ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཅང་ཞི་ལ་རྟོག་ཞིབ་གནང་བ།

སྤེལ་དུས 2019-05-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སྐྱིད་པོ། མིག་དམར་རྒྱ་མཚོ། དབང་འདུས། བསྟན་འཛིན་འཇམ་དཔལ།
             ཞི་ཅིན་ཕིང་གིས་ཅང་ཞི་ལ་རྟོག་ཞིབ་གནང་བ་མ་ཟད་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་བཏང་ནས་འབད་བརྩོན་ཆེན་པོས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུངས་གནང་བ།
             ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་༥པའི་ཚེས་༢༠ཉིན་ནས་ཚེས་༢༢བར་ཅང་ཞི་ལ་རྟོག་ཞིབ་གནང་བ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་པ། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཧུར་བརྩོན་དང་རང་རྟོགས་སྒོ་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མཉམ་འདྲེས་ཐུབ་པ་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་གྱི་ཕྱོགས་བསྡུས་དངོས་ཤུགས་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པ་ཆེ་རུ་གཏོང་བ་བཅས་བྱས་ནས་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།
             དབྱར་གྱི་སྐབས་འདིར། ཀན་ཅང་གཙང་པོའི་ངོགས་གཉིས་སྔོ་ཐིང་ཐིང་དུ་གནས་པ་དང་། ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བའི་རྣམ་པས་ཁེངས་ཡོད། སྤྱི་ཚེས་༢༠ཉིན། ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཆི་དང་། ཞིང་ཆེན་གྱི་འགོ་འཛིན་དབྱི་ལན་ཧུང་གི་ཕེབས་རོགས་འོག ཀན་ཀྲའུ་གྲོང་ཁྱེར་གྱི་ཁེ་ལས་དང་། གྲོང་གསེབ། གསར་བརྗེའི་དྲན་གསོ་ཁང་བཅས་ལ་ཟབ་ཞུགས་གནང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་ས་ཡུལ་དངོས་སུ་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་དབུལ་སྒྲོལ་འགག་གཏོར་དང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་གནས་ཚུལ་མཁྱེན་རྟོགས་གནང་ཡོད།
             སྤྱི་ཚེས་༢༠ཉིན་གྱི་ཉིན་གུང་། ཞི་ཅིན་ཕིང་གནམ་གྲུར་བཞུགས་ཏེ་ཀན་ཀྲའུ་རུ་ཕེབས་འབྱོར་གནང་བ་དང་། ཐོག་མར་ཅང་ཞི་ཡི་ཅིན་ལི་ཡོང་ཚེ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཡོད། ཁེ་ལས་ཀྱི་འགྲེམས་སྟོན་ཁང་དུ་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ཐོན་སྐྱེད་ལས་གཉེར་དང་ཀན་ཀྲའུ་ཡི་ཤི་ཐུ་ཡི་ཐོན་ལས་གོང་འཕེལ་གྱི་གནས་ཚུལ་ངོ་སྤྲོད་ཞུས་པ་ནན་ཏན་ངང་གསན་གནང་བ་དང་། རང་རྒྱལ་གྱི་ཤི་ཐུ་ཡི་ཐོན་ཁུངས་ཀྱི་ཁྱབ་ཚུལ་དང་། གསར་སྤེལ་ལག་རྩལ། དངོས་སྤྱོད་གནས་ཚུལ། དེ་བཞིན་ཐོན་སྐྱེད་ལས་སྣོན་བྱེད་པའི་ཁྲོད་བཟུང་བའི་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། ཐོན་སྐྱེད་འཁོར་ཁང་ནང་ཞི་ཅིན་ཕིང་གིས་ཐུམ་སྒྲིལ་གྱི་རང་སྒུལ་ཞིབ་བཤེར་ཚད་ལེན་གྱི་འཕྲུལ་ཆས་དང་། ནུས་པ་མཐོ་བའི་བསྲེགས་ཐབ་སོགས་སྒྲིག་ཆས་ཐོན་སྐྱེད་ལས་གཉེར་བྱེད་པའི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་གནང་བ་མ་ཟད། ལས་ཡུལ་དངོས་སུ་ཡོད་པའི་བཟོ་པ་དང་མཛའ་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས་ཁེ་ལས་ནས་ཚན་ཞིབ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པ། སྐྱེ་ཁམས་ཉམས་བཟོར་སྣང་ཆེན་བྱས་པ་བཅས་ཀྱི་བྱ་ཐབས་ལ་གདེང་འཇོག་གནང་ཡོད། ཁོང་གིས། ལག་རྩལ་གསར་སྐྲུན་ནི་ཁེ་ལས་ཀྱི་སྲོག་རྩ་ལྟ་བུ་ཡིན། རང་བདག་ཤེས་བྱའི་ཐོན་དབང་དང་སྲོག་ཤིང་ལག་རྩལ་ཡོད་པ་བྱས་ཚེ། གཞི་ནས་སྲོག་ཤིང་གི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་ཐོན་སྐྱེད་བྱེད་ཐུབ་པ་དང་། གཞི་ནས་འགྲན་རྩོད་དྲག་པོའི་ཁྲོད་ཕམ་ཉེས་འགྲོ་མི་སྲིད། ལག་རྩལ་གསར་སྐྲུན་ཞེས་པའི་འཐབ་ཇུས་རྨང་གཞི་དེ་དམ་བཟུང་བྱེད་དགོས་པ་དང་། འགག་རྩའི་སྲོག་ཤིང་ལག་རྩལ་སྔར་བས་མང་བ་ཁོང་དུ་ཆུད་པ་བྱེད་པ། ལས་རིགས་གོང་འཕེལ་གྱི་མཐོ་ས་བཟུང་བ་བཅས་བྱེད་དགོས། ཤི་ཐུ་ནི་འཐབ་ཇུས་ཀྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ་སླར་སྐྱེས་མི་ཐུབ་པའི་ཐོན་ཁུངས་ཀྱང་ཡིན། ཚན་རྩལ་གསར་སྐྲུན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། གསར་སྤེལ་དང་བེད་སྤྱོད་ཀྱི་ལག་རྩལ་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་བ། ཐོན་ལས་འབྲེལ་ཐག་རིང་དུ་གཏོང་བ། ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། རྣམ་གྲངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྦགས་མེད་གོང་འཕེལ་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
             ཡུའེ་ཏུའུ་ནི་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་ཀྱི་ལྷན་འཛོམས་དང་རྡོག་ཐོན་གནང་སའི་ས་ཆ་ཡིན། སྤྱི་ལོ་༡༩༣༤ལོའི་ཟླ་༡༠པར། ཀྲུང་དབྱང་ལས་ཁུངས་དང་། ཀྲུང་དབྱང་དམག་ཨུད། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་བཅས་ལྷན་འཛོམས་དང་རྡོག་ཐོན་གནང་སའི་ས་ཆ་ཡིན་ཞིང་། དེ་ནས་རྒྱང་སྐྱོད་འགོ་བཙུགས་ཡོད། སྤྱི་ཚེས་༢༠ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་མེ་འཁོར་ལ་བཞུགས་གནང་སྟེ་ཡུའེ་ཏུའུ་རྫོང་དུ་ཕེབས་པ་དང་། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་འགོ་ཚུགས་པའི་དྲན་གསོའི་རྡོ་རིང་ལ་གུས་མཇལ་གནང་བ་དང་། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་འགོ་འཛུགས་སའི་གནའ་ཤུལ་ཡུའེ་ཏུའུ་རྫོང་གྲོང་གི་ཤར་སྒོའི་གྲུ་ཁར་གཟིགས་པ། ཀྲུང་དབྱང་དམར་དམག་རྒྱང་སྐྱོད་འགོ་ཚུགས་པའི་དྲན་གསོ་ཁང་ལ་གཟིགས་སྐོར་གནང་ཡོད། དྲན་གསོའི་རྡོ་རིང་མདུན་དུ་ཞི་ཅིན་ཕིང་གིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་གནང་བ་མ་ཟད་གུས་འདུད་ལན་གསུམ་ཞུས་གནང་ཡོད། ཁོང་གིས་གོམ་སྟབས་དལ་པོའི་ངང་དྲན་གསོའི་རྡོ་རིང་ལ་སྐོར་བ་བསྐྱོན་ནས་གཞི་གདན་སྟེང་གི་འབུར་བརྐོས་ལ་ཞིབ་ཕྲ་གཟིགས་གནང་བ་དང་། བརྩེ་བ་ཟབ་མོས་སྐབས་དེ་དུས་ཀྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གི་སུའུ་ཝེ་ཨེད་ཁུལ་གྱི་ཁྲག་དོན་དམར་འཛིང་བྱས་པའི་གཟི་བརྗིད་ལྡན་པའི་ལོ་ཟླར་ཕྱིར་དྲན་གནང་ཡོད། དྲན་གསོ་ཁང་དུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་ལྷན་འཛོམས་དང་རྡོག་ཐོན་བྱེད་པའི་ལོ་རྒྱུས་གནས་ཚུལ་ངོ་སྤྲོད་བྱས་པ་གསན་གནང་བ་དང་། པར་རིས་རེ་རེ་དང་དངོས་རྫས་རེ་རེའི་མདུན་དུ་གོམ་པ་སྤོ་མཚམས་འཇོག་གནང་སྟེ་གཟིགས་ཞིབ་གནང་བ་དང་། ཚང་མ་དང་ལྷན་དུ་སྐབས་སྐབས་སུ་སྤེལ་རེས་གནང་ནས་སྐབས་དེའི་ལོ་རྒྱུས་ལ་ཕྱིར་དྲན་གནང་ཡོད་པ་རེད།
             ཁོང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། ང་ཚོས་ངེས་པར་དུ་གསར་བརྗེའི་སྲིད་དབང་གང་ནས་ཡོང་བ་དང་ཀྲུང་གོ་གསར་པ་ནི་གང་འདྲ་བྱས་ནས་བཙུགས་པ་ཞིག་ཡིན་པ་སེམས་ནང་བརྟན་པོར་ངེས་དགོས་པ་དང་། རང་རེའི་ཏང་གིས་གསར་གཏོད་བྱས་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་གཅེས་སྤྲས་ལྡབ་འགྱུར་བྱེད་པ། འགྲོ་ལམ་གྱི་བློ་སྤོབས་དང་རིག་གཞུང་གི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་དགོས། གསར་བརྗེའི་ཕུགས་བསམ་ནི་བླ་ན་མེད་པ་ཞིག་ཡིན། ཕུགས་བསམ་དད་མོས་ཀྱི་མེ་སྟག་སྤར་ཟིན་དུས་ནམ་ཡང་ནུབ་མི་སྲིད། ཀྲུང་དབྱང་སུའུ་ཝེ་ཨེད་ཁུལ་དང་རྒྱང་སྐྱོད་ལམ་བར་དུ་ཏང་དང་དམར་དམག་གིས་སྲ་ཞིང་བརྟན་པའི་ཕུགས་བསམ་གྱི་དད་མོས་དང་སྟོབས་ཆེའི་གསར་བརྗེའི་བློ་སྟོབས་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་མཐའ་མཇུག་རྒྱལ་ཁ་ཐོབ་པ་དང་བསམ་ཡུལ་ལས་འདས་པའི་ངོ་མཚར་བཏོད་ཡོད། ང་ཚོས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ་དང་། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དམིགས་ཡུལ་མི་བརྗེད་པར་གསར་བརྗེའི་དར་ཆ་མུ་མཐུད་མཐོན་པོར་སྒྲེང་བ་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ད་ཆ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་རྩོད་ཆེན་པོ་སྣ་ཚོགས་ལས་རྣམ་པར་རྒྱལ་ཐུབ་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པར་སྔར་བཞིན་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྲ་ཞིང་བརྟན་པའི་ཕུགས་བསམ་གྱི་དད་སེམས་དང་སྟོབས་ཆེའི་གསར་བརྗེའི་བློ་སྟོབས་ལ་བརྟེན་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
