ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་དང་མཇལ་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ།

སྤེལ་དུས 2019-06-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
              ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོའི་ཁེ་ལི་མོ་ལིན་ཕོ་བྲང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཇལ་མོལ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠སོང་ཚུན་ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཁྱིམ་མཚེས་མཛའ་གྲོགས་དང་། མཉམ་ལས་གཉིས་རྒྱལ་གྱི་འདུ་ཤེས་འཛིན་ནས། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་བཏང་ཏེ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་རིམ་འཕར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་དང་འཛམ་གླིང་མི་དམངས་ལ་ཕན་པ་དེ་བས་ཡག་པ་ཐོབ་པ་བྱ་རྒྱུའི་མོས་མཐུན་གནང་ཡོད།
              ཞི་ཅིན་ཕིང་གིས། དེ་ནི་ང་རང་ནས་བསྟུད་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་འཁུར་རྗེས། ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཞུ་ཐེངས་དང་པོ་ཡིན་ལ། སྤྱི་ལོ་༢༠༡༣ལོ་ནས་བཟུང་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་ཞུ་ཐེངས་བརྒྱད་པ་ཡང་ཡིན། མིག་སྔར། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ཆུ་ཚད་མཐོ་བའི་ཐོག་རྒྱུན་མཐུད་དང་བརྟན་པོ། སྐྱོན་བྲལ་བཅས་ཀྱི་གོང་འཕེལ་འགྲོ་གི་ཡོད་པ་དང་། ལོ་རྒྱུས་ཀྱི་དུས་མཚམས་ཡག་ཤོས་སུ་གནས་ཡོད། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕ་རོལ་གྱིས་རང་རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་དང་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་སྐྱེས་འགུལ་ཤུགས་ཟམ་མི་ཆད་པར་མངོན་ཡོད་ལ། ཁེ་ཕན་མཉམ་འདྲེས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་གི་ཡོད། རྒྱལ་སྤྱིའི་བྱ་དོན་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས། འཛམ་གླིང་གི་ཞི་བདེ་བརྟན་བརླིང་དང་རྒྱལ་སྤྱིའི་གཞུང་དྲང་དྲན་བདེན་ལ་སྲུང་སྐྱོབ་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་ཡོད་པ་དང་།
              ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན། ལོ་ངོ་༧༠ནི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་ལ། འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན། འཛམ་གླིང་དེ་ཉིད་ལོ་བརྒྱར་བྱུང་དཀོན་པའི་འགྱུར་བ་ཆེན་པོའི་ཁྲོད་གནས་ཡོད་པས། ཀྲུང་གོ་དང་ཨུ་རུ་སུས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དེ་བས་ཆེ་བ་གྲུབ་རྒྱུའི་འགན་འཁུར་གྱི་ཡོད། ཀྲུང་གོས་ཨུ་རུ་སུ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བའི་དགེ་མཚན་ལྡན་པའི་ནུས་པ་ཟམ་མི་ཆད་པ་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕྱོགས་གཉིས་མཉམ་ལས་ཁྲོད་ནས་ཐོབ་ཚོར་དེ་བས་མང་བ་ཡོང་བ་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྲུང་གོ་དང་ཨུ་རུ་སུའི་ཇུས་གཞི་དེ་བས་མང་བ་ལེགས་སྐྱེས་འབུལ་འདོད་ཡོད། དེ་རིང་ང་རང་ནས་ཙུང་ཐུང་ཕུའུ་ཅིང་དང་གལ་ཆེའི་གསལ་བསྒྲགས་ཁག་གཉིས་ལ་མིང་རྟགས་བཀོད་ཡོད་པ་དང་། དེའང་གཅིག་ནི་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པས། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠འཁོར་བའི་གལ་ཆེའི་ལོ་འདིར། ཕྱོགས་གཉིས་འབྲེལ་བའི་གནས་བབས་དང་ནང་དོན་གསར་པ་སྣོན་ཡོད་པ་དང་། གཉིས་ནི་ཐུན་མོང་ཐོག་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པས། ཀྲུང་གོ་དང་ཨུ་རུ་སུའི་འགན་འཁུར་བའི་སྙིང་སྟོབས་དང་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་ཀྱི་དགེ་མཚན་ལྡན་པའི་ཕན་ནུས་མངོན་ཡོད། དེར་མིག་སྔར་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་གནང་བ་དང་།
              ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ལ་བརྟན་བརླིང་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་ཤུགས་ཆེར་ཕྱིན་ཡོད། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བར་ཤུགས་སྣོན་རྒྱག་པ་ནི་ལོ་རྒྱུས་ཀྱི་འབོད་སྐུལ་ཡིན་ལ། ཕྱོགས་གཉིས་པོའི་བློ་བརྟན་འགྱུར་མེད་ཀྱི་འཐབ་ཇུས་འདམ་ཁ་ཞིག་ཀྱང་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་སྐད་ཆ་ཤོད་རེས་དང་རོགས་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཕ་རོལ་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤུས་ཚད་མཐོ་རུ་དང་རིམ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རང་བཞིན་གྱི་རྣམ་གྲངས་ཆེན་པོ་དང་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་དུས་གཅིག་ཏུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། དཔལ་འབྱོར་ཉོ་ཚོང་དང་མ་འཇོག ནུས་པའི་འབྱུང་ཁུངས། ཚན་རྩལ། མཁའ་འགྲུལ་མཁའ་སྐྱོད། མཉམ་འབྲེལ་མཉམ་མཐུད། ཞིང་ལས། དངུལ་རྩ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་ཡོ་རབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་བར་གྱི་འབྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ས་ཁུལ་གཞི་གཅིག་ཅན་དང་ས་ཁོངས་དཔལ་འབྱོར་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ལོ་༢༠༢༠ལོ་ནས་སྤྱི་ལོ་༢༠༢༡ལོའི་བར་ཀྲུང་གོ་དང་ཨུ་རུ་སུའི་ཚན་རྩལ་གསར་གཏོད་ལོའི་བྱེད་སྒོའི་ཇུས་གཞི་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་གོ་དང་ཨུ་རུ་སུ་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་བཀོད་ལས་འཛིན་རྒྱལ་ཁབ་ཡིན་པའི་ངོས་ནས། མུ་མཐུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་མ་ལག་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་མ་ཟད། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱས་ཏེ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཆེད་དྲང་ནུས་ཤུགས་ཆེན་སྣོན་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་ཡོད་པ་རེད།
              ཕུའུ་ཅིང་གིས། གྲོགས་པོ་རྙིང་པ་ཞི་ཅིན་ཕིང་ཨུ་རུ་སུར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཉིན་གཉིས་པར། ང་ཚོ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༧༠སོང་རིང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པའི་འོག ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དེ་སྔར་ན་སླེབས་མྱོང་མེད་པའི་ཆུ་ཚད་མཐོ་པོའི་ཐོག་སླེབས་པ་དང་། ཕྱོགས་མཐའ་ཀུན་གྱི་སྤེལ་རེས་དང་མཉམ་ལས་ལ་གྲུབ་འབྲས་གང་ལེགས་ཐོབ་ཡོད། ཨུ་རུ་སུ་དང་ཀྲུང་གོའི་དབར་མིང་དོན་མཚུངས་པའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་བསྐྲུན་ཡོད་པ་མ་ཟད། ད་དུང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་དང་འཐབ་ཇུས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ལ་གྱུར་ཡོད། ང་ཚོས་ད་ལྟ་ཐོབ་པའི་གྲུབ་འབྲས་ལ་ཡིད་ཚིམ་ནས་མ་བསྡད་པར། ད་དུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་དགོས། མིག་སྔའི་ཆར་རྙོག་འཛིང་ཆེ་ཤིང་འགྱུར་ལྡོག་མང་བའི་རྒྱལ་སྤྱིའི་དུས་བབ་འོག ད་རེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་ལྡན་པ་དང་། དུས་རབས་གསར་པའི་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད། ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་རོགས་རེས་བྱ་རྒྱུར་མུ་མཐུད་ནས་ཤུགས་སྣོན་རྒྱབ་ནས། ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས་ཀྱིས་བཟོས་པའི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་བཅག་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་དགོས། ཨུ་རུ་སུ་ཕྱོགས་ནས་ཀྲུང་གོའི་དབར་དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། དངུལ་རྩ། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ། འཕྲིན་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་རིག་གནས། ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ཤུགས་ཆེར་གཏོང་བ་བཅས་ལ་འབད་བརྩོན་བྱེད་བཞིན་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོར་སྣུམ་དང་རླངས་ཀྱི་ཐོན་ཁུངས་འདང་ངེས་མཁོ་འདོན་བྱ་འདོད་ཡོད་པ་དང་། ཀྲུང་གོར་སྲན་ཆེན་སོགས་ཀྱི་ཞིང་ཐོན་རྫས་ཕྱིར་གཏོང་བྱ་རྒྱུ་མང་དུ་གཏོང་འདོད་ཡོད། ཡོ་རབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་རྒྱུད་གཅིག་ལམ་གཅིག་གི་སྦྲེལ་མཐུད་མགྱོགས་སུ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་གནང་ཡོད་པ་རེད།
              རྒྱལ་ཁབ་གཉིས་པོའི་འབྲེལ་ཡོད་ཚན་པའི་འགན་འཁུར་བས་རང་སོ་སོའི་ཁྱབ་ཁོངས་གཙོ་བོའི་ཕྱོགས་གཉིས་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་པ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་གསན་པ་མ་ཟད། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་དང་། དབྱི་རན་རྡུལ་ཉིང་གནད་དོན། ཝེ་ནེ་ཙུའེ་ལ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་རྒྱལ་སྤྱིའི་ཚོགས་རའི་སྤེལ་རེས་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་ཐད་རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མགྲིན་དབྱངས་གཅིག་གྱུར་གྱིས་མོས་མཐུན་གནང་ཡོད།
              མཇལ་མོལ་གནང་གྲུབ་རྗེས།རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་༽དང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་མིག་སྔའི་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་བརྟན་བརླིང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་༽ལ་མཉམ་དུ་མཆན་བཀོད་གནང་བ་མ་ཟད། ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་འགོད་པར་བདེན་དཔང་མཛད་ཡོད་པ་རེད།
              རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་མཉམ་དུ་གསར་འགོད་པ་དང་ཐུག་འཕྲད་གནང་བ་མ་ཟད། ཁྲང་ཁྲེང་རླངས་འཁོར་གྱི་ཐུའུ་སླ་མངའ་སྡེའི་བཟོ་གྲྭའི་རླངས་འཁོར་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། མོ་སི་ཁོའི་སྲོག་ཆགས་ར་བའི་དོམ་ཁྲ་ཁང་སྒོ་དབྱེ་བའི་མཛད་སྒོར་ཞུགས་ཡོད་པ་རེད།
              གྲོས་མོལ་མ་གནང་གོང་། ཙུང་ཐུང་ཕུའུ་ཅིང་གིས་ཁེ་ལི་མུའུ་ལིན་ཕོ་བྲང་གྱི་ཆའོ་ཀྲེ་ཚོམས་ཆེན་དུ་ཞི་ཅིན་ལ་དགའ་བསུ་ཞུ་བའི་མཛད་སྒོ་ཟབ་རྒྱས་གཉེར་གནང་ཡོད།
              སྤྱི་ཟླ་དྲུག་པའི་མོ་སི་ཁོ་ནི། ཉོ་འོད་རབ་ཏུ་འཕྲོ་ཞིང་། གང་སར་སྔོ་ཐིང་ཐིང་དུ་གྱུར་ཡོད། ཞི་ཅིན་ཕིང་གིས་རླངས་འཁོར་ལ་ཞུགས་ནས་ཁེ་ལི་མུའུ་ལིན་ཕོ་བྲང་གི་སྤོ་ལུ་ཝེ་ཚེ་ཅི་ཐ་ཐོག་ཁང་མདུན་དུ་ཕེབས་པ་དང་། ཨུ་རུ་སུའི་མགྲོན་བསུའི་ཆིབས་རགས་གིས་ལམ་འགྲམ་དུ་རུ་སྟར་སྒྲིག་ནས་དགའ་བསུ་ཞུས་ཡོད།
              དཔའ་ཉམས་ལྡན་པའི་མགྲོན་བསུའི་རོལ་དབྱངས་དང་བསྟུན་ནས། ཞི་ཅིན་ཕིང་དང་ཕུའུའུ་ཅིང་གིས་ཁག་སོ་སོར་ཆའོ་ཀྲེ་ཚོམས་ཆེན་གྱི་ཕྱོགས་གཉིས་ནས་ས་གདན་དམར་པོའི་ཐོག་གོམ་ཞེང་ཆེན་པོས་ཚོམས་ཆེན་གྱི་དབུས་སུ་ཕེབས་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ཕན་ཚུན་དབར་ཕྱག་དམ་པོར་འཇུས་གནང་བ་དང་། དྲན་རྟེན་སྐུ་པར་བསྐྱོན་ཡོད། དམག་མིའི་རོལ་ཆ་རུ་ཁག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད། ཞི་ཅིན་ཕིང་གིས་ཨུ་རུ་སུའི་དཔོན་རིགས་གཙོ་བོ་དང་ཕྱག་བཏང་གནང་བ་དང་། ཕུའུ་ཅིང་གིས་ཀྲུང་གོའི་ཕེབས་རོགས་མི་སྣ་དང་ཕྱག་བཏང་ཡོད།
              ཏིང་ཞུའེ་ཞང་དང་། ཡང་ཅེ་ཁྲེ། ཝང་དབྱི། ཧོ་ལི་ཧྥེང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།