ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་མི་དམངས་ལ་བཅངས་པའི་བརྩེ་སེམས། (སྟོད་ཆ)

སྤེལ་དུས 2022-04-12 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           གྲོང་ཚོ་ཆུང་ཆུང་ནས་ཏང་ཀྲུང་དབྱང་བར་དང་། གྲོང་གསེབ་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ནས་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའི་བར། ཞི་ཅིན་ཕིང་གི་ཐུགས་ལ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་བཅངས་པ་དང་མི་དམངས་ཀྱི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་གྱི་ཡོད།
           “རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིག་ཡིན་པའི་ངོས་ནས་མི་དམངས་ཀྱིས་ཡིད་ཆེས་ཆེན་པོས་རང་ཉིད་ལས་གནས་འདིར་བཞག་པར་ངས་མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་གི་ཡིན”ཞེས་གསུངས།
           མི་དམངས་ཀྱི་ཁྲོད་ནས་ཡོང་བ། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་བརྟེན་དགོས། མི་དམངས་ཀྱིས་མི་དམངས་ཀྱི་གཙོ་འཛིན་ལ་གཟིགས་རྒྱང་རིང་པོ་དང་། བློ་རྒྱ་ཆེན་པོ། དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱི་སྟོབས་ཤུགས་བཅས་སྦྱིན་པ་དང་། མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པའི་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་གཏོད་གནང་ཡོད།
           མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་བཙུགས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་དད་མོས་བྱེད་པ།
           “ང་རང་ནི་ས་སེར་ཐོག་རྩ་བ་ཚུགས་པ་དང་གསར་བརྗེའི་ས་གཞིར་འཚར་ལོངས་དང་ཡར་རྒྱས་བྱུང་ལ། ཏང་དང་མི་དམངས་ཀྱིས་རང་ཉིད་དྲིན་གྱིས་བསྐྱངས་ཡོད”
           2021ལོའི་ཟླ་10ཚེས་21ཉིན། རྨ་ཆུ་རྒྱ་མཚོར་འབབ་ས་ཧྲན་ཏུང་ཏུང་ཡིང་དུ།
           དེ་གར་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་དཔེ་སྟོན་ཞིང་ནང་དུ་ཕེབས་ནས་སྲན་སྙེ་ཞིག་བཏོགས་ཏེ་འཕུར་ཙམ་གནང་རྗེས་ཆོད་བཞིན་དུ“སྲན་མ་ཡག་པོ་སྐྱེས་འདུག”ཅེས་གསུངས།
           གནས་ཚུལ་དེ་མཐོང་སྐབས་ཉེ་འགྲམ་གྱི་ཞིང་ལས་ལག་རྩལ་གྱི་འགན་འཁུར་བ་ལུའོ་ཧྲོའུ་ཡུས་ཧང་སངས་པ་དང་སེམས་འགུལ་ཚད་མེད་ཐེབས་ནས“དེ་ནི་ཉམས་མྱོང་ལྡན་པའི་ཞིང་པ་རྒད་པོ་ཞིག་གི་གནང་སྟངས་རེད”ཅེས་བཤད།