             དྲན་གསོ་ཁང་གི་ཐོག་བརྩེགས་དང་པོའི་ཐོག ཞི་ཅིན་ཕིང་གིས་ཡུའེ་ཏུའུ་རྫོང་གི་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི་དང་ཐུགས་འཕྲད་གནང་ཡོད། ཞི་ཅིན་ཕིང་གིས་བརྩེ་སེམས་ཆེན་པོའི་སྒོ་ནས་གསར་བརྗེའི་དམག་འཁྲུག་གི་ལོ་རབས་སུ་ཅང་ཞི་མི་དམངས་ཀྱིས་གསར་བརྗེའི་རྒྱལ་ཁ་ལེན་ཆེད་བློས་གཏོང་ཆེན་པོ་བྱས་པ་དང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནས་ཀྲུང་གོའི་གསར་བརྗེའི་ཆེད་དུ་ལེགས་སྐྱེས་འབུལ་མཁན་གྱི་དམར་དམག་རྒན་གྲས་དང་བློ་མཐུན་རྒན་གྲས། དེ་བཞིན་དམར་དམག་གི་རྗེས་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་སེམས་ཁུར་དང་ལྟ་རྟོགས་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་དང་། ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ད་བར་ལོ་༧༠སོང་ཡོད་ཅིང་། དེ་སྔའི་གནས་ཚུལ་དུས་ནམ་ཡང་བརྗེད་རྒྱུ་མེད། ཆུ་འཐུང་སྐབས་ཆུ་འགོ་བརྗེད་མི་རུང་བ་དང་ང་ཚོའི་གསར་བརྗེའི་རྒན་རབས་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་བརྗེད་མི་རུང་བ་དང་། ང་ཚོའི་ཡུལ་མི་ཚོ་ཡང་བརྗེད་མི་རུང་། འདི་གར་ང་རང་ནས་ཀྱང་ཁྱེད་རྣམ་པ་སྐུ་ཁམས་གསལ་ཐང་དང་ནད་མེད་ཚེ་རིང་། འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།
             དྲན་གསོ་ཁང་ཕྱི་རོལ་གྱི་ཐང་ཆེན་ཐོག སྤྲོ་སེམས་འཁོལ་བའི་མང་ཚོགས་རྣམས་ཞི་ཅིན་ཕིང་ཕེབས་པ་ཐོས་འཕྲལ་དེ་གར་ཡོང་ནས་སྐད་གསངས་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ལས་ཁག་སོང་ཞེས་འབོད་ཡོད་པ་དང་ཞི་ཅིན་ཕིང་གིས་ཚང་མར། ད་ཆ་ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད་པས་ང་ཚོས་སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་བྱེད་པའི་སྒོ་ནས་སླར་ཡང་རྡོག་ཐོན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།
ཡུའེ་ཏུའུ་རྫོང་གི་ཐུན་མོང་མ་ཡིན་པའི་ས་ཁམས་བཟང་ཆ་དང་གནམ་གཤིས་ཁྱད་ཆོས་ལ་བལྟས་ཚེ་སྔོ་ཚལ་ཐོན་ལས་གོང་འཕེལ་གཏོང་རྒྱུར་འཚམ་པོ་ཡོད། ཞི་ཅིན་ཕིང་ཤིན་ཧྲན་ཧྥུ་ཞི་སྔོ་ཚལ་ཐོན་ལས་ཁུལ་དུ་ཕེབས་ནས་སྔོ་ཚལ་དྲོད་ཁང་ནང་ཕེབས་ཏེ་ཡུའེ་ཏུའུ་རྫོང་གི་སྔོ་ཚལ་ཐོན་ལས་གོང་འཕེལ་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ངལ་རྩོལ་བྱེད་བཞིན་པའི་ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། ཐོན་ལས་ཁུལ་གྱིས་ཁེ་ལས་གཙོ་བོའི་ཐོག་མཉམ་ལས་ཁང་སྣོན་པ་དང་དེའི་ཁར་ཞིང་དུད་དང་དབུལ་ཕོངས་དུད་ཁྱིམ་སྣོན་པ་བཅས་ཀྱི་གོང་འཕེལ་གཏོང་སྟངས་ཐོག་ནས་གྲོང་མི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། ཁྱིམ་ཚང་རེར་ཆ་སྙོམས་ལོ་རེར་ཡོང་འབབ་འཕར་མ་སྒོར་ཁྲི་གཅིག་ཙམ་ཡོང་གི་འདུག་ཅེས་ཞུས་པར་ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་བ་དང་ཁོང་གིས། གུང་ཁྲན་ཏང་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་སྐྲུན་མཁན་ཡིན་པ་དང་། ད་ཆ་ཏང་ཀྲུང་དབྱང་གིས་བློ་རྩེ་གཅིག་སྒྲིམ་ངང་བསམ་བློ་གཏོང་ཡུལ་ནི་ང་ཚོའི་ཞིང་པ་རྣམས་དང་རྒྱ་ཆེའི་མང་ཚོགས་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་། འཚོ་བ་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།
