དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

སྤེལ་དུས 2020-02-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་2ཚེས་14ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མི་དམངས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱེད་པ་ནི་རང་རེའི་ཏང་གིས་རྒྱལ་སྲིད་སྐྱོང་བའི་ལས་འགན་གལ་ཆེན་ཞིག་རེད། མིག་སྔར་གཞི་ཚུགས་ཏེ་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་པོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ལ། ད་དུང་ཕུགས་ལ་དམིགས་ནས་ཉམས་མྱོང་ལ་ཕྱོགས་སྡོམ་དང་བསླབ་བྱ་ཡང་དང་ལེན་བྱེད་དགོས། ད་རེས་ཀྱི་རིམས་འགོག་ལས་དོན་ལས་མངོན་པའི་མི་འདང་བའི་ཆ་དང་སྐྱོན་ཆར་དམིགས་ཏེ་མི་འདང་བའི་ཆ་ཁ་གསབ་དང་། ཞན་ཆ་སེལ་བ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། མཐའ་འཁྱོངས་བྱེད་དགོས་རིགས་མཐའ་འཁྱོངས་དང་། འཐུས་སྒོ་ཚང་དུ་གཏོང་དགོས་རིགས་འཐུས་སྒོ་ཚང་དུ་གཏོང་བ། འཛུགས་དགོས་རིགས་འཛུགས་པ། དོན་འཁྱོལ་བྱེད་དགོས་རིགས་དོན་འཁྱོལ་བཅས་བྱས་ནས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་དང་རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་བསྟན་དོན། ད་རེས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཚོད་བགམ་ཆེན་པོ་བྱས་པ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞིབ་འཇུག་སྒོས་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་ལམ་སྲོལ་ནས་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་འཕྲལ་སྡོམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་པའི་འཕྲོད་བསྟེན་གྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་དང་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་སྟེ། འགོ་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བར་ནན་ཏན་ངང་ཚོད་སྐོར་བྱེད་དགོས། མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདེ་འཇགས་འགན་ལེན། རྒྱལ་ཁབ་ཀྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བཅས་བྱེད་པའི་མཐོ་ཚད་ནས་སྐྱེ་དངོས་ཀྱི་བདེ་འཇགས་རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་ནང་བཅུག་པ་དང་འབྲེལ། རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་གང་མགྱོགས་བཟོས་ནས་བཏོན་སྟེ་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་དང་ལམ་ལུགས་ཀྱི་འགན་ལེན་མ་ལག་གང་མགྱོགས་སྐྲུན་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྔོན་འགོག་གཙོར་འཛིན་པའི་འཕྲོད་བསྟེན་དང་བདེ་ཐང་ལས་དོན་གྱི་མཛད་ཕྱོགས་མཐའ་གཅིག་ཏུ་ལག་ལེན་བསྟར་བ། རྒྱུན་གྲབས་ལྷོད་མེད་རྒྱུན་འཁྱོངས་བྱེད་པ། སྔོན་འགོག་གི་འགག་སྒོ་མདུན་ཕྱོགས་སུ་སྤོ་བ་བཅས་བྱས་ནས་ནད་གཞི་ཆུང་ངུ་ལས་རིམས་ནད་ཚབས་ཆེན་བྱུང་བའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་གཏོང་ཆའི་གྲུབ་ཆ་ལེགས་སྒྲིག་བྱེད་པ། གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་གཏོང་དགོས། སྤྱི་པའི་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལག་ལེན་མི་སྣ་གསོ་སྐྱོང་དང་། ཆོག་འཐུས། བེད་སྤྱོད། ཐོབ་ཐང་འགན་ལེན། དཔྱད་ཞིབ་གདེང་འཇོག སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མཁོ་ཆོད་སྨན་པ་གསོ་སྐྱོང་དང་རིམ་དབྱེ་སྨན་བཅོས་སོགས་ཀྱི་ལམ་ལུགས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་དང་སྨན་བཅོས་ཞབས་འདེགས་གཉིས་ཕན་ཆེ་མཉམ་རོགས་དང་འབྲེལ་མཐུད་དམ་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་འགོག་བཅོས་ཟུང་འབྲེལ་དང་། མཉམ་དུ་སྔོན་འགོག་དང་ཚོད་འཛིན། མཉམ་འགོག་མཉམ་བཅོས་བཅས་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཉེན་ཁའི་འདུ་ཤེས་ཟབ་ཏུ་བཏང་སྟེ་སྤྱི་པའི་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་བརྡར་གཅོད་དང་། ཚོད་སྐོར། ཐབས་ཇུས། སྔོན་འགོག་ཚོད་འཛིན་བཅས་ཀྱི་རོགས་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྐྱོབ་བཅོས་མ་ལག་ལ་སྒྱུར་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམས་ནད་ཚབས་ཆེན་གྱི་འཕྲལ་སྡོམ་བརྡ་ལན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཅིག་སྡུད་དང་། གཅིག་གྱུར། ནུས་ཆེ་བཅས་ཀྱི་འགོ་ཁྲིད་བཀོད་འདོམས་མ་ལག་འཛུགས་པ་བཅས་བྱས་ཏེ། བཀའ་བཀོད་ཁ་གསལ་དང་། བརྒྱུད་རིམ་ལྡན་ལ་གོ་རིམ་ལྡན་པ། འགོ་ཁྲིད་མ་ལག་དང་ལས་རིགས་དབར་ཤར་བགྲོད་ཐུབ་པ། ལག་བསྟར་ནུས་ལྡན་ཐུབ་པ་བཅས་བྱས་ནས་རིམས་ནད་ཀྱི་འཐབ་ས་དང་པོའི་གནད་དོན་ཐག་གཅོད་གནད་སྨིན་བྱེད་དགོས།
        ཚན་རིག་ཞིབ་འཇུག་དང་། རིམས་ནད་ཚོད་འཛིན། ནད་ཐོག་སྨན་བཅོས་བཅས་ཀྱི་མཉམ་ལས་ནུས་ལྡན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བའི་ཁར། ས་གནས་ཁག་གི་ལག་ལེན་གྱི་ཉམས་མྱོང་ལ་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་ནས་ལམ་ལུགས་ཅན་གྱི་གྲུབ་འབྲས་ཐོན་པར་བྱེད་དགོས་པ་དང་། ཐོལ་བྱུང་དམིགས་བསལ་གྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་འཕྲལ་སྡོམ་སྐྱོབ་བཅོས་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། ཞི་དྲག་ཟུང་འབྲེལ་དང་ཞན་ཆ་བསལ་ཏེ། རིམས་ནད་ཚབས་ཆེན་སྐྱོབ་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་བཟང་སྒྲིག འགོ་ནད་སོགས་རིམས་ནད་ཚབས་ཆེན་སྐྱོབ་བཅོས་ཀྱི་རིམ་དབྱེ་ཁག་བགོས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། འཐབ་ས་དང་པོའི་ནད་ཐོག་སྨན་བཅོས་ལག་རྩལ་གསར་གཏོད་ལ་རྒྱབ་སྐྱོར། དུས་ཐོག་ཏུ་ནུས་ལྡན་གྱི་སྐྱོབ་བཅོས་ཇུས་གཞི་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། གྲངས་གཞི་ཆེན་པོ་བཀོལ་སྤྱོད་དང་། མི་ཐབས་རིག་ནུས། སྤྲིན་ཚོམས་རྩིས་རྒྱག་སོགས་གྲངས་འཛིན་ལག་རྩལ་གྱི་བཀོལ་སྤྱོད་ལ་སྐུལ་ལྕག་བཏང་སྟེ། རིམས་ནད་ལྟ་དཔྱད་དབྱེ་ཞིབ་དང་། ནད་དུག་ཁུངས་འདེད། སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས། ཐོན་ཁུངས་བཀོད་སྒྲིག་སོགས་ཀྱི་ཐད་འདེགས་སྐྱོར་གྱི་ནུས་པ་དེ་བས་ཆེན་པོ་འདོན་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ཚབས་ཆེན་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་ཚང་དང་འཕྲལ་སྡོམ་སྨན་བཅོས་རོགས་སྐྱོབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཐོལ་བྱུང་རིམས་ནད་སོགས་ཛ་དྲག་གནས་ཚུལ་ཐོན་སྐབས་སྨན་བཅོས་སྒྲིག་གཞིས་སྔོན་ལ་སྐྱོབ་བཅོས་དང་རྗེས་སུ་སྨན་རིན་བསྡུ་བའི་འགན་ལེན་བྱེད་པ་དང་སྦྲགས། སྨན་བཅོས་འགན་བཅོལ་གྱི་སྨན་རིན་ཡུལ་གཞན་ནས་དུས་ཐོག་ཏུ་རྩིས་རྒྱག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དམིགས་བསལ་ཚོགས་སྤྱི་དང་དམིགས་འཛུགས་རིམས་ནད་ཀྱི་སྨན་རིན་རྩ་གཅོག་ལམ་ལུགས་འཚོལ་ཞིབ་ཀྱིས་བཙུགས་ཏེ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་དཀར་ཆག་དང་། གཏོང་སྤྲོད་བཅད་གྲངས། སྨན་སྤྱོད་ཚད་སོགས་ཚོད་འཛིན་རང་བཞིན་གྱི་དོན་ཚན་དག་དམིགས་ས་ཡོད་པའི་སྒོ་ནས་མེད་པར་བཟོས་ཏེ་སྨན་བཅོས་ཐད