ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

《སྒྱུར་བཅོས་ཟབ་ཏུ་བཏང་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

སྤེལ་དུས 2019-05-22 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ།
 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
          ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྒྱུར་བཅོས་ཟབ་ཏུ་བཏང་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།
          བཟའ་བཅའི་བདེ་འཇགས་དེ་མི་དམངས་མང་ཚོགས་ཀྱི་གཟུགས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་དང་ཡང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཟའ་བཅའི་བདེ་འཇགས་འཐབ་ཇུས་ལག་བསྟར་བྱས་ཏེ་མི་དམངས་ཀྱིས་བློས་འགེལ་ཆོག་པའི་བཟའ་བཅའ་སྤྱོད་ཐུབ་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ལ་དམིགས་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་བཀོད་སྒྲིག་གལ་ཆེན་བྱས་པ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུའི་ལས་འགན་གལ་ཆེན་ཞིག་ཀྱང་རེད།
          གཅིག བཟའ་བཅའི་བདེ་འཇགས་ལ་འཕྲད་པའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་པ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཟའ་བཅའི་བདེ་འཇགས་ལས་དོན“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ནང་བཞག་ནས་སྤྱི་འདོམས་ཇུས་འགོད་དང་བཀོད་སྒྲིག་བྱས་པ་མ་ཟད། སྒྲིག་སྲོལ་ལམ་སྲོལ་དང་། བཅའ་ཁྲིམས་ཁྲིམས་སྲོལ། ཐོན་ལས་འཆར་འགོད། ལྟ་སྐུལ་དོ་དམ་སོགས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་སྤྱད་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད་པ་མ་ཟད། དུས་བབ་ཀྱང་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་ཞིག་ཡོད།
          མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད་པ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བདེ་ཐང་ཀྲུང་གོའི་འཐབ་ཇུས་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་ཆེད་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་གོ་སྐབས་མཁོ་འདོན་བྱས་ཡོད། ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཟབ་ཏུ་བཏང་ནས་ཆེས་ཚགས་ཚུད་ཀྱི་ཚད་གཞི་དང་། ཆེས་ནན་ཤོས་ཀྱི་ལྟ་འདོམས། ཆེས་ནན་ཤོས་ཀྱི་ཆད་གཅོད། ཆེས་གཟབ་ནན་གྱི་འགན་འཁྲི་བདའ་འདེད་བཅས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས།
          གཉིས། སྤྱིའི་བླང་བྱ།
          (གཅིག)མཛུབ་ཁྲིད་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ།  བརྟན་ཐོག་ཡར་བརྩོན་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། “ནན་ཤོས་བཞིའི”བླང་བྱར་བརྩི་སྲུང་། བཟའ་བཅའི་བདེ་འཇགས་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་འཛུགས་པ། ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ། བཟའ་བཅའི་བདེ་འཇགས་འཁོར་འབྲེལ་གྱི་སྤུས་ཚད་དང་བདེ་འཇགས་འགན་ལེན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པ་དེ་རེད།
          (གཉིས) རྩ་བའི་རྩ་དོན།
          —— བདེ་འཇགས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་འགན་ལེན་བྱས་ཏེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་དང་བདེ་འཇགས་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་གཅིག་གི་བདེ་འཇགས་འགན་ལེན་བྱེད་དགོས།
          —— གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས། སྤྱི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བརྩམས་ཏེ་རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་བསྟར་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