             དེ་རྗེས་ཞི་ཅིན་ཕིང་ཙེ་ཧྲན་གྲོང་རྡལ་ཐན་ཐོའུ་གྲོང་ཚོར་ཕེབས་ནས་གྲོང་ཚོའི་རྣམ་པར་གཟིགས་ཡོད། དམར་དམག་གི་སྔོན་གཤེགས་དཔའ་བོའི་རྗེས་རབས་པ། དམག་ཞབས་ཐིམ་པའི་དམག་མི་སུན་ཀོན་ཧྥ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་གཟིགས་སྐབས། ཁྱིམ་མི་རྒན་གཞོན་ཚང་མ་ཁྲིད་ནས་སྤྲོ་སེམས་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁྱིམ་དུ་གདན་འདྲེན་ཞུས་ཡོད། སུན་ཀོན་ཧྥ་ཡི་ཁྱིམ་དུ་ཞི་ཅིན་ཕིང་གིས་ཐབ་ཚང་དང་། ཉལ་ཁང་། ཁང་རྒྱབ་ཀྱི་ར་བ། སྤྱོད་ཁང་བཅས་ལ་ཞིབ་ཕྲ་གཟིགས་ཡོད་པ་དང་། སུན་ཀོན་ཧྥ་ཁྱིམ་གྱི་སྡོད་ཁང་དང་འཕྲོད་བསྟེན་གནས་ཚུལ་ལེགས་བཅོས་ཡག་པོ་བྱུང་བ་གཟིགས་སྐབས་དགྱེས་ཚོར་ཆེན་པོ་གནང་ཡོད། དེ་རྗེས་ཞི་ཅིན་ཕིང་གིས་སུན་ཀོན་ཧྥའི་ཁྱིམ་མི་དང་ས་གནས་དེ་གའི་གྲོང་རྡལ་དང་། གྲོང་ཚོའི་ལས་བྱེད་པ་བཅས་དང་ལྷན་དུ་སྔ་རྒྱུས་ད་རྒྱུས་གསུངས་པ་དང་། ཁོང་ཚོའི་ཁྱིམ་གྱི་ཡོང་འབབ་གང་འདྲ་ཡོད་མེད་དང་། བུ་དང་མནའ་མས་ལས་ཀ་གང་བྱེད་བཞིན་ཡོད་པ། ཕྲུ་གུ་གང་དུ་སློབ་གྲྭར་འགྲོ་བཞིན་ཡོད་པ། སློབ་གྲྭའི་ནང་ཁ་ལག་གང་འདྲ་ཡོད་མེད། ཁྱིམ་དུ་ད་དུང་དཀའ་ངལ་དང་རེ་འདུན་གང་ཞིག་ཡོད་མེད་བཅས་ཐུགས་བརྩེ་ཆེན་པོས་བཀའ་འདྲི་གནང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར། ལོ་འདི་དག་ནང་གྲོང་ཚོའི་དབུལ་ཕོངས་དུད་ཚང་109ཚང་མ་སྔོ་ཚལ་ཐོན་ལས་གོང་འཕེལ་ནང་ཞུགས་ཡོད་པ་དང་། གྲོང་ཚོའི་ནང་ད་དུང་ལས་ཞུགས་དབུལ་སྐྱོར་འཁོར་ཁང་བཙུགས་ཡོད་པས། ཡུལ་མི་རྣམས་ཕྱིར་ཞོར་ལས་བྱེད་པར་འགྲོ་ཆོག་གི་ཡོད་ལ། ཁྱིམ་གྱི་འགྲམ་དུ་ལས་ཞུགས་བྱས་ནས་རྒན་རྒོན་དང་ཕྲུ་གུར་ལྟ་སྐྱོང་ཡང་བྱེད་ཐུབ་ཀྱི་ཡོད། ས་ཞིང་བསྒྱུར་བཤུག་གི་ཡོང་འབབ་ཡོད་ལ། ལས་ཞོར་ཡོང་འབབ་ཀྱང་ཡོད། དབུལ་ཕོངས་དུད་ཚང་ལ་ད་དུང་ཁེ་སྤོགས་བགོ་བཤའི་ཡོང་འབབ་ཀྱང་ཡོད་པས། དབུལ་ཕོངས་དུད་ཚང་95ཚང་མ་དབུལ་སྒྲོལ་བྱུང་ཡོད་ཅེས་ཞུས་ཡོད། ཞི་ཅིན་ཕིང་གིས་དེ་དག་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཡོད། ཞི་ཅིན་ཕིང་གིས། གུང་ཁྲན་ཏང་གི་རྗེས་སུ་འབྲང་ཚེ་བདེ་སྐྱིད་འཚོ་བ་ད་དུང་མཇུག་ལ་ཡོད། དེར་བརྟེན་ངས་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་གི་རེད་ཅེས་བརྗོད་དགོས་དོན་ཡང་དེ་ཡིན། ཁོང་ཚོའི་མི་རབས་འདིར་སླེབས་དུས། ང་ཚོའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྐྱར་དར་མངོན་འགྱུར་ཡོང་བའི་དུས་སྐབས་ཡིན་དགོས། དེར་བརྟེན་ང་ཚོའི་མི་རིགས་དར་རྒྱས་དང་། མི་དམངས་ཀྱི་བདེ་སྐྱིད་ཟམ་མི་ཆད་པར་མངོན་འགྱུར་ཡོང་གི་རེད་ཅེས་གསུངས། ཞི་ཅིན་ཕིང་གིས། ང་རང་ད་རེས་ཅང་ཞི་ལ་ཡོང་དོན་ནི་སུའུ་ཝེ་ཨེད་ཁུལ་གྱི་ཡུལ་མི་རྣམས་ལྟ་བར་ཡོང་བ་དང་། ཡུལ་མི་རྣམས་ཀྱི་འཚོ་བ་ཡག་ཏུ་ཕྱིན་ཡོད་མེད། གསར་བརྗེའི་རྟེན་གཞི་རྙིང་ཁུལ་དུས་ཐོག་ཏུ་དབུལ་སྒྲོལ་ཐུབ་མིན་དང་དབུལ་ཞྭ་འབུད་ཐུབ་མིན་བཅས་ལ་ལྟ་བར་ཡོང་བ་ཡིན། དབུལ་སྒྲོལ་འགག་གཏོར་དེ་ད་ལྟ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་མུ་མཐུད་ནུས་ཤུགས་བཏོན་ནས། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་ཡག་པོ་བྱས་ནས། གསར་བརྗེའི་རྟེན་གཞི་རྙིང་ཁུལ་གྱི་མི་དམངས་རྣམས་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱ་དགོས། གྲོང་རྡལ་ཅན་དུ་བསྒྱུར་རྒྱུ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་མཉམ་སྐུལ་དར་རྒྱས་ཡོང་བ་བྱ་དགོས། གྲོང་གསེབ་དར་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་དགོས། གྲོང་གསེབ་མི་རྣམས་ཀྱི་གནས་སྡོད་ཁོར་ཡུག་བཅོས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་བསམ་པའི་རྣམ་པ་དང་། གནས་སྡོད་ཁོར་ཡུག འབྱུང་ཁམས་ཁོར་ཡུག སྤྱི་ཚོགས་དར་སྲོལ་བཅས་རྣམ་པ་གསར་རྐྱང་དུ་འགྱུར་བ་དང་། ཡུལ་མི་རྣམས་ཡིད་སྨོན་བྱེད་པའི་ཞིང་སྡེའི་འཚོ་བར་རོལ་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
