དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་བཀོད་སྒྲིག་གྲོས་ཚོཊ་ཐོག་གསུང་བཤད་གལ་ཆེན་གནང་བ།

སྤེལ་དུས 2020-02-24 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
         ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་ཐོག་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་།  ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་པ།
          སྤྱི་ཚེས་23ཉིན། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཐོག་དཀའ་ངལ་མང་པོ་འཕྲད་མྱོང་ནའང་དཀའ་ངལ་གྱི་མདུན་དུ་དཔའ་ཞུམ་མྱོང་མེད་པར། ཕམ་ཉེས་ཇི་ཙམ་བྱུང་ན་དེ་ཙམ་གྱིས་དཔའ་ངར་ཆེ་རུ་སོང་ཞིང་། དཀའ་ངལ་ཁྲོད་འཚར་ལོངས་དང་དཀའ་ངལ་ཁྲོད་དཔའ་ངར་ཆེར་སྐྱེད་ཟམ་མི་ཆད་པ་བྱུང་ཡོད། མིག་སྔར་རིམས་ནད་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། སྔོན་འགོག་ཚོད་འཛིན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཆོད་སེམས་བརྟན་དུ་གཏོང་བ་དང་།  དཀའ་ངལ་ཁྱད་བསད་བྱས་ཏེ་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། གནོན་ཤུགས་སྒུལ་ཤུགས་སུ་འགྱུར་བ་དང་། ཉེན་ཁ་སེལ་མཁས་པོ་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། ཐོན་སྐྱེད་འཚོ་བའི་གོ་རིམ་རིམ་པ་བཞིན་སླར་གསོ་བྱེད་པ་དང་། བརྟན་པོ་དྲུག་གི་བྱ་ཐབས་ཤུགས་ཆེར་གཏོང་བ། སྲིད་ཇུས་ཀྱི་སྙོམས་སྒྲིག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་གྱི་གོང་འཕེལ་གཏོང་གཞི་ཆེན་པོ་དང་སྒུལ་ནུས་ཆེན་པོ་གང་ལེགས་མངོན་ཐུབ་པ་བྱས་ཏེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་དགོས་པའི་ནན་སྟོན་གནང་ཡོད།

         ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་དང་ལྷག་པར་དུ་ཧུའུ་པེ་དང་ཝུའུ་ཧན་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ།མང་ཚོགས་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་གནང་བཞིན་པའི་རྒྱ་ཆེའི་སྨན་དོན་ལས་དོན་པ་དང་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ།  འཐབ་ཕྱོགས་ཁག་གི་བློ་མཐུན་རྣམ་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་བ། ཀང་ཨའོ་ཐའེ་གྱི་སྤུན་ཟླ་དང་། ཕྱིར་སྡོད་སྤུན་ཟླ་རྣམས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་སྣ་ཚོགས་གནང་མཁན་རྒྱལ་ཁབ་དང་། རྒྱལ་སྤྱིའི་སྒྲིག་འཛུགས། མཛའ་གྲོགས་མི་སྣ་བཅས་ལ་ལྷག་བསམ་རྣམ་དག་ངང་ཐུགས་རྗེ་ཆེ་ཞུས་གནང་བ། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་སྟབས་མི་ལེགས་པར་འདས་གྲོངས་སོང་བའི་སྤུན་ཟླ་དང་སྐུ་གཤེགས་པའི་སྨན་དོན་མི་སྣར་སེམས་སྡུག་ཆེན་པོས་མྱ་ངན་ཞུས་གནང་བ། ནད་གདོན་དང་འཐབ་འཛིང་བྱེད་བཞིན་པའི་ནད་པ་དང་ནད་པའི་ནང་མི། གཞུང་དོན་དུ་རང་སྲོག་ཤོར་བའི་མི་སྣའི་ནང་མི། ནད་གཞིས་རྐྱེན་པས་གྲོངས་པའི་ནད་པའི་ནང་མི་བཅས་ལ་ལྷག་བསམ་དག་པའི་ཐུགས་གསོའི་འཚམས་འདྲི་གནང་ཡོད།
         ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ལི་ཀྲན་ཧྲུའུ་དང་། ཝང་དབྱང་།ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད།
         ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཏང་ཀྲུང་དབྱང་གིས་མཐོང་ཆེན་པོ་གནང་སྟེ་འཕྲལ་མར་བཀོད་སྒྲིག་གནང་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་ཐད་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་རྒྱུ་ཨང་དང་པོར་འཇོག་དགོས་པ་དང་། བྱ་ཐབས་ནུས་ལྡན་བཟུང་སྟེ་རིམས་ནས་འགོས་ཁྱབ་འགྲོ་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཏང་ཀྲུང་དབྱང་གིས་དུས་གནས་བབ་བསྟུན་དང་ཕྱོགས་བསྡུས་བརྡར་ཤ་བཅད་དེ་དུས་ཐོག་ཏུ་ཆོད་སེམས་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་བཏོན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་སྲིད་ཇུས་དུས་ཐོག་ཏུ་གཏན་ལ་ཕབ་པ། བསྡུ་ཉར་སྨན་བཅོས་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་བཏང་བ། ནད་དུག་འགོས་ཚད་དང་ནད་གཞིས་རྐྱེན་པས་འཆི་ཚད་ཉུང་དུ་གཏོང་རྒྱུ་དེ་མངོན་གསལ་དོད་པའི་ལས་འགན་ལ་བརྩིས་ཏེ་དམ་འཛིན་བྱས་པ་དང་། ཝུའུ་ཧན་དང་ཧུའུ་པེ་དེ་རྒྱལ་ཡོངས་ཀྱི་འཐབ་ས་གཙོ་བོར་བཞག་སྟེ། ཝུའུ་ཧན་དང་ཧུའུ་པེ་ཡི་རིམས་འགོག་གི་གཅིག་གྱུར་བཀོད་འདོམས་ལ་ཤུགས་སྣོན་བརྒྱབ་པ་དང་། ས་ཁུལ་གཞན་དག་གི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་བྱས་པ། སྨན་སྤྱོད་དངོས་པོ་དང་འཚོ་བའི་མཁོ་ཆས་མཁོ་འདོན་འདང་ངེས་བྱས་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱས་པ། དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བཅས་བྱས་ཡོད་ཅེས་ནན་སྟོན་གནང་ཡོད།

         ཞི་ཅིན་ཕིང་གིས། ཛ་དྲག་པའི་འཐབ་རྩོད་འདིའི་ཁྲོད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མདུན་དུ་མཆོངས་པ་དང་དཔའ་ངར་ཞུམ་མེད་ངང་འབད་བརྩོན་བྱས་པ། རྒྱ་ཆེའི་སྨན་དོན་ལས་དོན་པས་ཕྱིར་བཤོལ་མེད་པར་ཉིན་མཚན་དབྱེར་མེད་ངང་འབད་འཐབ་བྱས་པ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཚོས་བཀའ་བཞིན་བྱ་སྤྱོད་སྤེལ་བ་དང་། ལས་དོན་ལྗིད་པོ་ཕྲག་ཏུ་འཁུར་བ།  རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཀུན་སེམས་གཅིག་སྒྲིལ་དང་སོ་སྲུང་རོགས་རེས་བྱས་པ། རྒྱ་ཆེའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་མི་སྣ་། སྡེ་ཁུལ་གྱི་ལས་དོན་མི་སྣ་སོགས་ཀྱིས་ལས་གནས་བརྟན་སྲུང་དང་ཉིན་མཚན་དབྱེར་མེད་ངང་ལས་རེས་བྱས་པ། རྒྱ་ཆེའི་གསར་འགྱུར་ལས་དོན་པས་དཀའ་ཉེན་ལ་མི་འཛེམས་པ་དང་འཐབ་ས་དང་པོར་ཟབ་ཞུགས་བྱས་པ། རྒྱ་ཆེའི་དང་བླངས་པ་སོགས་ཀྱིས་ལྷག་བསམ་རྣམ་དག་སྒོ་ནས་ལེགས་སྐྱེས་ཕུལ་བ་དང་དཀའ་ངལ་ཁྱད་བསད་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་དང་མི་དམངས་འཐུས་ཚོགས། སྲིད་གྲོས། དེ་བཞིན་མི་དམངས་ཚོགས་པ་སོགས་ཀྱིས་རང་རྟོགས་ངང་འགན་འཁྲི་འཁུར་བ་དང་། སྤྱི་ཚོགས་ལས་རིགས་ཁག་དང་ཀའོ་ཨའོ་ཐའེ་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ནས་གཅིག་མཇུག་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་སུ་ཕུལ་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་རང་རྒྱལ་དུ་ཐོན་པའི་འགོས་ཁྱབ་འགྲོ་མགྱོགས་ཤོས་དང་།འགོས་ཁྱབ་ཀྱི་ཁྱབ་ཁོངས་