ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་གཙོ་རྒྱུག་སྨྱན་སྦྱོར་ཚན་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་བ།

སྤེལ་དུས 2019-06-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། མིག་དམར་རྒྱ་མཚོ།
              སྤྱི་ཟླ་༦པའི་ཚེས་༤ཉིན། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་མ་ཟད། སྐབས་ཉི་ཤུ་རྩ་གསུམ་པའི་ཧྲེང་པེ་དེ་པའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ལ་ཞུགས་མ་གནང་གོང་རྒྱལ་ཁབ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་དང་ཨུ་རུ་སུའི་ཚགས་པར་ཞེས་པའི་མཉམ་འབྲེལ་བཅར་འདྲི་དང་ལེན་གནང་ཡོད།
              མིག་སྔའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཕྱོགས་བསྡུས་གདེང་འཇོག་གང་འདྲ་གནང་མིན་གྱི་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས། ལོ་དྲུག་གི་གོང་ང་རང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས་ཨུ་རུ་སུ་དེ་ཉིད་འཚམས་འདྲི་ཞུ་སའི་ས་ཚིགས་དང་པོར་བདམས་ནས་ཙུང་ཐུང་ཕུ་ཅིང་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ལེའུ་གསར་པ་གཏོད་ཡོད། ལོ་དྲུག་གི་རིང་། ང་རང་ནས་ཨུ་རུ་སུར་འཚམས་འདྲི་ཐེངས་བདུན་ཞུས་པ་ཡིན། འཚམས་འདྲི་ཞུ་ཐེངས་རེར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་བ་ཟབ་མོ་དང་ཕྱོགས་གཉིས་མཉམ་ལས་ལ་གཡུར་ཟའི་འབྲས་བུ་ཐོབ་པར་གདེང་དཔང་བྱས་ཡོད།
              ལོ་ངོ་བདུན་ཅུའི་གོང་འཕེལ་བརྒྱུད། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་ལ་སླེབས་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་བརྟན་པ་དང་། ཕན་ཚུན་བར་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེ་རིགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་ཆ་ལག་ཚང་བའི་མཐོ་རིམ་འགྲོ་འོང་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྒྲིག་གཞི་བཙུགས་ཏེ། ནང་དོན་ཕུན་སུམ་ཚོགས་པ་དང་ ཁྱབ་ཁོངས་ཁག་ལ་འཐབ་ཇུས་དོན་སྙིང་ལྡན་པ། ཁྱོན་ཡོངས་མཉམ་ལས་བཅས་བྱས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་མཉམ་དུ་ཧྥ་ཤི་སིའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རླབས་ཆེའི་ལོ་ཟླའི་ནང་འཐབ་འཛིང་གི་མཛའ་བརྩེ་གཏིང་ཟབ་བཙུགས་པ་དང་དུས་ཡུན་ག་ཚོད་ཕྱིན་རུང་སྲ་ཞིང་བརྟན་པ་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་རྒྱང་རིང་གོང་འཕེལ་ལ་དམངས་འདོད་ཀྱི་འདེགས་སྐྱོར་ཤུགས་ཆེན་པོ་ཡོད། ཕྱོགས་གཉིས་པོས་རྒྱལ་སྤྱིའི་བྱ་དོན་ནང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་དང་ནུས་ལྡན་བྱས་ཏེ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ལ་དྲང་ནུས་ཤུགས་ཆེན་བསྣན་ཡོད།
              ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་གོང་འཕེལ་གྱི་གོ་སྐབས་གསར་པ་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་རང་ངོས་གོང་འཕེལ་དར་རྒྱས་ཡོང་བའི་ཐུན་མོང་གི་དགོས་མཁོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ནས་མི་རབས་ནས་མི་རབས་བར་མཛའ་གྲོགས་ཡོང་བ་བྱེད་པའི་ཐུན་མོང་བསམ་འདུན་གྱི་མདུན་དུ་ང་ཚོས་ལོ་ངོ་བདུན་ཅུའི་ཉམས་མྱོང་གི་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་སྔར་བས་མཐོ་བ་དང་གོང་འཕེལ་སྔར་ལས་ལྷག་པ་འགྲོ་བའི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་ཡོད་ལ་དང་ཡིད་ཆེས་ཀྱང་ཡོད།
              ང་ཚོས་ཁྱིམ་མཚེས་གྲོགས་སུ་བརྩི་བ་དང་སོ་སྲུང་རོགས་རེས་བྱས་ཏེ། ཕན་ཚུན་བར་རྒྱབ་སྐྱོར་སྔར་བས་ཤུགས་ཆེན་བྱེད་དགོས། ང་ཚོས་མཉམ་ལས་དམ་ཟབ་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་འབྲེལ་མཐུད་སྔར་བས་ཟབ་པ་དང་། གོང་འཕེལ་གྱི་ཁེ་ཕན་མཉམ་འདྲེས་སྔར་བས་ཟབ་པ། དམངས་སེམས་དམངས་འདོད་སྔར་བས་མཛའ་གཅུགས་མཉམ་འདྲེས་ཡོང་བ་བཅས་བྱེད་དགོས། ང་ཚོས་གསར་གཏོད་གསར་སྐྲུན་དང་དུས་བསྟུན་མཉམ་སྐྱོད་བྱས་ཏེ། ཕྱོགས་གཉིས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་སྔ་བར་ཕྱི་གསུམ་དུ་སྔོན་མཐོང་རང་བཞིན་དང་། གསར་འབྱེད་རང་བཞིན། གོང་འཕེལ་གྱི་སྒུལ་ནུས་བཅས་ལྡན་པའི་འགན་ལེན་བྱེད་དགོས། ང་ཚོས་འགན་འཁྲི་འཁུར་ཕོད་པ་དང་ཀུན་ཕན་མཉམ་རྒྱལ་གྱིས་རྒྱལ་སྤྱིའི་བྱ་དོན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་སྔར་བས་ཆེ་བ་འདོན་སྤེལ་བྱེད་པ་དང་། ལག་གདང་སྦྲེལ་ཏེ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་དང་འཛམ་གླིང་མི་དམངས་ལ་ཕན་པ་ཐོབ་པ་བྱེད་དགོས།
              ད་ཐེངས་ཨུ་རུ་སུར་འཚམས་འདྲི་ཞུ་རིང་ང་རང་ནས་ཙུང་ཐུང་ཕུ་ཅིང་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་ལ་འཆར་འགོད་བཟོ་རྒྱུ་དང་། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོམ་ཞེང་ཆེན་པོས་དུས་རབས་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
              ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ནི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་ཐུན་མོང་གོང་འཕེལ་དར་རྒྱས་ཀྱི་འགན་སྲུང་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གཉིས་ཕན་མཉམ་རྒྱལ་གྱི་དཔེ་མཚོན་དུ་གྱུར་ཡོད། སྤྱི་ལོ་༢༠༡༨ལོར་ཕྱོགས་གཉིས་པོའི་ཉོ་ཚོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་༡༠༠༠ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཡོད། མིག་སྔར་རྒྱལ་སྤྱིའི་ཉོ་ཚོང་དང་མ་འཇོག་ཤུགས་ཆུང་དུ་སོང་བ་དང་། སྲུང་སྐྱོབ་རིང་ལུགས་ཤུགས་ཆེར་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་འོག་ཀྲུང་གོ་དང་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ནི་ལས་སླ་པོ་ཞིག་མ་ཡིན། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་སྡེ་ཁག་གིས་བྱ་ཐབས་སྔར་བས་ནུས་ལྡན་བཟུང་སྟེ་ཕྱོགས་གཉིས་ཉོ་ཚོང་བསྡོམས་འབོར་ཆུ་ཚད་སྔར་བས་མཐོ་བའི་ཐོག་གོང་མཐོར་འགྲོ་རྒྱུར་བརྩོན་ལེན་དང་ཕྱོགས་གཉིས་ཉོ་ཚོང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