             གྲོང་ཚོ་ནས་ཞལ་གྱེས་སྐབས། ཡུལ་མི་རྣམས་གྲོང་ཚོའི་མདའ་རུ་འཛོམས་ནས། གཅིག་མཇུག་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། གྲོང་མི་ཁག་གཅིག་སེམས་འགུལ་ཐེབས་ནས་མིག་ཆུ་ཡང་ལྷུངས་ཡོད། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཡུལ་མི་རྣམས་ཀྱི་འཚོ་བ་ཇེ་ལེགས་ཇེ་ཡག་དང་བདེ་སྐྱིད་ཕུན་ཚོགས་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
སྤྱི་ཚེས་21ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ནན་ཁྲང་དུ་དབུས་རྒྱུད་ས་ཁུལ་དར་འཕེལ་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཡོད། བཞུགས་མོལ་ཚོགས་འདུའི་ཐོག་ཧྲན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་དང་། ཨན་ཧུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཅིན་པིན། ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཆི། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་། ཧུའུ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཅང་ཁྲའོ་ལའེང་། ཧུའུ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཅ་ཧའོ། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ཞི་ཧྥེང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་ཡོད་པ་རེད།
             ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནང་བའི་བཀོད་ཇུས་གལ་ཆེན་ཞིག་ཡིན། དབུས་རྒྱུད་དར་རྒྱས་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་པ་དེས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པའི་འབད་འཐབ་དམིགས་འབེན་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་འགོ་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔའི་ཆར། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་འཕེལ་ཕྱོགས་ཡག་པའི་སྒང་ཡིན་པ་དང་། དབུས་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་གཏོང་གཞི་ཆེན་པོ་ཡོད། སྤུས་ཚད་ལེགས་པའི་འཕེལ་རྒྱས་ཀྱི་བླང་བྱ་དང་དམ་སྦྲེལ་བྱས་ཏེ། དུས་བསྟུན་ཡར་བརྩོན་བྱེད་པ་དང་། ལས་དོན་ཏན་ཏིག་བསྒྲུབ་པ་བརྒྱུད། དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་དེ་ཉིད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་། ཞི་ཅིན་ཕིང་གིས། རང་རྒྱལ་འདི་ཉིད་སྔར་བཞིན་འཕེལ་རྒྱས་ཀྱི་གལ་ཆེའི་འཐབ་ཇུས་གོ་སྐབས་ཀྱི་དུས་སྐབས་སུ་གནས་ཡོད། འོན་ཀྱང་རྒྱལ་སྤྱིའི་དུས་བབ་ཉིན་རེ་བཞིན་རྙོག་འཛིང་ཇེ་ཆེར་འགྲོ་བཞིན་ཡོད། ང་ཚོས་རྒྱལ་སྤྱི་རྒྱལ་ནང་གི་འགལ་རྐྱེན་སྣ་ཚོགས་ཀྱི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གསལ་པོ་དགོས་པ་དང་། དཀའ་ངལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་འོས་འཚམ་བྱེད་དགོས། གལ་འགངས་ཆེ་ཤོས་ནི་ང་ཚོ་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབ་ནས། ཇུས་སྔོན་ལ་བཏོན་ནས་རྗེས་ལ་ལག་བསྟར་བྱེད་པ་དང་། གྲ་སྒྲིག་ཨང་གསར་བྱས་རྗེས་ལས་དོན་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།
             དབུས་རྒྱུད་ས་ཁུལ་གྱི་དར་རྒྱས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞི་ཅིན་ཕིང་གིས་དགོངས་འཆར་ཁག་བརྒྱད་བཏོན་གནང་ཡོད་པ་སྟེ། དང་པོ་ནི་བཟོ་སྐྲུན་ལས་རིགས་སྤུས་ཚད་ལེགས་པའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ་དང་། རེས་བསྐོར་གསར་པའི་ཚན་རྩལ་དང་ཐོན་ལས་གསར་བརྗེའི་ནང་རང་འགུལ་གྱིས་མཉམ་འདྲེས་བྱེད་པ། གྲངས་ཀ་ཅན་དང་། དྲ་བ་ཅན། རིག་ནུས་ཅན་བཅས་ཁྱབ་ཁོངས་ཁག་ནང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཀྱི་འཕོ་སྒྱུར་དང་། ལས་ཆོད་ཀྱི་འཕོ་སྒྱུར། སྒུལ་ཤུགས་ཀྱི་འཕོ་སྒྱུར་བཅས་ལ་སྐུལ་འདེད་གཏོང་དགོས། གཉིས་ནས་འགག་རྩའི་ཁྱབ་ཁོངས་ཀྱི་རང་བརྟེན་གསར་སྐྲུན་ནུས་པ་མཐོ་རུ་གཏོང་བ་དང་། གསར་སྐྲུན་གྱིས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ། ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། རང་བརྟེན་ཤེས་བྱའི་ཐོན་དབང་ཡོད་པའི་ལྟེ་བའི་ལག་རྩལ་ཞིབ་བཟོ་བྱ་རྒྱུ་མགྱོགས་སུ་གཏོང་བ། གསར་རྩོམ་རྣམ་པའི་ལག་རྩལ་གསར་སྐྲུན་ལ་སྐུལ་ལྕག་དེ་བས་མང་བ་བྱེད་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། རྒྱལ་སྤྱིའི་ཆུ་ཚད་རྩེ་གྲ་ཚད་འཛིན་སར་བྱེད་པ། དྲང་གཞག་དང་ཁ་གསལ་བའི་ཚོང་གཉེར་ཁོར་ཡུག་བརྟན་པོ་གཏོད་པ། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་བ་དང་ཆུང་བ་ཆེས་ཆུང་བ་བཅས་ཀྱི་མ་རྩ་བསྡུ་རུབ་གནད་དོན་གཞི་ལྷོད་དུ་འགྲོ་བ་བྱ་དགོས། བཞི་ནས་གསར་དར་ཐོན་ལས་ཀྱི་བཀོད་སྒྲིག་དང་སྤོ་སྒྱུར་འགན་ལེན་ཧུར་ཐག་བྱེད་པ་དང་། ཤར་རྒྱུད་རྒྱ་མཚོའི་འགྲམ་རྒྱུད་དང་རྒྱལ་སྤྱིའི་འབྲེལ་ཡོད་ས་ཁུལ་དབར་གྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཁག་གཅིག་ཡིད་འགུག་བྱེད་དགོས། ལྔ་ནས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དང་། གོ་སྐབས་དམ་འཛིན་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་པ། སྤུས་ཚད་ལེགས་པའི་ཐོན་ནུས་དང་སྒྲིག་ཆས་རྣམས་རྒྱལ་སྤྱིའི་གར་སྟེགས་ཆེན་པོ་དང་རྒྱལ་སྤྱིའི་ཁྲོམ་ར་ཆེན་པོའི་ཐོག་བསྐྱོད་པར་སྐུལ་འདེད་གཏོང་བ། ཚོང་རྟགས་དང་ལག་རྩལ་ཕྱིར་བསྐྱོད་ཐུབ་པ་བྱ་དགོས། དྲུག་ནས་གནོད་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་བསྐྱར་གསོའི་ལས་དོན་སྤེལ་བ། ཁོར་ཡུག་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གནོད་མེད་དང་འཕེལ་རྒྱས་མཛེས་སྡུག་ལྡན་པ་བཅས་ཀྱི་དབུས་རྒྱུད་འཛུགས་སྐྲུན་བྱེད་དགོས། བདུན་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ལས་འགན་གཙོ་བོ་རྣམས་ཡག་པོ་བསྒྲུབ་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་ལས་དོན་ཡག་པོ་བསྒྲུབ་པ། ལས་ཞུགས་ལས་གནས་དེ་བས་མང་བ་གཏོད་པ། དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གང་མགྱོགས་སེལ་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་འཛུགས་པ། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་བྱེད་དགོས། བརྒྱད་ནས་སྲིད་ཇུས་བྱ་ཐབས་དང་ལས་ཀའི་སྒྲིག་གཞི་འཐུས་ཚང་འཛུགས་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་བ། དབུས་རྒྱུད་ས་ཁུལ་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན་པ་རེད།
             ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་༼ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་༽བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་བའི་ཐད་བཀོད་སྒྲིག་བྱ་རྒྱུ་ཡིན་པས། ས་གནས་ཁག་དང་ཚན་པ་ཁག་གིས་དོན་འཁྱོལ་བྱ་རྒྱུ་དམ་བཟུང་དང་། ཕན་འབྲས་དངོས་ཐོན་པ་བྱ་དགོས། ད་ལོ་ནི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལོ་ཡིན། ས་གནས་ཁག་དང་ཚན་པ་ཁག་གིས་དོན་དག་འདི་ཉིད་བརྗོད་དོན་གཙོ་བོའི་སློབ་གསོ་གཏོང་བའི་ནང་དོན་གལ་ཆེན་ལ་འཇོག་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། དམ་པ་དོན་གཉེར་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་ལས་བྱེད་པས་སྤྲོ་སེམས་དེ་བས་ཆེ་བའི་སྒོ་ནས་དབུལ་རྒྱུད་ས་ཁུལ་དར་རྒྱས་ཀྱི་རླབས་ཆེན་བྱ་གཞག་ནང་ཞུགས་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་ཡོད།