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་གྱི་དཀའ་ཚེགས་ཆེ་ཤོས་བཅས་ཡིན་པའི་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་ཞིག་ཡིན། ང་ཚོའི་ངོས་ནས་བརྗོད་ན། ད་ཐེངས་ནི་ཉམས་ཉེན་ཞིག་ཡིན་ལ་ཚོད་བགམ་ཆེན་པོ་ཞིག་ཀྱང་ཡིན། དཀའ་ཚེགས་ཆེན་པོས་འབད་བརྩོན་བྱས་པ་བརྒྱུད་མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་སུ་འགྲོ་བཞིན་ཡོད། ལག་ལེན་ལས་ར་སྤྲོད་བྱུང་བར། ཏང་ཀྲུང་དབྱང་གིས་རིམས་ནད་དུས་བབ་ལ་བརྡར་ཤ་བཅད་པ་ནི་གནད་ལ་འཕིགས་པ་དང་། ལས་དོན་བཀོད་སྒྲིག་ཁག་དུས་ཐོག་བྱུང་བ། བཟུང་བའི་བྱ་སྤྱོད་ནུས་ལྡན་ཡིན། སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་ཐོན་པ་དེའི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་སླར་ཡང་མངོན་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། 
         ཞི་ཅིན་ཕིང་གིས། གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱེད་དགོས་པ་དང་དུས་མཚུངས་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ལྷོད་གཡེང་གི་བསམ་བློ་དང་དམག་འཐབ་བྱེད་མི་འདོད་པའི་བསམ་ཚུལ། སྟེས་དབང་གི་བསམ་ཚུལ། ལྷོད་འབབ་ཀྱི་བསམ་བློ་བཅས་ལ་ཚད་མཐོའི་དོགས་ཟོན་བྱེད་དགོས་པ་དང་། མུ་མཐུད་དེ་ལྷོད་གཡེང་སྤུ་ཙམ་མེད་པར་སྔོན་འགོག་ཚོད་འཛིན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས་རྒྱལ་ཁ་མཐར་ཕྱིན་པ་མ་ཐོབ་བར་ལེགས་གྲུབ་བྱུང་བར་བརྩི་མི་རུང་ཞེས་ནན་སྟོན་གནང་བ་དང་། ཞི་ཅིན་ཕིང་གིས་དེའི་ཐད་བླང་བྱ་ཁག་བདུན་བཏོན་གནང་བ་སྟེ། གཅིག་ནས། ཧུའུ་པེ་སྲུང་སྐྱོབ་བྱེད་པའི་དམག་འཐབ་དང་ཝུའུ་ཧན་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཡག་པོ་རྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་ནད་པ་སྐྱོབ་བཅོས་བྱེད་པའི་འགག་རྩ་གཉིས་ལ་དམ་འཛིན་གྱིས་རིམས་ནད་འགོས་ཁྱབ་འགྲོ་རྒྱུར་གཏན་འགོག་དང་། སྟོབས་ཤུགས་ཉམས་ཞན་ས་ཁུལ་གྱི་རིམས་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་གྱིས་ནད་པ་བསྡུ་ཉར་བྱེད་ཚད་དང་དྲག་སྐྱེད་ཡོང་ཚད་མཐོ་རུ་གཏོང་བ་དང་། རིམས་ནད་འགོས་ཚད་དང་འཆི་ཚད་དམའ་རུ་འགྲོ་བ་བྱེད་དགོས། གཉིས་ནས། པེ་ཅིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་དགོས། ཕྱི་ཕྱོགས་ནས་ནང་ཁུལ་དུ་འཛུལ་རྒྱུ་སྔོན་འགོག་དང་ནང་ཁུལ་དུ་འགོས་ཁྱབ་འགྲོ་བ་སྔོན་འགོག་བྱེད་པའི་ལྷུ་ཚིགས་གཉིས་དམ་འཛིན་གྱིས་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁུལ་གྱི་མཉམ་འགོག་མཉམ་འཛིན་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཀྱི་འབྱུང་ཁུངས་མེད་པ་བཟོ་གང་ཐུབ་བྱེད་དགོས། གསུམ་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་བཀོད་སྒྲིག་བྱེད་དགོས། འཐབ་ས་མདུན་མར་ཡོད་པའི་སྨན་དོན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་འགན་སྲུང་དང་འགོག་སྲུང་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱེད་པ། སྨན་ཁང་དུ་ནད་གཞི་འགོ་བ་སྔོན་འགོག་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབ་པ། སྨན་དོན་མི་སྣར་ཚན་རིག་དང་མཐུན་པའི་འགོག་སྲུང་དང་སྦྱོང་