              མིག་སྔར། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ནུས་ཁུངས་དང་། འགྲིམ་འགྲུལ། ཞིང་ལས། མཁའ་སྐྱོད་མཁའ་འགྲུལ་སོགས་ཁྱབ་ཁོངས་མཉམ་ལས་རྣམ་གྲངས་གལ་ཆེན་ལག་བསྟར་བརྟན་པོ་བྱེད་བཞིན་ཡོད་པ་དང་། ཀྲུང་ཨུའི་མ་བཅོས་རྡོ་སྣུམ་གྱི་ཕུག་ལམ་དང་དེའི་ཞོར་གཏོགས་ལམ་ཐིག་ཁོར་སྐྱོད་བདེ་བླག་ཐུབ་པ། ཀྲུང་ཨུའི་ཤར་ཕྱོགས་ལམ་ཐིག་གི་རང་བྱུང་རླངས་ཕུག་ལམ་ཨར་བསྐྲུན་ལེགས་གྲུབ་ཟིན་ཏེ་རང་བྱུང་རླངས་མཁོ་འདོན་བྱེད་གྲབས་ཡོད་པ། ཧེ་ཧའེ་གཞུམ་ལམ་ཟམ་པ་དང་ཐུང་ཅང་ལྕགས་ལམ་ཟམ་པ་གཉིས་ཀྱི་ཟམ་སྣེ་སྦྲེལ་མཐུད་ཐུབ་པ། རྒྱང་རིང་ཁོད་ཡངས་འགྲུལ་སྐྱེལ་གནམ་གྲུ་དང་། ལྕི་བའི་རིགས་ཀྱི་ཐད་འཕུར་གནམ་གྲུའི་མཉམ་སྦྲེལ་ཞིབ་བཟོ་ལས་དོན་བརྟན་པོའི་ངང་སྤེལ་བཞིན་པ། སྲུང་སྐར་ཕྱོགས་སྟོན་མ་ལག་གི་མཉམ་ལས་གྲུབ་འབྲས་མངོན་གསལ་དོད་པ་བཅས། མདོར་བསྡུས་ནས་བརྗོད་ན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཀྲུང་ཨུའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གོང་འཕེལ་གྱི་མགྱོགས་ལམ་དུ་སླེབས་ཟིན་པ་དང་། མདུན་ལྗོངས་རྒྱ་ཆེན་པོ་ལྡན་ཡོད།
              ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་མདུན་ལམ་སྐོར་གླེང་སྐབས་ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་དང་། ལྷག་དོན་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ལོ་ངོ་༤༠སོང་རིང་། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་ལ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་། ཀྲུང་གོ་ཉིད་འཛམ་གླིང་གི་དཔལ་འབྱོར་གཙོ་གཟུགས་ཆེ་བ་ཨང་གཉིས་པ་དང་དེ་བཞིན་བཟོ་བསྐྲུན་ལས་རིགས་དང་། དངོས་ཟོག་ཉོ་ཚོང་། ཕྱི་དངུལ་གྲབས་གསོག་བཅས་ཀྱི་རྒྱབ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད། ༢༠༡༨ལོར། ཀྲུང་གོའི་དཔལ་འབྱོར་སྤྱི་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་༩འབུམ་ལས་བརྒལ་བ་དང་། མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཨ་སྒོར་ཁྲི་༡ལ་ཟིན་པ། དཔལ་འབྱོར་འཕར་ཚད་བརྒྱ་ཆ་༦དང་གྲངས་ཆུང་༦ཟིན་པ་བཅས། འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་བརྒྱ་ཆ་༣༠ཙམ་ཟིན་གྱི་ཡོད་ཅེས་གསུངས་གནང་ཡོད།
              ད་ལོ་ནས་བཟུང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་དང་རྒྱལ་སྤྱིའི་ཉོ་ཚོང་ཅུང་དལ་དུ་ཕྱིན་པའི་ཁོར་ཡུག་ཆེན་པོའི་ཁྲོད། ཀྲུང་གོའི་དཔལ་འབྱོར་འགོ་ཡག་པོ་བཙུགས་པ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་གནས་ཡོད། དང་པོ་དུས་ཚིགས་དང་པོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ་༦དང་གྲངས་ཆུང་༤འཕར་བ་དང་། དུས་ཚིགས་༡༤བསྟུད་མར་དཔལ་འབྱོར་