             སྤྱི་ཚེས་༢༢ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཅང་ཞི་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཅང་ཞི་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཀན་ནན་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕེལ་རིམ་གལ་ཆེན་བྱུང་བར་གདེང་འཇོག་གང་ལེགས་གནང་ཡོད། ཅང་ཞི་ཡིས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གནས་ལྔ་གཞི་གཅིག་གི་སྤྱིའི་ཁྱབ་ཚུལ་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་པོའི་ཁྲོད་འཕེལ་རིམ་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་པ་བསྐྲུན་པ། ཉེན་ཁ་འགོག་པ། བརྟན་བརླིང་སྲུང་བ་བཅས་ཀྱི་ལས་དོན་ཁག་ལ་གཅིག་གྱུར་སྐུལ་འདེད་གཏོང་བ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་དཔེ་སྟོན་ནུས་པ་འདོན་པ་དང་། དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་ཆེད་ཧུར་བརྩོན་ཆེན་པོས་ལས་དོན་བསྒྲུབ་ནས། དུས་རབས་གསར་པའི་ཅང་ཞི་ཡི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་གཏོད་རྒྱུའི་ཐུགས་རེ་གནང་ཡོད་པ་རེད།
             ཞི་ཅིན་ཕིང་གིས། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ན། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་ལམ་ཐིག་གཙོ་བོར་དམ་འཛིན་ནན་པོ་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆ་ལེགས་བཅོས་ཟམ་མི་ཆད་པ་བྱས་ནས། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་སྐུལ་འདེད་བྱེད་མགྱོགས་སུ་གཏོང་བ་དང་། གསུམ་དོར་གཅིག་གཅོག་གཅིག་གསབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། གང་མགྱོགས་རྣམ་པ་གསར་པ་ཐོན་པ་བྱེད་དགོས། གཙོ་ཁྲིད་ཐོན་ལས་ལ་གཅིག་སྡུད་དོ་ཁུར་བྱེད་པ་དང་། གསར་དར་ཐོན་ལས་གང་མགྱོགས་གསོ་སྤེལ་བྱེད་པ། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་འཕར་བྱེད་པ། དེང་རབས་ཞབས་ཞུའི་ལས་སྒོ་གོང་འཕེལ་གཏོང་བ་བཅས་བྱས་ཏེ། གྲངས་གཞིའི་དཔལ་འབྱོར་གོང་འཕེལ་གྱི་གོ་སྐབས་དམ་འཛིན་བྱེད་དགོས། ཚན་རྩལ་གྲུབ་འབྲས་གནས་སྤོས་བརྗེ་སྒྱུར་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། གསར་གཏོད་འབྲེལ་ཐག་དང་། ཐོན་ལས་འབྲེལ་ཐག ཤེས་ལྡན་མི་སྣའི་འབྲེལ་ཐག སྲིད་ཇུས་འབྲེལ་ཐག མ་དངུལ་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལམ་བུའི་ཐོག་སྐྱོད་དགོས། སྐྱེ་ཁམས་ཤེས་དཔལ་མ་ལག་འཛུགས་མགྱོགས་སུ་གཏོང་བ་དང་། རི་ཆུ་བཅོས་སྐྱོང་དང་། རི་ཆུ་སྲུང་སྐྱོང་ཡག་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་ཅང་ཞི་ཡི་དཔེ་མཚོན་གཏོད་དགོས་ཞེས་ནན་གསུངས་གནང་བ་དང་།
             ཞི་ཅིན་ཕིང་གིས། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་དང་དོན་དངོས་ལ་འགྱུར་རྒྱུར་སྐུལ་འདེད་ཆེད། སྒྱུར་བཅོས་ལས་འགན་ཁག་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་སྐུལ་འདེད་བཏང་ནས། བྱ་བ་གཅིག་སྒྲུབ་ཚེ་དེ་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས། རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། སྒྱུར་བཅོས་ཀྱི་གཙོ་གནད་འབུར་དུ་ཐོན་པ། སྐྱེ་ཁམས་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་དང་། ཚན་རྩལ་སྒྲིག་གཞི་སྒྱུར་བཅོས། ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས། སྤྱི་ཚོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སྒྱུར་བཅོས་བཅས་ཀྱི་ཐད་གསར་གཏོད་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས། འབྲི་ཆུ་དང་ཀྲུའུ་ཅང་གཙང་པོ། ཧྥུ་ཅན་བཅས་ཀྱི་ཁྱིམ་མཚེས་ཡིན་པའི་ས་ཁོངས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རང་འགུལ་ངང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་པ། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ་ནང་ཧུར་ཐག་ཞུགས་པ། འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཀོང་ཏུང་དང་ཤང་ཀང་ཨའོ་མན་བཅས་ཏ་ཝན་ཁུལ་དང་འབྲེལ་མཐུད་བྱེད་པ་བཅས་བྱས་ཏེ། སྒོ་དབྱེ་ཆེན་པོར་བརྟེན་ནས་གོང་འཕེལ་ཆེན་པོར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་དང་།
