་སྙིང་སྟོབས་རྒྱུན་འཁྱོངས་དང་། འཐབ་རྩོད་བྱེད་པའི་ལྗོན་ཐང་མཐོ་རུ་བཏང་ནས། གཞོན་ནུ་ལས་བྱེད་པ་ཚོ་འཐབ་རྩོད་གལ་ཆེན་ཁྲོད་དངོས་དངོས་བྱིན་བྱིན་གྱི་ལས་དོན་གྲུབ་པར་གཏོང་དགོས། རིམ་ཁག་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པས་འཐབ་རྩོད་དང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་རྩོད་བྱེད་པའི་ལྗོན་ཐང་མཐོ་རུ་གཏོང་བ། འཐབ་རྩོད་སྙིང་སྟོབས་དུས་ནམ་ཡང་མི་ཉམས་པ། རྐང་ལམ་ཕྲ་མོ་བཅག་ནས་ལམ་ཆེན་གཏོད། དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱས་རྗེས་བསྐྱར་དུ་ཐོན་ཞེས་པའི་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཐོག་ནས། ཚབ་ཆེའི་ཉེན་ཁ་དང་འགྲན་རྩོད་ཚང་མར་ཁ་གཏད་བཅོག་པ་དང་། སྒྱུར་བཅོས་དང་གོང་འཕེལ་། བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་དངོས་སུ་ཡག་པོ་ཏན་ཏིག་གྲུབ་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།
             ལི་ཁེ་ཆང་གིས་འཛིན་གྲྭའི་འགོ་འཛུགས་མཛད་སྒོ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་དེས་འཐབ་ཇུས་དང་གནས་བབ་ཧྲིལ་པོའི་མཐོ་ཚད་ཐོག་ནས། མིག་སྔ་དང་སླད་ཕྱིན་དུས་མཚམས་ཞིག་རིང་རང་རྒྱལ་ལ་འཕྲད་པའི་བདེ་འཇགས་དུས་བབས་ལ་དབྱེ་ཞིབ་གནང་ཡོད་པ་དང་། ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་དགོས་པའི་ཉེན་ཁ་ཚབས་ཆེན་གསལ་སྟོན་གནང་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་། འགོ་ཁྲིད་ལས་བྱེད་པ་བཅས་ནས་ཉེན་ཁ་ཚབ་ཆེན་སྔོན་འགོག་དང་སེལ་བའི་ཆབ་སྲིད་འགན་འཁྲི་འཁུར་བའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད་ཅིང་། ཤུགས་ཆེའི་བསམ་བློའི་རང་བཞིན་དང་དམིགས་སའི་རང་བཞིན། འཛུབ་ཁྲིད་རང་བཞིན་བཅས་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུངས་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གཏིང་ཟབ་བྱེད་པ་དང་། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་བ་གཏིང་ཟབ་འགྲོ་བ་དང་རྒྱལ་ནང་གི་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ། འགྲན་རྩོད་གསར་པ་བཅས་དང་འབྲེལ་བ་དམ་ཟབ་བྱེད་པ། ཆབ་སྲིད་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ཆབ་སྲིད་འདུ་ཤེས་ཤུགས་ཆེར་གཏོང་བ། ཉེན་ཁ་ཚབ་ཆེན་སྔོན་འགོག་དང་སེལ་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། སེམས་ཤུགས་བརྟན་དུ་གཏོང་བ། འགན་འཁྲི་འཁུར་ཕོད་པ། འགན་འཁྲི་འཁུར་བ་བཅས་བྱས་ཏེ། ཉེན་ཁ་ཚབ་ཆེན་སྔོན་འགོག་དང་སེལ་བའི་ལས་དོན་ཁག་ཡག་པོ་གྲུབ་དགོས་ཞེས་གསུངས་ཡོད་པ་རེད།
             ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཡིན་པའི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཡིན་པའི་ཀྲུའུ་ཞི་གཞོན་པ། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་འཛིན་གྲྭའི་འགོ་འཛུགས་མཛད་སྒོར་ཞུགས་ཡོད་པ་རེད། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ། དམག་དཔུང་གི་ཚན་པ་ཆེ་ཁག་དང་ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཞིབ་བསྡུར་འཛིན་གྲྭར་ཞུགས་ཡོད། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པ། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་འཛིན་གྲྭའི་འགོ་འཛུགས་མཛད་སྒོར་ཟུར་ཞུགས་གནང་ཡོད་པ་རེད།