ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་བ།

སྤེལ་དུས 2022-04-01 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་3ཚེས་30ཉིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཧོང་ཚུན་གྲོང་རྡལ་དུ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཚང་མ་དང་ལྷན་དུ་ཤིང་འཛུགས་གནང་བཞིན་པ། 
         ཚེས་30ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ལོ་10བསྟུད་མར་ལྷན་རྒྱས་དང་མཉམ་དུ་རྒྱལ་སའི་འོས་འགན་ཤིང་འཛུགས་ནང་ཞུགས་པ་ཡིན། དེ་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་ནུས་པ་ཕྲན་བུ་བཏོན་པ་ཞིག་ཡིན་ལ་སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོའི་སེམས་ནང་སྐྱེ་ཁམས་ཤེས་དཔལ་གྱི་ས་བོན་ཞིག་འདེབས་རྒྱུར་སྐུལ་འདེད་བཏང་ནས་ཚང་མས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་པ་དང་སྐུལ་འདེད་པ་བྱས་ཏེ་རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་བརྟན་འཁྱོངས་ཀྱིས་རང་རེའི་མེས་རྒྱལ་གྱི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། སྐྱེ་ཁམས་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་རྒྱུར་འབོད་སྐུལ་བྱ་ཆེད་ཀྱང་ཡིན་ཞེས་ནན་བཤད་གནང་བ་རེད།
         ཡུལ་གྲུ་ཀུན་ཏུ་དཔྱིད་ཀྱི་དཔལ་ཡོན་བཞད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ལྷན་དུ་རླངས་འཁོར་ལ་ཞུགས་ནས་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཧོང་ཚུན་གྲོང་རྡལ་གྱི་ཤིང་འཛུགས་སར་ཕེབས་ཏེ་རྒྱལ་སའི་མང་ཚོགས་དང་ལྷན་དུ་འོས་འགན་ཤིང་འཛུགས་ནང་ཞུགས་པ་རེད།
         ཤིང་འཛུགས་ཡུལ་དེ་ཏ་ཤིང་གྲོང་གསར་གྱི་སོས་དལ་སྤྱི་གླིང་དུ་གནས་པ་དང་རྒྱ་ཁྱོན་མུའུ་1500ཙམ་ཟིན་གྱི་ཡོད། ཁུལ་དེ་ནི་དེ་སྔའི་ཆུ་མཛོད་དང་གྲམ་ཐང་ཡིན་པ་དང་མིག་སྔར་གྲོང་ཁྱེར་གྱི་སྤྱི་གླིང་དུ་འཆར་འགོད་བྱས་ཡོད། བསྐྲུན་ཟིན་རྗེས་ཉེ་འཁོར་མང་ཚོགས་ཀྱི་སྤྲོ་གསེང་རོལ་རྩེད་དང་རང་བྱུང་ཁམས་དང་ཉེ་བཅར་གྱི་སྐྱེ་ཁམས་ཁོར་ཡུག་ཅིག་ཏུ་འགྱུར་རྒྱུ་རེད།
         སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་དེ་གར་ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་གནང་བ་དང་ལྕགས་ཁེམ་བསྣམས་ནས་ཤིང་འཛུགས་སར་ཕེབས་རྗེས་པེ་ཅིང་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་ལས། རྩྭ་ཐང་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་དང་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས་དང་ལོ་ཆུང་གདོང་ལེན་རུ་མི་དང་ལྷན་དུ་ལས་བྲེལ་གནང་འགོ་ཚུགས།
         ཞི་ཅིན་ཕིང་གིས་ངལ་རྩོལ་གནང་ཞོར་དུ་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོར་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང“ངལ་རྩོལ”གྱི་ནུས་པར་སྣང་ཆུང་བྱེད་མི་རུང་བར་ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། གྲོན་ཆུང་གི་འདུ་ཤེས་བཅས་སྐྱེད་སྲིང་བྱས་ཏེ་བྱ་བ་ཆུང་ཙག་སྒྲུབ་པ་ནས་འགོ་བཙུགས་ཐོག་ཏང་དང་མི་དམངས་ལ་གོ་ཆོད་པའི་ཤེས་ལྡན་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད། ཤིང་འཛུགས་སར་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན་ཞིང་། ངལ་རྩོལ་ནང་ཞུགས་མཁན་འགོ་ཁྲིད་བློ་མཐུན་ཚོས་ཚང་མ་དང་མཉམ་དུ་ས་འགེབས་པ་དང་ཆུ་རྒྱག་བཞིན་བྱམས་བརྩེའི་སྤེལ་རེས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
         ཤིང་འཛུགས་ཀྱི་བར་གསེང་དུ་ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་པ་དང་མང་ཚོགས་ཚོར་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ལྷོད་མེད་ངང་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཤིང་འཛུགས་ནགས་བཟོ་དང་མེས་རྒྱལ་སྔོ་འགྱུར་བྱས་པར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་སྐྱེ་ཁམས་ཀྱི་ངོ་མཚར་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་པས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུ་རྒྱུན་ཆད་མེད་པར་དངོས་ཡོད་དུ་འགྱུར་བཞིན་ཡོད། དུས་མཚུངས་སུ་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་དང་སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ལེགས་བཅོས་ཡོང་བ་བྱ་རྒྱུ་དེ་བྱེད་ཐེངས་གཅིག་ལ་འགྲུབ་མི་ཐུབ་པ་དང་། སྔར་བཞིན་དུས་ཡུན་རིང་པོར་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་དང་ངེས་པར་དུ་སྙིང་རུས་བརྟན་འཁྱོངས་དང་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས་པའང་ང་ཚོས་མཐོང་ཐུབ་པ་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་ནགས་ཚལ་ནི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད་བཅས་ཡིན་ཞིང་། ད་ཆ“ཐཱན་མཛོད”ཀྱང་སྣོན་དགོས་ཞེས་གསུངས་པ་རེད། ནགས་ཚལ་དང་རྩྭ་ཐང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ལྡན་པ་དང་། ནགས་ཚལ་དང་རྩྭ་ཐང་དར་རྒྱས་བྱུང་ཚེ་སྐྱེ་ཁམས་དར་རྒྱས་ཡོང་སྲིད། ད་ལྟ་རང་རྒྱལ་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གྲངས་ཚད་ནས་སྤུས་ཚད་བར་འགྱུར་ལྡོག་འགྲོ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། རི་ཆུ་ནགས་ཚལ་དང་ཞིང་ཁ་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡོམས་འབོར་དང་སྤུས་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཇེ་ཆེར་གཏོང་བ་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་འགྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་བ་རེད།
         ཞི་ཅིན་ཕིང་གིས་སྔོ་འཛུགས་ལྗང་སྲུང་དང་རང་བྱུང་ཁམས་ལ་གཅེས་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་རེད། སའེ་ཧན་ཐང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པ་དང་། གྲོན་ཆུང་བསྲི་ཚགས། དངོས་སྒྲུབ་བཅས་ཀྱི་སྒོ་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་བཅས་བྱས་ཏེ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་རི་ཀླུང་གིས་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།