ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྐབས་བཞི་པའི་ཀྲུང་ཁུ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

སྤེལ་དུས 2022-03-25 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་3ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཁུ་པ་གུང་ཁྲན་ཏང་གི་སྐབས་བཞི་པའི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཁུ་པ་གུང་ཁྲན་ཏང་ནི་རང་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཁུ་པ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བརྒྱད་པས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁུ་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་འཆར་འགོད་དང་བཀོད་སྒྲིག་བྱས་ནས་ཁུ་པ་འདི་ཉིད་དར་རྒྱས་དང་། དམངས་གཙོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་སུ་འཛུགས་སྐྲུན་བྱ་རྒྱུར་འཆར་གཞི་བཀོད་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པར་ཕྱོགས་སྐབས་ཀྲུང་ཁུ་ཏང་གཉིས་ཀྱིས“ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་ཀྲུང་ཁུའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱང་ལམ་གསར་པར་འབད་འབུངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་རིགས་པའི་གཞུང་ལུགས་བགྲོ་གླེང་དང་ཏག་ཏག་འཁེལ་ཡོད་པས་ང་ཚོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཁུ་པ་གུང་ཁྲན་ཏང་དང་མཉམ་དུ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་ཀྱི་ལྟ་སྟངས་སྤེལ་རེས་གཏིང་ཟབ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་ཏེ་རང་སོ་སོའི་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
         སྐབས་བཞི་པའི་ཀྲུང་ཁུ་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་རྒྱལ་སྤྱིའི་འབྲེལ་བའི་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་ཟླ་3ཚེས་23དང་24ཉིན་བརྙན་ལམ་ཐོག་ནས་འཚོགས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།