བརྡར་ཡག་པོ་སྤྲོད་པ་བཅས་བྱེད་དགོས།ཁྲོམ་རའི་མཁོ་སྤྲོད་རྣམ་པར་ལྟ་ཞིབ་དམ་ཟབ་བྱེད་དགོས་པ་དང་། སྔོ་ཚལ་དང་བཟའ་རིགས་སོགས་ཐོན་སྐྱེད་བྱ་རྒྱུ་སྒྲིག་འཛུགས་བྱས་ནས། སྐྱེལ་འདྲེན་བགྲོད་ལམ་དང་ཟོག་འདྲེན་བགྲོད་ལམ་ཤར་གཏོང་ཐུབ་པ་བྱེད་དགོས། བཞི་ནས། ཚན་རྩལ་ཞིབ་བཟོ་མགྱོགས་མྱུར་འགག་སྒྲོལ་ཐུབ་པ་བྱེད་དགོས། རིག་ཚན་མང་པོའི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཚན་ཞིབ་འགག་སྒྲོལ་ལས་དོན་སྤེལ་དགོས་པ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་བཟོ་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐོག་ཏུ་ནུས་ལྡན་གྱི་སྨན་བཅོས་ཇུས་གཞི་ཕྱོགས་སྡོམ་ཁྱབ་གདལ་གཏོང་དགོས། ལྔ་ནས། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། མུ་མཐུད་དེ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་། འབྲེལ་ཡོད་རྒྱལ་ཁབ་དང་རིམས་འགོག་ཉམས་མྱོང་མཉམ་སྤྱོད་ཀྱིས་ནད་དུག་འགོག་པའི་སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་བཟོ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། དྲུག་ནས། གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་ནུས་ལྡན་རང་བཞིན་མཐོ་རུ་གཏོང་དགོས། མུ་མཐུད་དེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་དང་གསལ་འགྲེལ་གྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཉམས་མྱོང་བཟང་པོ་དང་བྱ་ཐབས་ཡག་པོ་གཅིག་གྱུར་ཐོག་སྐུལ་འདེད་བཏང་བའི་གནས་ཚུལ་འགོད་སྤེལ་གཏིང་ཟབ་བྱེད་དགོས་པ། རིམས་ནད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ། རིམས་འགོག་འཐབ་ས་མདུན་མའི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་རྒྱ་ཁྱབ་ཏུ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་རང་འགུལ་ངང་ལན་ཆ་བྱེད་དགོས།  བདུན་ནས། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་འཕེལ་ཕྱོགས་རང་བཞིན་གྱི་གནད་དོན་ཐག་གཅོད་བྱས་ནས་སྨན་བཅོས་སྒྲིག་ལམ་དང་། རིམས་འགོག་སྒྲིག་ལམ། ཁྲོམ་རའི་སྒྲིག་ལམ། སྤྱི་ཚོགས་སྒྲིག་ལམ་སོགས་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་པ་བཅས་རེད།
         ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་དཔལ་འབྱོར་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་སྲིད། དེར་བརྟེན། འགག་རྩའི་དུས་མཚམས་འདིར། དེ་བས་ཀྱང་ཁྱོན་ཡོངས་དང་། རྩོད་སྒྲུབ། རྒྱང་རིང་བཅས་ཀྱི་མིག་རྒྱང་ཐོག་ནས་རང་རྒྱལ་གྱི་གོང་འཕེལ་ལ་བལྟ་དགོས་པ་དང་། དེ་བས་སེམས་ཤུགས་བརྟན་དུ་གཏོང་དགོས།  ཕྱོགས་ཡོངས་ནས་བལྟས་ན། རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ཡག་པོ་ཡོང་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། རིམས་ནད་ཀྱི་ཤུགས་རྐྱེན་ནི་དུས་ཐུང་དང་། སྤྱི་ཡོངས་ནས་ཚོད་འཛིན་བྱེད་ཐུབ་པ་ཞིག་རེད་ཅེས་དང་། ཞི་ཅིན་ཕིང་གིས། ལས་འགོ་འཛུགས་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད་བླང་བྱ་ཁག་བརྒྱད་བཏོན་གནང་བ་སྟེ། གཅིག་ནས། ས་ཁོངས་དབྱེ་བ་དང་རིམ་པ་དབྱེ་བའི་ཐོག་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