འཕར་ཚད་བརྒྱ་ཆ་༦དང་གྲངས་ཆུང་༤དང་བརྒྱ་ཆ་༦དང་གྲངས་ཆུང་༨ཀྱི་བར་ཁམས་སུ་གནས་པ། ཉེ་བའི་ལོ་ཤས་རིང་གི་འཕར་སྣོན་བརྟན་པོ་ཕྱིན་པའི་འཕེལ་ཚུལ་རྒྱུན་མཐུད་ཐུབ་པ་དང་། རྒྱལ་ནང་འཛད་སྤྱོད་ནི་སྔར་བཞིན་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོ་ཡིན། གཉིས་པ་ལས་ཞུགས་རྒྱུན་མཐུད་འཕར་སྣོན་ཕྱིན་པ། ཟླ་བ་གོང་མ་བཞིའི་གྲོང་ཁྱེར་དང་གྲོང་བརྡལ་གྱི་ལས་ཞུགས་གསར་འཕར་མི་གྲངས་ས་ཡ་༤དང་༥འབུམ་༩ཁྲི་ཟིན་པ་དང་། གྲོང་མིའི་ཡོང་འབབ་འཕར་ཚད་དཔལ་འབྱོར་འཕར་ཚད་ལས་ཅུང་མགྱོགས་པ་ཡོད། ཟོག་རིན་ཆུ་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་ཞི་འཇམ་ངང་འཕར་ཚད་བརྒྱ་ཆ་༢ཟིན་པ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༤དང་གྲངས་ཆུང་༣འཕར་སྣོན་ཕྱིན་པ ཕྱི་དངུལ་གསོག་འཇོག་ཨ་སྒོར་དུང་ཕྱུར་༣ཁྲི་ཡན་རྒྱུན་འཁྱོངས་ཐུབ་ཡོད། དུས་མཚུངས། ཀྲུང་གོའི་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་བྱེད་བཞིན་པ་དང་། འཕེལ་ཚུལ་འགྱུར་ལྡོག་འགྲོ་བཞིན་པ། སྤུས་ཚད་དང་ཁེ་ཕན་མཐོ་རུ་འགྲོ་བཞིན་པ། བརྟན་པོའི་ངང་ཡག་ཏུ་ཕྱིན་པའི་འཕེལ་ཚུལ་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།
              བརྟན་པོའི་ཁྲོད་དུ་ལེགས་སུ་འགྲོ་བ་དང་། ཡུན་རིང་ལེགས་སུ་འགྲོ་བ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འགྱུར་བ་མི་མེད་པ་དང་འགྱུར་བ་གཏོང་མི་སྲིད་པའི་འཕེལ་ཕྱོགས་ཆེན་མོ་ཞིག་རེད། མ་འོངས་པར་རྒྱང་བལྟ་ཞིག་བྱེད་དུས་ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་ཐོག་ནས་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་མཐུན་རྐྱེན་འདང་ངེས་བཞིན་ཡོད་པ་རེད།
              རྒྱལ་སྤྱིའི་གཙོ་གནད་གནད་དོན་ཐད་ཀྱི་གཟིགས་སྟངས་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས། སི་རི་ཡ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཅིག་རེད་ལ། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་རེད། ཉེ་བའི་ལོའི་ནང་། སི་རི་ཡའི་གནས་བབ་རྒྱུན་མཐུད་ཇེ་སྡུག་ཏུ་སོང་ནས་རྨང་གཞིའི་སྒྲིག་བཀོད་ལའང་གཏོར་བཤིག་ཆེན་པོ་ཕོག་པ་དང་མི་དམངས་ལ་གནོད་འཚེ་དང་དཀའ་སྡུག་ཆེན་པོ་བཟོས་ཡོད་པས་ང་ཚོས་འདིར་སྐྱོ་དུང་དྲག་པོ་ཞུ་གི་ཡོད། མིག་སྔར། སི་རི་ཡའི་གནས་བབ་ཅུང་ཟད་ལེགས་སུ་སོང་བ་དང་། ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལའང་སྐུལ་འདེད་གཏོང་བཞིན་ཡོད། དེ་བས་སི་རི་ཡའི་སྲིད་གཞུང་དང་མི་དམངས་ནས་ཀྱང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་འགོ་ཚུགས་ཡོད། ཀྲུང་གོ་དང་སི་རི་ཡའི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་གྲོགས་ཟབ་པོ་ཡོད། ཀྲུང་གོས་རང་ནུས་དཔག་ཚོད་ཀྱི་ཁྱབ་ཁོངས་སུ་སི་རི་ཡའི་བསྐྱར་སྐྲུན་ནང་ཞུགས་འདོད་ཡོད་ལ། སི་རི་ཡའི་མི་དམངས་གང་མགྱོགས་རྒྱུན་ཏན་གྱི་ཐོན་སྐྱེད་འཚོ་བ་སྐྱེལ་རྒྱུ་ཡོང་བར་རོགས་རམ་བྱ་འདོད་ཡོད་ཅེས་གསུངས་ཡོད།