           ངལ་རྩོལ་ཁྲོད་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་གཤིས་གྲུབ་པ་སྟེ། 2012ལོར་གངས་ཁྲོད་དུ་ཧྥུའུ་ཕིན་ལ་ཕེབས་ནས་ས་ཁྲིའི་སྟེང་སྐྱིལ་ཀྲུང་དུ་བཞུགས་པ་དང། 2018ལོར་དབུན་ཁྲོན་དུ་རྟོག་ཞིབ་གནང་སྐབས་སྲན་མ་འཐག་གནང་བ། 2019ལོར་རྒྱལ་སར་ཤིང་འཛུགས་ལ་ཞུགས་པ་སོགས། སྤྱོད་ཚུལ་དེ་དག་ལས་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་མངོན།
           བརྩེ་སེམས་འདིས་གསར་བརྗེའི་ས་བོན་གང་ལེགས་མངོན།
           2021ལོའི་ཟླ་6ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་སྣེ་ཁྲིད་དེ་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོར་ཕེབས།
           འགྲེམས་ཁང་ནང་ལི་ཏ་ཀྲའོ་ཡི་གྲགས་ཅན་རྩོམ་ཡིག《མི་སེར་གྱི་རྒྱལ་ཁ》ཞེས་པའི་ནང་གི《གཞོན་ནུ་གསར་པ》ཞེས་པའི་དུས་དེབ་ཀྱི་མ་ཡིག་མདུན་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་ངང་གཟིགས་པ་རེད།
           “མི་མང་ཆེ་བའི་མང་ཆེ་བར་ཁེ་ཕན་རག་ཐབས་བྱེད་པའི་རང་ཚུགས་ལས་འགུལ”ནས“མི་སེར་ལ་རྒྱལ་ཁ་ཐོབ་པའི”བར། གསར་བརྗེའི་སྔོན་བྱོན་པ་ཚོས་ང་ཚོའི་བྱ་གཞག“ཇི་སྲིད་བར་དུ་གནས་པའི”ལོ་རྒྱུས་ནི་ལྡོག་ཐབས་མེད་པ་ཞིག་ཡིན་ལུགས་གསལ་པོར་བསྟན་ཡོད།
           འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ལེང་ཅ་ཧོ་ཡི་ས་ཕུག་ནང་སྣུམ་བཞུའི་འོད་མདངས་འོག《མི་དམངས་ལ་ཞབས་འདེགས་ཞུ་དགོས》ཞེས་པའི་རྩོམ་ཡིག་ལ་ཡིག་འབྲུ་བརྒྱ་ཕྲག་ཁ་ཤས་ལས་འཁོད་མེད་ཀྱང་ཞི་ཅིན་ཕིང་གིས་ཧ་ཅང་མཉེས་པོ་གནང་ནས་འཇོག་འདོད་གནང་གི་མེད། 《ཡུས་ཀུང་གིས་རི་བོ་སྤོ་བ》དང《པའེ་ཆིའུ་ཨེན་ལ་དྲན་གསོ་ཞུ་བ》ཞེས་པ་རྒྱུན་དུ་སློབ་སྦྱོང་དང་གོ་བ་གསར་པ་བླངས་ནས་དད་སེམས་བརྟན་པོ་ཡོང་བར་གནང་ཡོད།
           དུས་རབས་གསར་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲག་ཆར་རླུང་འཚུབ་ཀྱི་ལམ་བུ་བརྒྱུད་ནས་གུང་ཁྲན་ཏང་མིས་དམངས་ཆེད་ལས་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་མྱོང་རོལ་གནང་ཡོད་དེ།
           ཧྭ་ཏུང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་འོ་ཆུ་མཉམ་འདྲེས་དང་འཆི་གསོན་མཉམ་གནས་ཀྱི་ཡི་མེང་གི་སྙིང་སྟོབས་ལ་བསམ་བློ་ཞིབ་ཕྲ་བཏང་གནང་བ་དང་། ཧྲན་ཤིས་དང་སུའེ་ཡོན་མཐའ་ཁུལ་གསར་བརྗེའི་དྲན་གསོ་ཁང་དུ“མི་དམངས་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དུས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་གནང་བ་དང་། ཧོའེ་ཧའེ་གཡུལ་འགྱེད་དྲན་གསོ་ཁང་དུ“ཐེར་ཆུང་ལ་བརྟེན་ནས་རྒྱལ་ཁ་ལེན་པར”མྱོང་ཚོར་ཟབ་མོ་བྱུང་བ་སོགས།
