ཞི་ཅིན་ཕིང་གིས་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ།
སྤེལ་དུས 2019-12-24
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས། ཝུན་ཙའེ་དབྱིན་ཀྲུང་གོར་ཀྲུང་གོ་དང་། ལྗར་ཕན། ལྷོ་ཁོ་རེ་ཡ་བཅས་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བརྒྱད་པར་ཞུགས་པར་ཕེབས་པར་དགའ་བསུ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་གཉིས་ནི་ཨ་ཤེ་ཡ་དང་ཐ་ན་འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་གལ་ཆེན་ཞིག་རེད། རྒྱལ་ཁབ་གཉིས་པོས་ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་དེ་བས་ལེགས་པ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྒྲིག་གཞི་སྲུང་སྐྱོང་སོགས་ཀྱི་ཐད་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ལྡན་པ་དང་ཐོག་མཐའ་བར་གསུམ་དུ་མཉམ་ལས་དམ་ཟབ་བྱེད་པའི་གྲོགས་པོ་དང་རོགས་ཟླ་ཡིན། འདས་ཟིན་པའི་ལོ་གཉིས་ལྷག་ཙམ་རིང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་ཐུབ་ཡོད། དེང་སྐབས་འཛམ་གླིང་ཐོག་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་གི་མདུན་དུ་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གོང་འཕེལ་དང་ཟབ་ཏུ་བཏང་སྟེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ལྟ་རྟོག་བྱེད་པ། ཕྱོགས་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་སྤུས་ཚད་མཐོ་བའི་མཉམ་འདྲེས་གོང་འཕེལ་མངོན་འགྱུར་ཡོང་རྒྱུས་དམིགས་འབེན་བྱས་ཏེ། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་སྔར་ལས་ལྷག་པ་བྱེད་པ་དང་། དངོས་གཉེར་མཉམ་ལས་ཀྱི་བང་རིམ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ལྷོ་ཁོ་རེ་ཡའི་གོང་འཕེལ་འཐབ་ཇུས་ཀྱི་འཆར་འགོད་སྦྲེལ་མཐུད་ལ་ཕན་འབྲས་སྔ་ཙམ་ཐོན་པ་དང་གྲུབ་འབྲས་སྔ་ཙམ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གཉིས་རང་མོས་ཉོ་ཚོང་ཆོད་ཡིག་གི་དུས་མཚམས་གཉིས་པའི་དབྱེ་འབྱེད་གྲོས་མོལ་ཇེ་མགྱོགས་སུ་གཏོང་བ། གསར་སྐྲུན་ཞིབ་བཟོའི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། བཟང་ཆ་གསབ་རེས་དང་གྲུབ་འབྲས་མཉམ་སྤྱོད་སྔར་ལས་ལྷག་པ་ཡོང་བ་བྱེད་དགོས། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་མི་ཆོས་རིག་གནས་སྐུལ་འདེད་ཨུ་ཡོན་ལྷན་ཁང་གི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ཏེ། སློབ་གསོ་དང་། ལུས་རྩལ། སྨྱན་སྦྱོར། གཞོན་ནུ་ལོ་ཆུང་། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་བར་གྱི་ཕན་ཚུན་རྒྱུས་མངའ་དང་མཛའ་གྲོགས་བརྩེ་བ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ལས་སྒྲོལ་བའི་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་བརྟན་ལྷིང་ཞི་མཐུན་ལ་སྲུང་སྐྱོང་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར། སྲུང་སྐྱོབ་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས། བཙན་དབང་བྱ་སྤྱོད་བཅས་ཐོན་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཟང་ཟིང་དུ་གཏོང་བ་དང་། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་འཇིགས་སྣང་བཟོ་གི་ཡོད། ཀྲུང་གོ་འདི་ཉིད་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། སྔ་བར་ཕྱི་གསུམ་དུ་རང་ངོས་གོང་འཕེལ་དེ་འཛམ་གླིང་གོང་འཕེལ་གྱི་རླབས་རྒྱུན་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་དང་འདྲ་མཉམ་གཉིས་ཕན་རྒྱུན་འཁྱོངས་དང་། གོ་སྐབས་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་པོས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཐུན་སྦྱོར་ལ་ཤུགས་སྣོན་གྱིས་རྒྱལ་སྤྱིའི་གཞུང་དྲང་དྲང་གཞག་དང་རྒྱལ་ཁབ་གཉིས་པོའི་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཝུན་ཙའེ་དབྱིན་གྱིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད། ཝུན་ཙའེ་དབྱིན་གྱིས། ད་ལོ་ནི་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ངོས་ནས་བཤད་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་འཕེལ་རིམ་གལ་ཆེན་བྱུང་ཡོད། ལྷོ་ཁོ་རེ་ཡས་རྒྱལ་ཁབ་གཉིས་པོའི་དབར་དཔལ་འབྱོར་ཉོ་ཚོང་དང་། རིག་གནས། ལུས་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ནང་མཉམ་ལས་སྔར་བས་རྒྱ་ཆེ་རུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ལྷོ་ཁོ་རེ་ཡའི་ལྷོ་ཕྱོགས་གསར་པ་དང་བྱང་ཕྱོགས་གསར་པའི་སྲིད་ཇུས་གཉིས་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཕྱོགས་གསུམ་པའི་ཁྲོམ་ར་མཉམ་དུ་གཏོད་པའི་མཉམ་ལས་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།
ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་དབར་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བརྒྱུད། ལྷོ་ཁོ་རེ་ཡར་ལུས་པའི་ཀྲུང་གོའི་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་ཕུང་རུས་རྩིས་སྤྲོད་ལས་དོན་མུ་མཐུད་ནས་ཡག་པོ་བསྒྲུབ་འདོད་ཡོད་ཅེས་བསྟན་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་ནས། ཤང་ཀང་གི་བྱ་དོན་ཡིན་ནའང་འདྲ་ཡང་ན་ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་གང་ཡིན་རུང་ཚང་མ་ཀྲུང་གོའི་ནང་སྲིད་རེད། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ཆ་མཐུན་པའི་ལོ་རྒྱུས་ཀྱི་འབྱུང་བ་མང་པོ་ཡོད་ཅིང་། རྒྱལ་ཁབ་གཉིས་པོ་ནི་ལས་དབང་གཅིག་མཐུན་མ་ལག་རེད། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་དུས་དང་ས་ཆའི་བཟང་ཆ་ཆེན་པོ་ལྡན་ཡོད། དེའི་ཐོག་ད་ལྟ་མི་སེམས་མཐུན་པོ་ཡོད་པས། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་ཞིག་གཏོད་ཐུབ་ངེས་རེས་བསྟན་ཡོད། ལྷོ་ཁོ་རེ་ཡས། ཀྲུང་གོས་གནད་དོན་གལ་ཆེན་ཐད་འཛིན་པའི་ལངས་ཕྱོགས་ལ་བསམ་ཤེས་ཐུབ་པ་དང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་ཞུས་ནས། ཀྲུང་གོའི་དབར་མུ་མཐུད་ནས་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་ལངས་ཕྱོགས་དང་ཁེ་ཕན་འཚམ་མཐུན་བྱུང་བ་དང་། གཉིས་ཀས་ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུའི་འདོད་ཚུལ་བཏོན་པ་ནི་བརྟན་ལྷིང་སྲུང་སྐྱོང་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཤིག་ཡིན། ཀྲུང་གོའི་ཕྱོགས་ནས་ལྷོ་ཁོ་རེ་ཡའི་ཕྱོགས་ཀྱིས་མུ་མཐུད་བྱང་ཁོ་རེ་ཡའི་ཕྱོགས་བར་འབྲེལ་བ་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཕྱེད་གླིང་ཕྲན་གྱི་ཞི་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྣོན་རྒྱུ་ཡིན་ཞེས་བསྟན་ཡོད།
ཝུན་ཙའེ་དབྱིན་གྱིས། ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱ་ཆེད་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་ཞུ་གི་ཡོད། ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ཞི་བས་ཐག་གཅོད་བྱེད་པའི་གོ་སྐབས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པས། ལྷོ་ཁོ་རེ་ཡའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱེད་གླིང་ཕྲན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད་ཅེས་བསྟན་ཡོད་པ་རེད།
ཡང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥེང་སོགས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།