ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་དང་པར་ཙིར་གྱི་ཙུང་ཐུང་པོ་སོ་ན་ལོས་ཀྲུང་གོ་དང་པ་ཙིར་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༥འཁོར་བར་ཕན་ཚུན་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་བ།

སྤེལ་དུས 2019-08-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་ཆེན་དབང་འདུས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༥ཉིན་པར་ཙིར་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པོ་སོ་ན་ལོར་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༥འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད་པ་རེད།
           ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། ཀྲུང་གོ་དང་པར་ཙིར་གཉིས་ཀ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གལ་ཆེའི་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༥སོང་རིང་། ཀྲུང་གོ་དང་པར་ཙིར་དབར་གྱི་ལོ་རྒྱུས་འབྲེལ་བ་སྲ་ཞིང་བརྟན་པ་དང་། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་བདེ་སྐྲུན་ཡོད་ལ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་དབར་གྱི་མཐུན་སྒྲིལ་མཉམ་ལས་དང་ཐུན་མོང་གོང་འཕེལ་གྱི་དཔེ་མཚོན་ལྟ་བུར་གྱུར་ཡོད། མིག་སྔར། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོ་གོང་འཕེལ་འགྲོ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། མཉམ་ལས་བྱ་གཞི་དང་མདུན་ལམ་རྒྱ་ཧ་ཅང་ཆེན་པོ་ཡོད། ངོས་ནས་ཀྲུང་གོ་དང་པར་ཙིར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་པོ་སོ་ན་ལོ་དང་མཉམ་དུ་ཀྲུང་པར་འབྲེལ་བའི་འཆར་འགོད་འདིང་བ་བརྒྱུད། ཀྲུང་པར་ཁྱོན་ཡོངས་འཐབ་ཇུས་རོགས་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་པ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་འབུལ་བ་བཅས་བྱེད་འདོད་ཡོད་ཅེས་བསྟན་གནང་ཡོད།
           པོ་སོ་ན་ལོས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། པར་ཙིར་དང་ཀྲུང་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ཚུན། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཐུན་མོང་གོང་འཕེལ་གྱི་དམིགས་འབེན་དམ་འཛིན་བྱས་པས། ཕྱོགས་གཉིས་མཉམ་ལས་སྣ་མང་ཅན་གྱུར་བ་དང་། མཉམ་ལས་སྒྲིག་གཞི་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅིང་། དེར་ང་ཚོ་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག རྒྱལ་ཁབ་གཉིས་པོའི་ཉོ་ཚོང་དང་ཕན་ཚུན་གྱི་མ་འཇོག་བྱེད་ཚད་རྒྱུན་མཐུད་ངང་འཕར་བ་དང་། མཁའ་སྐྱོད་སོགས་འཐབ་ཇུས་ཁྱབ་ཁོངས་ཀྱི་མཉམ་ལས་ཡག་པོ་ཡོད་པ་བཅས་ཀྱི་ཐོག་ནས་པར་ཀྲུང་འབྲེལ་བའི་གཉིས་ཕན་ངོ་བོ་གང་ལེགས་མངོན་ཡོད། ད་ལོ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་བར་འབྲེལ་བ་ཐེངས་མང་བྱས་པ་དང་། སྲིད་གཞུང་དབར་བདེ་བླག་ངང་གླེང་མོལ་བྱ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ། པར་ཀྲུང་རོགས་ཟླའི་འབྲེལ་བའི་འབྱུང་འགྱུར་ལམ་བུ་འཆར་འགོད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།