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སེམས་ཁྲལ་ཆུང་དུ་གཏོང་དགོས། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩ་དང་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་ཀྱི་མ་དངུལ་བེད་སྤྱོད་ལ་སྤྱི་འདོམས་བྱས་ཏེ། གཞི་རིམ་སྨན་བཅོས་སྒྲིག་གཞིའི་གཏོང་སྤྲོད་བསྡུར་ཚད་མཐོ་རུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་ཞབས་འདེགས་དང་སྨན་བཅོས་ཞབས་འདེགས་འབྲེལ་མཐུད་ནུས་ལྡན་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཅིག་གྱུར་གྱི་འཕྲལ་སྡོམ་དངོས་ཟོག་འགན་ལེན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་དངོས་ཟོག་འགན་ལེན་རྒྱལ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་འཛུགས་སྐྱོང་གི་ནང་དོན་གལ་ཆེན་ཞིག་ལ་བརྩིས་ནས་གཅིག་སྡུད་དོ་དམ་དང་གཅིག་གྱུར་གཏོང་སྤྲོད། རྒྱུན་གཏན་ཞབས་འདེགས། གནོད་འཚེའི་སྐབས་ཀྱི་འཕྲལ་སྡོམ། བསྡུ་གསོག་ཟུང་འབྲེལ། གྲོན་ཆུང་ནུས་ཆེ་བཅས་ཀྱི་རྩ་དོན་གཞིར་བཟུང་། འབྲེལ་ཡོད་ལས་དོན་གྱི་ལམ་སྲོལ་དང་འཕྲལ་སྡོམ་སྔོན་ཇུས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། འཕྲལ་སྡོམ་དངོས་ཟོག་གལ་ཆེན་གྱི་ཐོན་ནུས་འགན་ལེན་དང་ཁུལ་ཁོངས་བཀོད་སྒྲིག་གི་གནས་ཚུལ་བཟང་སྒྲིག་བྱས་ཏེ། འགག་རྩའི་དུས་སུ་གཏོང་སྤྱོད་ཐུབ་པ་བྱེད་དགོས། གནས་སྐབས་ཐོན་སྲིད་པའི་དངོས་ཟོག་མཁོ་སྤྲོད་མི་འདང་བར་དམིགས་ཏེ། གཅིག་སྡུད་ཐོན་སྐྱེད་བཀོད་གཏོང་ལམ་སྲོལ་འཛུགས་པ་དང་། གཅིག་གྱུར་ཐོག་མ་བཅོས་རྒྱུ་ཆ་མཁོ་སྤྲོད་སྒྲིག་འཛུགས་དང་། གནས་གཏན་འཁེལ་གྱིས་ཐོན་སྐྱེད་བཀོད་སྒྲིག སྤུས་ཚད་དང་ཚད་གཞི་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་འཕྲལ་སྡོམ་དངོས་ཟོག་གོ་རིམ་ལྡན་ལ་ནུས་པ་ལྡན་པའི་སྒོ་ནས་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་གསོག་འཇོག་མ་ལག་འཐུས་སྒོ་ཚང་དུ་བཏང་ཁར། གསོག་འཇོག་གི་སྣ་ཁ་དང་། གཞི་ཁྱོན། གྲུབ་ཆ་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱས་ཏེ་གསོག་འཇོག་བྱེད་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་འཕྲལ་སྡོམ་དངོས་ཟོག་ཉོ་སྒྲུབ་མཁོ་འདོན་མ་ལག་བཙུགས་ཏེ། འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་གཅིག་སྡུད་དོ་དམ་དང་། གཅིག་གྱུར་གཏོང་སྤྲོད། གཅིག་གྱུར་སྡེབ་སྐྱེལ་བཅས་བྱས་ནས་འཕྲལ་སྡོམ་དངོས་ཟོག་མཁོ་འདོན་འགན་ལེན་དྲ་བ་དེ་བས་ནུས་ཆེ་དང་། བདེ་འཇགས། ཚོད་འཛིན་ཐུབ་པ་བཅས་ལ་སྐུལ་འདེད་གཏོང་དགོས།
        ཚོགས་འདུའི་ཐོག《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2019ལོའི་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ》དང《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་2020ལོའི་ལས་དོན་གྱི་གཙོ་གནད》ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
        ཚོགས་འདུའི་ཐོག《དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་སྒྱུར་བཅོས་ཀྱི་ཇུས་གཞི》《ཚན་ཞིབ་མི་སྣའི་གོ་གནས་ཚན་ཞིབ་གྲུབ་འབྲས་བདག་དབང་ངམ་ཡང་ན་ཡུན་རིང་བེད་སྤྱོད་བྱེད་དབང་སྤྲོད་པའི་ཚོད་ལྟའི་ལག་བསྟར་ཇུས་གཞི》《བྱ་གཞག་ཚན་པའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《རྒྱལ་ཁབ་ཀྱི་རིམ་མཐོའི་རིག་མཛོད་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རྨང་གཞིའི་སྒྲིག་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཞབས་འདེགས་ལས་རིགས་སྒྱུར་བཅོས་དང་། སྒོ་དབྱེ། འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།