ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

སྤེལ་དུས 2022-03-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་3ཚེས་25ཉིན་གྱི་ཕྱི་དྲོ། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
         ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་དབྱིན་རྒྱལ་ཁབ་གཉིས་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། དུས་རབས་ཕྱེད་ཀ་ཙམ་གྱི་རིང་ཀྲུང་དབྱིན་དབར་གྱི་འབྲེལ་བར་འགོག་རྐྱེན་ཕྲན་བུ་འཕྲད་རུང་། སྤྱིའི་ཆ་ནས་བལྟས་ན་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་3ནས་ཨ་སྒོར་དུང་ཕྱུར་ཆིག་སྟོང་བར་འཕར་བ་དང་ཕྱོགས་གཉིས་པོའི་མ་འཇོག་གསོག་ཚད་ཧ་ལམ་མེད་པ་ནས་ཨ་སྒོར་དུང་ཕྱུར་500བར་འཕར་བ་དང་། ན་ནིང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་ཚོང་དོན་ཐད་སླར་ཡང་ཟིན་ཐོ་གསར་པ་བཏོད་དེ་ཀྲུང་གོས་དབྱིན་ཇིར་མ་འཇོག་བྱེད་ཚད་ལྡབ་གཉིས་ལྷག་ཙམ་འཕར་བ། དབྱིན་ཇིའི་མ་འཇོག་ཁེ་ལས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་ཧུར་ཐག་ཞུགས་པ། ལོན་ཏོན་འཛམ་གླིང་ཐོག་གི་མི་དམངས་ཤོག་སྒོར་ཕྱི་ཕྱོགས་སུ་ཉོ་ཚོང་བྱེད་པའི་ལྟེ་གནས་ཆེ་ཤོས་སུ་གྱུར་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་རྒྱལ་ཁབ་གཉིས་པོས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་གནས་ཚུལ་མི་འདྲ་ལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་འདྲ་གི་མེད། ཕྱོགས་གཉིས་པོས་འཐབ་ཇུས་དང་ཕུགས་ལ་དམིགས་ཏེ་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྒོ་དབྱེ་ཁོང་ཡངས་ཀྱི་སེམས་ཁམས་ཐོག་ནས་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷག་བསམ་ཟོལ་མེད་དང་། སྒོ་དབྱེ། ཁོང་ཡངས་བཅས་ཀྱི་རྣམ་འགྱུར་ཐོག་ནས་དབྱིན་ཇི་ཕྱོགས་དང་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་འདོད་ཡོད་ལ། དབྱིན་ཇི་ཕྱོགས་ཀྱིས་དོན་དངོས་དང་མཐུན་ལ་དྲང་གཞག་གི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་ཀྲུང་དབྱིན་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡང་ཡོད་ཅེས་གསུངས་པ་རེད།
         གཡོད་ཧན་ཤུན་གྱིས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཡོད། དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་ཚོང་དོན་འཕར་ཚད་མགྱོགས་པོ་ཡོད་པ་དང་དབྱིན་ཇིར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཡོ་རོབ་རྒྱལ་ཁབ་གཞན་གང་རུང་ལས་མང་བ་ཡོད་པས་དབྱིན་ཇི་ཕྱོགས་ལ་དེའི་ཐད་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད། དབྱིན་ཀྲུང་རྒྱལ་ཁབ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པས་གནད་དོན་མང་པོའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་པས་མཉམ་ལས་བྱེད་ཆོག་པའི་བྱ་བ་ཧ་ཅང་མང་པོ་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལྷག་བསམ་ཟོལ་མེད་ངང་སྐད་ཆ་ཤོད་རེས་དང་། སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་སྤེལ་རེས་དང་མཐུན་སྦྱོར་གཏིང་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
         རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ད་དུང་ཡུག་རེན་གྱི་དུས་བབ་ལ་དགོངས་འཆར་བརྗེ་རེས་གནང་བ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་འབྲེལ་འདུམ་ཐབས་བྱེད་པ་དང་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་གནད་དོན་ཐག་གཅོད་བྱ་ཆེད་ཆ་རྐྱེན་བསྐྲུན་ཏེ་ཡུག་རེན་ལ་སྔ་ཙམ་ཞི་བདེ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་འདོད་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།