              འུ་ནེ་ཙུ་ལིའི་གནད་དོན་ཐད། ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་ནི་གཅིག་མཐུན་དང་ཁ་གསལ་ཡིན། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོབ་བྱ་རྒྱུར་གཞིགས་ཏེ་འབྲེལ་ཡོད་གནད་དོན་དེ་འུ་ནེ་ཙུ་ལེའི་སྲིད་དབང་མི་བཟུང་མཁན་དང་བཟུང་མཁན་གཉིས་ཀྱིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁོངས་སུ་ཁོག་ཡངས་ལྡན་པའི་ཆབ་སྲིད་གྲོས་མོལ་བྱས་པ་བརྒྱུད་དེ་རང་བདག་ངང་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ནས་ཐེ་ཇུས་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱ་རྒྱུར་ངོ་རྒོལ་དང་དྲག་ཤུགས་བེད་སྤྱོད་བྱེད་པའམ་ཡང་ན་དྲག་ཤུགས་ཐོག་ནས་འཇིག་སྣང་སྐུལ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འུ་ནེ་ཙུ་ལེའི་གནད་དོན་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། གྲོས་མོལ་བྱ་རྒྱུར་སྐུལ་འདེད་བཏང་ཏེ་མཉམ་དུ་རྒྱལ་སྤྱིའི་གཞུང་དྲང་ལུགས་མཐུན་ལ་སྲུང་སྐྱོབ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོབ། ས་ཁུལ་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་བཅས་བྱས་ནས་འུ་ནེ་ཙུ་ལེ་གང་མགྱོགས་རྒྱུན་ཏན་གྱི་གོང་འཕེལ་ལམ་བུའི་ཐོག་སྐྱོད་རྒྱུར་རོགས་རམ་ཞུ་འདོད་ཡོད་ཅེས་གསུངས་ཡོད།
              ཉེ་དུས། ཨ་རིས་དབྱི་རན་ལ་ཚད་ལས་འདས་པའི་སྣོན་ཤུགས་སྤྲོད་པ་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱས་པའི་དབང་གིས་དབྱི་རན་གྱི་རྡུལ་ཉིང་གནད་དོན་ཙམ་མ་ཟད་དབུས་ཤར་ས་ཁུལ་ཡོངས་ཀྱི་དུས་བབ་རྫ་དྲག་ཏུ་སོང་ཞིང་། དེར་མི་རྣམས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། དབྱི་རན་གྱི་རྡུལ་ཉིང་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་ནི་ཕྱོགས་མང་རིང་ལུགས་ཀྱི་སྙིང་བཅུད་ལྟ་བུ་ཡིན། དེ་ནི་རྒྱལ་སྤྱིའི་རྡུལ་ཉིང་ཁྱབ་བསྐྱེད་མི་འགྲོ་བའི་མ་ལག་ཁྲོད་དང་དབུས་ཤར་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐད་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས་དེར་བརྩི་འཇོག་དང་ནུས་ལྡན་ངང་ལག་ལེན་བསྟར་དགོས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་དབྱི་རན་གྱི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ནི་ཚད་མཐོའི་གཅིག་གྱུར་ཡིན། དེ་ནི་འབྲེལ་ཡོད་ཕྱོགས་ཁག་གིས་ཚོད་སྒོམ་དང་སྟངས་འཛིན་ཐུབ་པ་བྱས་ནས་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཏེ་མིག་སྔའི་རྫ་དྲག་གནས་བབ་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན། ཀྲུང་གོ་དང་ཨུ་རུ་སུ་གཉིས་པོས་རོགས་ལས་དམ་ཟབ་བྱ་རྒྱུ་དང་། འབྲེལ་ཡོད་གནས་བབ་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱ་རྒྱུ་རེད། ཀྲུང་གོས་ཀྱང་མུ་མཐུད་དེ་རང་སོའི་ལུགས་མཐུན་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོབ་མཐའ་ཅིག་ཏུ་བྱ་སྲིད།