། ཉེན་ཁ་ཆུང་བའི་ས་ཁུལ་གྱིས་གང་མགྱོགས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་དེ་ཕྱི་ཕྱོགས་ནས་ནང་ཁུལ་དུ་འཛུལ་རྒྱུ་སྔོན་འགོག་བྱེད་པར་བསྒྱུར་དགོས་པ་དང་། སྒོ་ཀུན་ནས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས། ཉེན་ཁ་འབྲིང་བའི་ས་ཁུལ་གྱིས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དེ་སྟོབས་ཤུགས་རྩེ་གྲ་གཅིག་སྡུད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། གཉིས་ནས། སྤྱི་ཁོག་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས།  དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དེ་བས་དགེ་མཚན་ལྡན་པར་འགྱུར་བ་བྱེད་དགོས་པ་དང་། མུ་མཐུད་དེ་དུས་མཚམས་རང་བཞིན་དང་། དམིགས་བཙུགས་རང་བཞིན་ལྡན་པའི་ཁྲལ་གྲོན་ཉུང་གཏོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཏོན་ཏེ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དཀའ་ཚེགས་ལས་གྲོལ་རོགས་བྱེད་དགོས། བརྟན་ལ་ལེགས་པའི་དངུལ་ལོར་སྲིད་ཇུས་དེ་བས་སྟབས་བསྟུན་འོས་འཚམ་ཡོང་བ་བྱེད་དགོས་པ་དང་། ད་ཡོད་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ཡག་པོ་སྤྱད་དེ་དུས་ཚོད་འོས་འཚམ་སྐབས་སྲིད་ཇུས་བྱ་ཐབས་གསར་པ་འདོན་དགོས། གསུམ་ནས། སྒོ་ཀུན་ནས་ལས་ཞུགས་བརྟན་གཏོང་གི་བྱ་ཐབས་ཤུགས་ཆེར་གཏོང་དགོས། ཁུར་པོ་ཡང་གཏོང་དང་། ལས་གནས་བརྟན་གཏོང་། ལས་ཞུགས་འཕར་སྣོན་བཅས་བྱེད་དགོས་པ་དང་། ཁེ་ལས་ཁག་གཅིག་ལ་ལས་མི་དཀོན་པ་དང་། ལས་གནས་བརྟན་གཏོང་གི་གནོན་ཤུགས་ཆེ་བ། གཙོ་གནད་མི་ཚོགས་ལས་ཞུགས་ཁག་པ་སོགས་ཀྱི་མངོན་གསལ་དོད་པའི་འགལ་ཟླར་གཞིགས་ཏེ་ཐབས་ལམ་མང་ལ་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་དགོས། བཞི་ནས། དབུལ་སྒྲོལ་འགག་གཏོར་གྱི་ལས་དོན་ལེགས་སྒྲུབ་མཐར་ཕྱིན་པ་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་གང་ཐུབ་བྱེད་དགོས་པ་དང་། འགག་སྒྲོལ་ལས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་པ། དབུལ་ཕོངས་ངལ་ནུས་གོ་རིམ་ལྡན་པའི་ངང་ལས་གནས་ཐོག་ཕྱིར་ལོག་བྱ་རྒྱུར་རོགས་རམ་བྱེད་པ། དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་གིས་གང་མགྱོགས་ལས་འགོ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་དབུལ་ལོག་ཐེབས་རྒྱུར་སྔོན་འགོག་བྱེད་པའི་སྒྲིག་གཞི་འཐུས་ཚང་ཞིག་གང་མགྱོགས་འཛུགས་དགོས། ལྔ་ནས། ཁེ་ལས་ཀྱིས་ལས་འགོ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་དབྱེ་བ་དང་རིམ་པ་དབྱེ་བའི་ཐོག་ནས་སྔོན་འགོག་ཚོད་འཛིན་གྱི་འཐབ་ཇུས་གནད་ལ་འཕིགས་པའི་ངང་དོན་འཁྱོལ་བྱེད་དགོས་པ་དང་། མི་སྣའི་འགྲོ་འོང་དང་། ཟོག་འདྲེན་འགག་གནད་ཤར་གཏོང་ཐུབ་པ་བྱེད་པ། ཟོག་འདྲེན་ཚད་བཀག་མེད་པ་བཟོ་བ་བཅས་བྱས་ནས་ཐོན་ལས་སྦྲེལ་ཐག་གི་ལྷུ་ཚིགས་ཁག་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་མཐུན་སྦྱོར་བྱེད་དགོས། རྒྱལ་ནང་གི་ནུས་ལྡན་དགོས་མཁོ་རྒྱ་སྐྱེད་གཏོང་བ་དང་། འཛུགས་སྐྲུན་བྱེད་བཞིན་པའམ་ལས་འགོ་གསར་པ་ཚུགས་པའི་རྣམ་གྲངས་ཀྱི་འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་བཏང་ནས་ལས་མི་བཀོལ་སྤྱོད་དང་ས་ཆ་བཀོལ་སྤྱོད། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་ལ་འགན་སྲུང་བྱེད་དགོས། དྲུག་ནས། གོ་སྐབས་མི་ཤོར་བར་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་བྱེད་དགོས།  དཔྱིད་རྨོས་གྲ་སྒྲིག་ལ་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་གྱིས་ཞིང་ལས་རྒྱུ་ཆ་ཐོན་སྐྱེད་དང་། འཁོར་རྒྱུག མཁོ་སྤྲོད་སོགས་གྲ་སྒྲིག་བྱས་ནས་ཞིང་ལས་ཐོན་སྐྱེད་འཐུས་ཤོར་མི་འགྲོ་བ་བྱེད་དགོས། བདུན་ནས། གཞི་རྩའི་དམངས་འཚོར་འགན་སྲུང་ཏན་ཏིག་བྱེད་དགོས། ཞོར་ཟས་མཁོ་སྤྲོད་ལ་འགན་སྲུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་མཐིལ་རྟོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནད་པ་དང་ལྷག་པར་དུ་གཉེན་ཉེ་གྲོངས་པའི་ཁྱིམ་ཚང་ལ་གཙོ་གནད་ཐོག་ལྟ་སྐྱོང་བྱེད་དགོས།  དེ་མིན་གྱི་ནད་ཡམས་འགོས་པའི་ནད་པ་སྨན་བཅོས་སྐྱོབ་བཅོས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། བརྒྱད་ནས། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་མ་རྩའི་གཞི་རྩའི་གནས་སྟངས་བརྟན་པོ་ཡོང་བ་བྱེད་དགོས། ཕྱིར་གཏོང་ཁྲལ་སློག་དང་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་སོགས་སྒྲིག་སྲོལ་དང་མཐུན་པའི་ཕྱི་ཕྱོགས་ཉོ་ཚོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་ཐོན་ལས་སྦྲེལ་ཐག་དང་། མཁོ་སྤྲོད་སྦྲེལ་ཐག་འཁོར་རྒྱུག་ཡག་པོ་ཐུབ་པའི་འགན་ལེན་བྱེད་པ། ཕྱི་རྒྱལ་མ་རྩའི་རྣམ་གྲངས་ཆེ་གྲས་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་པ། དངུལ་རྩ་སོགས་ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་ཕྱི་རྒྱལ་ཚོང་པའི་རྒྱང་རིང་གི་མ་འཇོག་ཁེ་གཉེར་གྱི་སེམས་ཤུགས་འཕེལ་བ་བྱེད་དགོས། 
         ཞི་ཅིན་ཕིང་གིས། ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་པར་ངེས་པར་དུ་ཏང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཤུགས་ཆེར་གཏོང་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་ལྷག་དོན་དུ་དོན་འཁྱོལ་དམ་འཛིན་བྱེད་པའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་གི་བཀོད་ཇུས་དང་བཀོད་སྒྲིག་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས། དོན་འཁྱོལ་དམ་འཛིན་བཅས་བྱེད་དགོས། རིམ་ཁག་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁ་ཐོབ་ངེས་ཀྱི་སེམས་པ་དང་འགན་སེམས། གཅེས་སེམས། གཟབ་ནན་གྱི་སེམས་པ་བཅས་ཆེ་རུ་གཏོང་བ་དང་གདོང་ལེན་བྱེད་ཕོད་པ། མདུན་དུ་མཆོངས་ཕོད་པ། རང་སྒུལ་ངང་ལས་ཀ་བྱེད་ཕོད་པ། ལས་དོན་ཧུར་ཐག་གཉེར་བ་བཅས་བྱེད་དགོས། འཐབ་རྩོད་ཀྱི་འཐབ་ས་དང་པོའི་ཐོག་ལས་བྱེད་པར་རྟོག་ཞིབ་དང་དབྱེ་བ་འབྱེད་དགོས་ཤིང་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་བྱེད་པར་གཟེངས་བསྟོད་དང་བློ་ཁོག་ཆེན་པོས་བེད་སྤྱོད་གཏོང་བ། འགན་ཁུར་མི་ཕོད་པ་དང་ལས་ཀ་བྱེད་མི་ཕོད་པ། འགན་འཛོལ་བྱུང་བ་ཚོའི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། འཐབ་རྩོད་ཀྱི་འཐབ་ས་དང་པོའི་ཐོག་གྲུབ་འབྲས་གཟེངས་སུ་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཡིན་ཕྱིན་གནས་ཚུལ་ལ་གཞིགས་ཏེ་རིམ་པ་དབྱེ་ནས་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་གཞི་རིམ་དུ་ཟབ་སྐྱོད་བྱེད་མཁན་རིམ་ཁག་ལས་བྱེད་པ་དང་ལྷག་དོན་དུ་ཧུའུ་པེ་དང་ཝུའུ་ཧན་སོགས་རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁུར་གཅེས་སྐྱོང་དང་དུས་ཐོག་ཏུ་ཁོང་ཚོའི་དོན་དངོས་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་དགོས། སྔོན་འགོག་ཚོད་འཛིན་གྱི་ཐོན་ཁུངས་དང་སྟོབས་ཤུགས་གཤམ་གཏོང་བྱེད་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་རྒྱུ་སྐུལ་སློང་གང་ལེགས་བྱེད་དགོས། ཐེངས་འདིའི་རིམས་ནད་ལ་ཁ་གཏད་གཅོག་པའི་ནང་ཐོན་པའི་མངོན་བསལ་དོད་པའི་ཞན་ཆར་དམིགས་ནས་ཉམས་མྱོང་ལ་ཕྱོགས་སྡོམ་དང་བསླབ་བྱ་བླངས་ནས་གློ་བུར་ཐོན་པའི་ཚབས་ཆེའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཅེས་བསྟན་འདུག
         ལི་ཁེ་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་ནང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་གནང་ཡོད་པ་དང་མིག་སྔའི་རིམས་ནད་དུས་བབ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་བཟོས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་དང་གལ་ཆེའི་བྱ་ཐབས་བཏོན་གནང་ཡོད་པས་བསམ་བློའི་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་ནས་ནན་ཏན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་བསྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་སེམས་ཤུགས་བརྟན་གཏོང་དང་ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས།གནད་འཕིགས་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཁག་དམ་འཛིན་ཏན་ཏིག་བྱེད་པ་དང་དམ་འཛིན་ཞིབ་ཚགས་བྱེད་པ་དང་དཀའ་ངལ་འཕྲད་བཞིན་དུ་མདུན་སྐྱོད་དང་དཔའ་ངར་ཆེར་སྐྱེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་གཅིག་གྱུར་ཐོག་ཡག་པོ་སྒྲུབ་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་རྒྱུར་འབད་བརྩོན་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ལེགས་སྒྲུབ་ཡོང་རྒྱུ་འགན་ལེན་གྱིས་ཏང་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས་ཞེས་གསུངས་ཡོད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། 
         ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་ཀྲུང་དབྱང་གི་ཧུའུ་པེར་སྐྱོད་མཁན་མཛུབ་སྟོན་ཚོ་ཆུང་གི་འབྲེལ་ཡོད་བློ་མཐུན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་མཉམ་འགོག་མཉམ་འཛིན་སྒྲིག་གཞིའི་ཁོངས་མིའི་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་རྣམ་པའི་ཐོག་ནས་སྐོང་ཚོགས་བྱས་པ་དང་ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་གྲོང་ཁྱེར་དང་རྫོང་ཁག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་ཁག་དང་མི་དམངས་ཚོགས་པ་ཁག བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཐོན་ཤོག་རིམ་པ་ཡན་གྱི་ལས་ཁུངས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
རྩོམ་སྒྲིག་པ།སྣང་རྡོར།