             ཞི་ཅིན་ཕིང་གིས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་ནས། སྤུས་ཚད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ་དང་། གནོད་མེད་ངང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པ་མཐོ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་སྒྲིག་གཞི་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་གོང་འཕེལ་དང་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད་པ་དང་།
ཞི་ཅིན་ཕིང་གིས། མི་དམངས་ལྟེ་བར་འཇོག་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པའི་གནད་དོན་ནས་དམ་འཛིན་བྱས་ཏེ། གང་ཐུབ་ཅི་ཐུབ་དང་། ནུས་པར་དཔག་ནས་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། སྤྱི་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་མའི་ཚད་གཞིའི་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ཡག་པོ་བྱེད་དགོས། ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་དུས་ཐོག་ཏུ་ལས་ཞུགས་མཛུབ་སྟོན་དང་རྩལ་ནུས་སྦྱོང་བརྡར་བྱས་ཏེ། ཁོང་ཚོ་ལས་ཞུགས་བྱེད་པར་ཐབས་ལམ་ཡོད་པ་དང་འཚོ་བར་འགན་ལེན་ཡོད་པ་བྱེད་དགོས། སྤྱི་ཚོགས་འགན་ཟླ་སྔོན་འགོག་དང་ཐག་གཅོད་བྱེད་པའི་སྒྲིག་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལངས་གཟུགས་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་འགོག་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་འགལ་ཉེས་བསགས་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཆད་པ་གཅོད་པ་བཅས་བྱས་ཏེ། ནག་བཅོམ་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་།
             ཞི་ཅིན་ཕིང་གིས། ཅང་ཞི་ནི་གསར་བརྗེའི་དྲན་འཆར་གྱིས་ཁེངས་པའི་ས་གཞི་ཞིག་ཡིན། མང་ཚོགས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མི་དམངས་དང་དབུགས་ལམ་གཅིག་འབྲེལ་དང་ལས་དབང་གཅིག་མཐུན། སེམས་པ་འབྲེལ་བ་བཅས་ནི་ཏང་གི་ཐོག་མའི་བསམ་འདུན་ཡིན་ལ། ཏང་གིས་དུས་ནམ་ཡང་འཛིན་པའི་བསམ་པ་ཞིག་ཀྱང་ཡིན། ཅིན་ཀང་ཧྲན་སྙིང་སྟོབས་དང་སུའུ་ཝེ་ཨེད་ཁུལ་སྙིང་སྟོབས་དེས་ཀྲུང་གོའི་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་པ་དང་འགན་འཁྲི་འདེགས་སྐྱོར་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེའི་གསར་བརྗེའི་སྙིང་སྟོབས་གཏོད་ཡོད། རླབས་ཆེའི་གསར་བརྗེའི་སྙིང་སྟོབས་དེ་དག་ནི་ཡུལ་དུས་ལས་བརྒལ་བ་དང་། དུས་ནམ་ཡང་ནུས་པ་གནས་པ་ཞིག་ཡིན་ལ། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟེན་པོར་ངེས་པར་སྐུལ་མ་གཏོང་བའི་རྗོགས་མཐའ་མེད་པའི་བསམ་པའི་འགུལ་ཤུགས་ཞིག་ཀྱང་ཡིན། གསར་བརྗེའི་སྲིད་དབང་ནི་ཐོབ་དཀའ་བ་ཞིག་ཡིན་པ་དང་། ཀྲུང་གོ་གསར་པ་ནི་ཡོང་དཀའ་བ་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཐོབ་དཀའ་བ་ཞིག་ཡིན་པ་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཀྱི་ཆེད་དུ་སྲིད་འཛིན་བྱེད་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་རྒྱག་པ། མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། ལྷག་བསམ་དང་སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་གཤིས་ཀ་སྦྱོང་བརྡར་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡག་པོ་ཞིག་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་ལེགས་འགྲུབ་ཡོང་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས། ཅིན་ཀང་ཧྲན་སྙིང་སྟོབས་དང་སུའུ་ཝེ་ཨེད་ཁུལ་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་གྲུབ་པ་བཅས་ཀྱི་ཆེད་སློབ་གསོ་དང་ཁྲིད་སྟོན་ཡག་པོ་བྱས་ཏེ། རང་འགུལ་ངང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ལ་བློ་བརྟན་འགྱུར་མེད་ངང་དད་སེམས་བྱེད་མཁན་དང་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་མཁན་ཞིག་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།