          —— སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། ཉེན་ཁར་ཚོད་སྐོར། མཁོ་སྤྲོད་འཁོར་འབྲེལ་དོ་དམ་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁ་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། “ཐོན་སྐྱེད”དང“དོ་དམ”ཕྱོགས་གཉིས་ཀར་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་ཐོན་སྐྱེད་གཉེར་སྐྱོང་མཁན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་ཉེན་ཁ་སེལ་དགོས།
          —— ཁྲིམས་བཞིན་ལྟ་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་སྲོལ་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ནན་པོར་བརྟེན་ནས་ཟིང་བཅོས་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཁྲིམས་བཞིན་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་ཞིང་ནང་ནས་གསོལ་ལྕོག་བར་གྱི་འགག་སྒོ་ནན་པོ་སྲུང་དགོས།
          —— སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་དགོས། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་ལྟ་འདོམས་གཏིང་ཟབ་བྱས་ཏེ་ལྟ་འདོམས་ཀྱི་འདུ་ཤེས་དང་ལྟ་འདོམས་བྱེད་ཐབས་གསར་གཏོད་དང་། མི་འདང་ས་དང་ཞན་ཆ་གསབ་ནས་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།
          —— མཉམ་བཅོས་དང་མཉམ་སྤྱོད་མཐའ་འཁྱོངས་བྱེད་དགོས། ཐོན་སྐྱེད་གཉེར་སྐྱོང་བས་རང་རྟོགས་ངང་བྱེད་པོའི་འགན་འཁྲི་བསྒྲུབས་པ་དང་། སྲིད་གཞུང་སྡེ་ཚན་གྱིས་ཁྲིམས་བཞིན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྤྱི་དམངས་སྤྱི་ཚོགས་ལྟ་འདོམས་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ཕྱོགས་ཁག་གིས་འགན་འཁྲི་གཙང་སྒྲུབ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཉམ་ཤུགས་མཉམ་བཅོས་བཅས་ཀྱི་ལས་དོན་གྱི་བཀོད་པ་ཆགས་པ་བྱེད་དགོས།
          (གསུམ) སྤྱིའི་དམིགས་ཚད།
          2020ལོར་སླེབས་སྐབས་ཉེན་ཁ་དབྱེ་ཞིབ་དང་མཁོ་སྤྲོད་འཁོར་འབྲེལ་དོ་དམ་ལ་གཞིགས་ནས་བཟའ་བཅའི་བདེ་འཇགས་ལྟ་འདོམས་མ་ལག་རགས་ཙམ་བཙུགས་ཏེ་ཞིང་ལས་ཐོན་ཟོག་དང་བཟའ་བཅའ་དཔེ་འཐེན་བརྟག་དཔྱད་བྱེད་ཚད་ཁག་བཞི་ལ་མི་ཐེངས་སྟོང་རེ་ཟིན་པ་དང་། ཞིང་ཞོར་ཐོན་ཟོག་གཙོ་བོའི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་ལོན་ཚད་97%ཡན་ཟིན་པ། བཟའ་བཅའི་དཔེ་འཐེན་བརྟག་དཔྱད་ཚད་ལོན་ཚད་98%ཡན་ཟིན་པ། ས་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་བཟའ་བཅའི་བདེ་འཇགས་ཉེན་ཁ་གལ་ཆེན་རྩ་བའི་ཆ་ནས་ཚོད་འཛིན་ཐུབ་པ། སྤྱི་དམངས་ཀྱིས་བཟའ་བཅའི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་རྩ་བའི་ཆ་ནས་མཐུན་པ་བྱ་རྒྱུ་རེད།
          2035ལོར་སླེབས་སྐབས་བཟའ་བཅའི་བདེ་འཇགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་རྩ་བའི་ཆ་ནས་མངོན་འགྱུར་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ཚད་གཞིའི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། ཐོན་སྐྱེད་ཁུལ་གྱི་ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་ནུས་ལྡན། ཐོན་སྐྱེད་གཉེར་སྐྱོང་པའི་འགན་འཁྲིའི་འདུ་ཤེས་དང་། ཁ་དན་ཚིག་གནས་ཀྱི་འདུ་ཤེས། བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་དོ་དམ་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། དཔལ་འབྱོར་ཁེ་ཕན་ལ་རྔམས་པའི་བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་ཉུང་དུ་གཏོང་བ། བཟའ་བཅའི་བདེ་འཇགས་ཉེན་ཁའི་དོ་དམ་ཚོད་འཛིན་ནུས་པ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ། ཞིང་ནང་ནས་གསོལ་ལྕོག་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་མ་ལག་འཁོར་སྐྱོད་ནུས་ལྡན། བཟའ་བཅའི་བདེ་འཇགས་གནས་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཚོས་བདེ་ཐང་དང་བློ་བདེའི་བཟའ་བཅའ་སྤྱོད་ཐུབ་པ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། རྡོ་རྗེ།