           སེམས་ནང་མི་དམངས་བཅངས་པ་དང་། ལག་ཏུ་བདེན་དོན་བཟུང་བ། མི་ཡུལ་གྱི་འགྲོ་ལམ་ཡང་དག་བརྒྱུད་པ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགྱུར་མི་རུང་བ་དང་། བརྗེད་མི་རུང་བ། དོར་མི་རུང་བ”བཅས་ལ་བརྟེན་ནས་དགོངས་ཚུལ་གསུངས་གནང་བ་སྟེ།
           “ང་ཚོས་ངེས་པར་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་པའི་ལངས་ཕྱོགས་འགྱུར་མི་རུང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྗེད་མི་རུང་བ། མང་ཚོགས་ནི་དཔའ་བོ་ངོ་མ་ཡིན་པའི་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་དོར་མི་རུང”ཞེས་གསུངས་པ་རེད།
           བརྩེ་སེམས་འདི་ནི་འཚར་ལོངས་བརྒྱུད་རིམ་ལས་བྱུང་བ་ཞིག་རེད།
           2015ལོའི་ཟླ་2ཚེས་13ཉིན“ས་སེར་བུ་ཕྲུག”ཁྱིམ་དུ་ལོག
           སྐབས་དེ་དུས་ཀྱི་གྲོགས་པོ་རྙིང་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་ནས་བཟུང་སྐབས་སྔར་བཞིན་བྱམས་བརྩེ་ལྡན། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ཁོང་ཚོའི་མིང་གསལ་པོ་ངེས་གནང་གི་ཡོད། ཁོང་གིས“སྐབས་དེ་དུས་ང་དང་ལེང་ཅ་ཧོ་གྲོང་ཚོར་ལས་འབྲེལ་བྱུང་བས་དེ་རིང་ཁྱེད་ཚོ་དང་ཐུག་འཕྲད་བྱུང་བ་ནི་སྨོས་མི་དགོས་པ་ཞིག་རེད”ཅེས་གསུངས།
           ལོ་40ཡི་གོང་། ལེང་ཅ་ཧོ་ནས་ཁ་བྲལ་བའི་ཉིན་དེའི་ཞོགས་པ་སྒོ་རའི་ནང་སྐྱེལ་མ་བྱེད་མཁན་ཡུལ་མི་མང་པོ་ཡོད་པ་དང་ཚང་མས་ཁུ་སིམ་མེར་ཁོང་མལ་ལས་བཞེངས་རྒྱུར་སྒུག་ནས་བསྡད། སྒོ་ཕྱེས་པའི་སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྤྱན་ཆབ་བསིལ།
           སྐབས་དེ་དུས་ཀྱི་ལེང་ཅ་ཧོ་ཡི་ཞིབ་ཕྲའི་གནས་ཚུལ་མང་པོ་ལས་ལོ་ན་གཞོན་པའི་ཞི་ཅིན་ཕིང་གི་ཐུགས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
           ཞིང་ནང་དུ་ལྟོ་ཆས་བཟའ་སྐབས་གཞོན་ནུ་ཤེས་ཡོན་ཅན་ཚོའི་ཨ་ཤོམ་མོག་མོག་སེར་ཐིང་ཐིང་ཡག་པོ་ཡོད་པས་ཡུལ་མི་ཚོས“དེ་ནི་འབྲུ་རིགས་ངོ་མ་རེད”ཅེས་བཤད། མི་སེར་ཚོའི་འབྲས་ཤུན་མོག་མོག་དེ་ཙམ་ཡག་པོ་མེད་པ་གཟིགས་སྐབས་ཞི་ཅིན་ཕིང་གིས་རང་འགུལ་ངང་བརྗེ་པོ་བསྐྱོན་གནང་བ་རེད།
           འབྲས་ཤུན་མོག་མོག་ལ་འཚོ་བཅུད་མེད་པས་ཞི་ཅིན་ཕིང་ལྟོགས་ནས་བཟོད་མ་ཐུབ་པར་ཡུལ་མི་ཚོའི་ལྟོ་ཕད་ཁ་ཕྱེ་ནས་གཟིགས་སྐབས་ཨ་ཤོམ་མོག་མོག་ད་དུང་ཉར་ཡོད་པ་རེད“ཁྱེད་ཚོས་ཨ་ཤོམ་མོག་མོག་མི་བཟའ་དོན་ཅི་ཡིན”ཞེས་བཀའ་འདྲི་གནང་།
           “ས་ཕུག་ནང་གི་སྐྱེས་པ་དང་ཕྲུ་གུ་དཀའ་སྡུག་དེ་བས་ཆེ་བས་ཁོང་ཚོར་ཉར་གྱི་ཡིན”ཞེས་བཤད།
           མི་སེར་གྱི་དཀའ་སྡུག་གསལ་པོ་མཁྱེན་པས་ཁུར་པོ་ལྗིད་པོ་ཕྲག་ཏུ་འཁུར།
