ནད་ཡམས་སྔོན་འགོག་གི་ལས་གཉེར་སྒྲིག་ལམ་བསྐྲུན་དགོས།
སྤེལ་དུས 2020-02-24
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཚེས་༢༣ཉིན་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་བརྗོད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་ལས་གཉེར་་སྒྲིག་ལམ་ཞིག་བསྐྲུན་དགོས་ཞེས་འཁོད་པའི་དཔྱད་གཏམ་ཞིག་སྤེལ་ཡོད་པ་རེད།
དཔྱད་གཏམ་ནང་། ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་བ་དང་ཐེངས་འདིའི་མི་དམངས་དམག་འཁྲུག་ལ་སྐུ་ངོ་མས་བཀོད་འདོམས་དང་སྐུ་ངོ་མས་བཀོད་སྒྲིག་མཛད་ཡོད། སྤྱི་ཟླ་༢ཚེས་༢༡ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་ལས་གཉེར་གྱི་སྒྲིག་ལམ་ཞིག་བསྐྲུན་ནས་གོ་རིམ་ལྡན་པའི་ངང་ལས་འགོ་སྐྱར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་་སྐུལ་འདེད་བཏང་ནས་མི་སྣའི་འགྲོ་འོང་དང་ཟོག་འདྲེན། མ་དངུལ་་གཏོང་སྤྲོད་བྱེད་རྒྱུ་བཅས་གོ་རིམ་ལྡན་པའི་སྒོ་ནས་ལས་གཉེར་་ཐུབ་པ་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་ལས་གཉེར་ལེགས་པོ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་ཅེས་འཁོད་ཡོད་པ་དང་།
དཔྱད་གཏམ་ནང་། གང་འདྲ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་རྒྱལ་ཁ་གཉིས་ལེན་དགོས་པ་དེས་རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་རྒྱུགས་ལེན་ཆེན་པོ་ཞིག་བྱས་ཡོད། ད་ལོ། རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཆབས་ཅིག་ང་ཚོའི་མདུན་དུ་ད་དུང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་རབ་དང་རིམ་པ་འཕྲད་རྒྱུ་འཕྲད་རྒྱུ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱེད་རྒྱུ། དབུལ་འགྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་མཇུག་བསྡུ་རྒྱུ་བཅས་འཕྲད་རྒྱུ་ཡིན་པས་ལས་འགན་དང་འགན་འཁྲི་ཧ་ཅང་ལྗིད་་པོ་ཡིན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་རྩོད་སྒྲུབ་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་ལས་གཉེར་གྱི་སྒྲིག་ལམ་འཛུགས་དགོས་ཀྱི་ཡོད་ཅེས་འཁོད་འདུག
དཔྱད་གཏམ་ནང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སྒྲིག་ལམ་ཞིག་སྐྲུན་པ་དང་ལས་འགོ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་་འདེད་གཏོང་རྒྱུ་ནི་བརྗོད་གཞིའི་ནང་གི་གཙོ་བོ་དེ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པ་དེ་དག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པའི་རྨང་གཞིའི་ཐོག་རིམས་ནད་ཁུལ་དབྱེ་བ་དང་རིམ་པ་དབྱེ་བའི་ཚད་གཞི་ཁ་གསལ་ཞིག་བཟོ་དགོས་པ་དང་ཁེ་ལས་བྱ་གཞག་ཚན་པའི་ལས་འགོ་སྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུ་བཀོད་སྒྲིག་ལུགས་མཐུན་བྱེད་པ། འཛུགས་སྐྲུན་བྱ་དང་བྱ་མུས་ཀྱི་རྣམ་གྲངས་ཁག་ལས་འགོ་སླར་འཛུགས་དང་རྣམ་གྲངས་གསར་པ་ཁག་རྣམས་ལས་འགོ་འཛུགས་རྒྱུ་དམ་འཛིན་ཡག་པོ་བྱས་ནས་མི་སྣ་འགྲོ་འོང་བྱ་རྒྱུ་གོ་རིམ་ལྡན་པ་བྱེད་དགོས།འཕར་རྩ་ཆེན་པོ་ལྟ་བུ་ཡིན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་ཀ་དེས་ལས་འགོ་སྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རྒྱུར་འགོ་ཡག་པོ་ཞིག་འཛུགས་དགོས། དངུལ་རྩ་དང་ལས་མི་བཀོལ་སྤྱོད་སོགས་ཀྱི་ཐད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་བའི་ཁེ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ཁེ་ལས་དེ་་དག་དཀའ་གནད་ལས་སྒྲོལ་རོགས་ཀྱིས་གསོན་ཤུགས་སླར་གསོ་ཐུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ས་ཁུལ་མིན་པ་རེ་གཉིས་སྟབས་བདེའི་སྒོ་ནས་སྒོ་ཐེལ་བརྒྱབ་ནས་འཇོག་པ་དང་ལས་མཚམས་བཞག་ནས་འཇོག་པའི་གྲི་གཏུབ་ལྟ་བུའི་བྱེད་སྟངས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས་ཞེས་འཁོད་འདུག །
དཔྱད་གཏམ་གྱི་མཇུག་ཏུ། རིམས་ནད་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་གོང་འཕེལ་གྱི་དུས་སྐབས་མི་ཤོར་བ་བྱེད་དགོས། རིམས་ནད་ཀྱི་ཕོག་ཐུག་ནི་དུས་ཐུང་དང་དུས་རིམ་རང་བཞིན་ཙམ་ཡིན། འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་གཉིས་པ་ཡིན་པའི་ཆ་ནས་རང་རྒྱལ་གྱི་དཔལ་འབྱོར་ལ་ལྡེམ་ཤུགས་ཆེན་པོ་ལྡན་པ་དང་མི་མངོན་པའི་སྟོབས་ཤུགས་ཆེ་བ། གོང་འཕེལ་གཏོང་ཡུལ་ཆེ་བ། དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་བ་བྱུང་མེད་པའི་ཁར་ང་ཚོར་ཤུགས་ཆེའི་ལམ་ལུགས་ཀྱི་བཟང་ཆ་ལྡན་ཡོད་པས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཐམས་ཅད་སྐུལ་སློང་ཆེ་ཤོས་ཐུབ་པ་བྱས་ནས་རིམས་ནད་འགོག་རྒོལ་བྱེད་རྒྱུ་ཡིན་པས་དེ་དག་ཚང་མས་ང་ཚོས་་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་སླར་གསོ་བྱེད་པའི་ཤུགས་ཆེའི་སེམས་ཤུགས་ཤིག་ཆགས་ཡོད་པ་དང་ང་ཚོས་རིམས་ནད་འགོ་པ་དང་ད་དུང་ཁྱོན་ཡོངས་འབྱོར་འབྲིང་སྐྲུན་རྒྱུའི་ཐད་མུ་མཐུད་འབད་འཐབ་བྱེད་པའི་རྨང་གཞི་བརྟན་པོ་ཞིག་ཆགས་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་བརྟན་པོ་དྲུག་གི་ལས་དོན་གཅིག་གྱུར་བཀོད་སྒྲིག་བྱས་ནས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་ལས་འགན་ཁག་ལེགས་གྲུབ་གང་ཐུབ་བྱེད་པ་དང་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་མངོན་འགྱུར་ཡོང་བ་བྱེད་པ། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པ་མངོན་འགྱུར་ཡོང་བ་བྱ་ཆེད་རྨང་གཞི་ཡག་པོ་ཞིག་འདིང་དགོས་ཀྱི་ཡོད་ཅེས་འཁོད་འདུག
རྩོམ་སྒྲིག་པ།སྣང་རྡོར།