           “སྐབས་དེ་དུས་ངས་སླད་ཕྱིན་ཆ་རྐྱེན་དང་གོ་སྐབས་ཡོད་ཚེ་མི་སེར་ལ་བྱ་བ་བཟང་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་ཡིན”
           སྐབས་དེ་དུས་ཀྱི་ལེང་ཅ་ཧོ་རུ་རུ་ཆེན་ཞིག་གིས་ལྟོ་ཆས་ཟ་ཤུགས་ཆེ་བའི་གཞོན་ནུ་ཤེས་ཡོན་ཅན་30ལྷག་ཙམ་བསྡུ་ལེན་བྱེད་དགོས་པ་དང་ཡུལ་མི་རྣམས་དབུལ་པོ་དབུལ་རྐྱང་ཡིན་ཡང་ད་དུང་གྲོང་ཁྱེར་ནས་ཡོང་བའི་ཕྲུ་གུར་ལྟ་རྟོག་བྱེད་འདོད་བྱེད་ཀྱི་ཡོད།
           ཞི་ཅིན་ཕིང་གིས“ང་ལྟོགས་དུས་ཡུལ་མི་ཚོས་ང་ལ་ལྟོ་ཆས་བཟོ་རོགས་དང་། གྱོན་གོས་བཙོག་པ་ཆགས་དུས་ཡུལ་མི་ཚོས་ང་ལ་འཁྲུད་རོགས། དོར་མ་རལ་དུས་ཡུལ་མི་ཚོས་ང་ལ་འཚེམ་རོགས་བཅས་བྱེད་ཀྱི་ཡོད”ཅེས་གསུངས། “ཁོང་ཚོས་དེ་སྔ་སྒེར་སེམས་མེད་པར་ང་ལ་རོགས་རམ་བྱེད་མྱོང་ལ་ང་ལ་སྲུང་སྐྱོབ་ཀྱང་བྱེད་མྱོང་ཡོད། ལྷག་པར་དུ་ཁོང་ཚོའི་གཞུང་དྲང་བབ་ཆགས་ཀྱི་གཤིས་རྒྱུད་ལས་ངའི་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་བྱུང”ཞེས་གསུངས།
           མི་སེར་གྱི་གཤིས་རྒྱུད་བཟང་པོ་མཁྱེན་པས་སྙིང་དབུས་ནས་ཁོང་ཚོར་ཐུགས་ཁུར་གནང་།
           ལེང་ཅ་ཧོ་ནས་ཀྲེང་ཏིང་བར་དང་། ཧྥུའུ་ཅན་ནས་ཀྲེ་ཅང་བར། ཧྲང་ཧའེ་ནས་པེ་ཅིང་བར། ས་ཁྲི་དང་རྐུབ་སྟེགས་ཚང་མར་སྡོད་ཐུབ་པ་དང་། ཟ་མ་ཐབས་ཆག་ཟ་ཐུབ་པ། ཁྱིམ་ཚང་གི་སྐྱིད་སྡུག་ཤེས་ཐུབ་པ་བཅས་ཞི་ཅིན་ཕིང་གིས་མི་སེར་གྱི་སྐྱིད་སྡུག་མཁྱེན་པ་དང་མང་ཚོགས་ཀྱི་རེ་འདུན་སྒྲུབ་ནས་མི་དམངས་ལ་བརྩེ་བ་ཟབ་མོ་འཆང་བཞིན་ཡོད།
           བརྩེ་སེམས་འདི་ཁྱིམ་ཚང་གི་བག་ཆགས་ལས་བྱུང་བ་ཞིག་རེད།
           2021ལོའི་ཟླ་9པར་ཧྲའན་ཤིས་ཡུས་ལིན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གུང་སུའེ་ཏེ་ས་ཨུད་ཀྱི་གནས་རྙིང་དུ་ཕེབས།
           འགྲེམས་ཁང་ནང་གི“མང་ཚོགས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་དགོས”ཞེས་པའི་ཡིག་འབྲུ་ཧ་ཅང་མངོན་གསལ་དོད།
           “དྲང་དྲང་ནན་ནན་བྱོས”ཞེས་པའི་ཀོན་ཀྲུང་གི་ཡུལ་སྐད་བསྐྱོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བརྩེ་ཟབ་མོའི་སྒོ་ནས་ཡབ་ཞི་ཀྲུང་ཤུན་གྱིས་གསུངས་པའི་ཕ་ཡུལ་གྱི་སྐད་ཕྱིར་དྲན་གནང་།
           ཞི་ཀྲུང་ཤུན“ཀོན་ཀྲུང་ཞིང་པའི་བུ་ཕྲུག”འདི་ལ“མང་ཚོགས་ཁྲོད་ནས་ཐོན་པའི་མང་ཚོགས་ཀྱི་གཙོ་འཛིན”ཞེས་འབོད་ཀྱི་ཡོད།
           གསར་བརྗེའི་ཁྱིམ་ཚང་དུ་འཁྲུངས་པས་མི་དམངས་ལ་བརྩེ་སེམས་ཟབ་མོ་ངང་ངམ་ཤུགས་ཀྱིས་ཆགས་ཡོད།
           དུས་ཡུན་རིང་པོ་ཕྱིན་མཐར་ཁྱིམ་ཚང་གི་བག་ཆགས་བཟང་པོ་ལས་མི་དམངས་ཞེས་པའི་ཡིག་འབྲུ་གཉིས་པོ་སྙིང་ཁོང་རུས་པའི་གཏིང་དུ་འཇགས་ནས་ཐོག་མའི་བསམ་འདུན་དུ་གྱུར་བ་རེད།
           བརྩེ་སེམས་འདི་ནི་སྲོལ་རྒྱུན་གྱི་རིག་གནས་ལས་ཐོན་པ་རེད།
           2021ལོའི་ཟླ་གསུམ་པར། རི་བོ་ཝུའུ་དབྱི་ཧྲན་གྱི་ཅིའུ་ཆུའུ་གཙང་པོའི་ངོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུའུ་ཤིས་སྤྱི་གླིང་དུ་ཕེབས།
           “རྒྱལ་ཁབ་ཀྱིས་མི་དམངས་རྩ་བར་འཛིན་དགོས་ལ། སྲིད་དབང་ཡང་མི་དམངས་ཀྱི་ཆེད་དུ་སྐྱོང་དགོས”སོགས་སྤྱི་གླིང་གི་རྩིག་ལྡེབས་སུ་བྲིས་པའི་ཀྲུའུ་ཤིས་ཀྱི་མི་དམངས་རྩ་བར་འཛིན་པའི་བསམ་བློའི་སྐོར་གྱི་རྣམ་བཤད་གཟིགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་མཚམས་བཞག་ནས་ཡུད་ཙམ་ལ་ཅེ་རེར་གཟིགས་ནས་བཞུགས།
           2018ལོའི་ཟླ་དྲུག་པར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལུང་འདྲེན་གནང་བའི་ཚིག་ཀྱང་འདི་ཡིན་པ་རེད།
           རིག་གནས་ཀྱི་རང་རྟོགས་དང་གདེང་ཚོད་ལྡན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་བཞེས་གཏིང་ཟབ་ལས་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་བསླངས་ཏེ། ལོ་ངོ་སྟོང་ཕྲག་དུ་མའི་རིང་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཕུགས་བསམ་མངོན་འགྱུར་བྱུང་བ་སྟེ།
           ཧྲའན་ཤིས་བྱང་རྒྱུད་དུ་མི་དམངས་ཀྱི་སྡུག་བསྔལ་ཐུགས་ཚོར་ཟབ་མོ་བྱུང་བ། “དཀའ་སྡུག་གཞན་གྱི་སྔོན་ལ་མྱོང་། བདེ་བ་གཞན་གྱི་རྗེས་སུ་རོལ”ཞེས་པའི་ཧྥན་ཀྲུང་ཡན་གྱི་ལེགས་བཤད་གྱེར་འདོན་གནང་།
           ཀྲེང་ཏིང་དུ་རྐང་འཁོར་བཞོན་ནས་གྲོང་གསེབ་ཏུ་ཕེབས་སྐབས། ཁོང་གིས“ང་ཚོ་དཔོན་གནས་དམའ་ན་ཡང་། དམངས་ཀྱི་དོན་ཆུང་གཙིགས་སུ་འཛིན”ཞེས་པའི་ཀྲེང་པན་ཆའོ་ཡི་ལེགས་བཤད་ལ་ཐུགས་བསམ་ཟབ་མོ་བཞེས།
           ཉིང་ཏེ་རུ་དབུལ་པོར་འཚམས་འདྲི་གནང་སྐབས། ཁོང་གིས་ཧྲོའུ་ཉིང་གི་རྫོང་དཔོན་ཧྥེང་མེང་ལུང་གི་དམངས་ཆེད་ཀྱི་བྱེད་ཐབས་ཕྱིར་དྲན་གནང་ཞིང་། “གསུང་རབ་རྣམ་གསུམ”ནང་གི་གདམ་ཚིག་མང་པོ་ཐོགས་པ་མེད་པར་གྱེར་ཐུབ་ཀྱི་ཡོད་པ་རེད།
           པེ་ཅིང་དུ་སྔ་བཞེངས་ཕྱི་གཟིམ་གནང་ནས། ཁོང་གིས《ཧྲང་ཧྲུའུ》ནང་གི“མི་དམངས་རྩ་བར་བཟུང་ན་རྒྱལ་ཁབ་བརྟན་ཞིང་བརླིང”ཞེས་པའི་ལེགས་བཤད་ལུང་དུ་ཐེངས་མང་འདྲེན་གནང་བ་རེད།
           གསར་རྙིང་རྒྱུན་གཅིག་དང་གནས་ལུགས་ཆ་མཚུངས་ཡིན་པ་བཞིན། མི་དམངས་ཀྱི་བརྩེ་སེམས་འདི་ནི་ཀྲུང་གོའི་ལོ་རྒྱུས་ལས་བྱུང་བ་ཡིན་པས་རྒྱང་རིང་ལ་གཏིང་ཟབ་པོ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།