ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་ནན་བཤད་འདི་ལྟར་གནང་།

སྤེལ་དུས 2022-04-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་19ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པ་གཙོ་སྐྱོང་གནང་བ་དང་། 《གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང་། 《ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་རྩིས་བཤེར་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《“ལོ་ལྔ་ཚན་བཅུ་བཞི་པའི”རིང་དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལས་དོན་ཇུས་གཞི》 《ཚན་རྩལ་ལྕག་འདེབས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
          ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན། དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གྲངས་འཛིན་ལག་རྩལ་དེ་སྲིད་གཞུང་གི་དོ་དམ་ཞབས་ཞུའི་ནང་རྒྱ་ཁྱབ་ངང་སྤྱོད་པ་དང་སྲིད་གཞུང་གི་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཞིང་ཆེན་མན་གྱི་སྲིད་གཞུང་དབར་གྱི་ནོར་སྲིད་འབྲེལ་བ་མཐུན་སྦྱོར་བྱས་ཏེ། འགན་དབང་བཀོད་སྒྲིག་དེ་བས་ལུགས་མཐུན་དང་། ཡོང་འབབ་བགོ་བཤའ་སྔར་བས་ཚད་ལྡན། ནོར་ཤུགས་ཁྱབ་ཚུལ་བལྟོས་བཅས་དོ་མཉམ། གཞི་རིམ་གྱི་འགན་སྲུང་དེ་བས་ནུས་ལྡན་ཡོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་སྐྲུན་པར་སྐུལ་འདེད་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་དང་། དངོས་ཡོད་དྲང་གཞག ཚན་རིག་དང་མཐུན་པའི་ངང་གཏན་འཁེལ། འགན་དབང་གཅིག་མཚུངས། ཚེ་གང་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ་ཚན་རིག་དང་མཐུན་པ་དང་། ཚད་ལྡན། ལུགས་མཐུན་བཅས་ཀྱི་རྩིས་བཤེར་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་སྟེ་འགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ཏན་ཏིག་སྒྲུབ་པར་སྐུལ་འདེད་གཏོང་དགོས། དངུལ་རྩས་ཚན་རྩལ་གསར་གཏོད་ལ་ཞབས་འདེགས་ཞུ་བའི་ཞན་ཆར་དམིགས་ནས། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་དངུལ་རྩའི་མ་ལག་དུས་རབས་གསར་པའི་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་དང་དེ་བས་འཚམ་པར་བྱེད་དགོས། འཛམ་གླིང་ཚན་རྩལ་གྱི་མདུན་གྲལ་ལ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཕྱོགས་པ་བཅས་མཐའ་འཁྱོངས་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག རིན་ཐང་གཏོད་པ་བཅས་ཀྱི་སྐུལ་ལྕག་སྟོན་ཕྱོགས་འཛུགས་པ་དང་ཐོག་མའི་གསར་རྩོམ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་པ་དང་ཚན་རྩལ་གྲུབ་འབྲས་ནུས་ལྡན་གཞན་སྒྱུར་ལ་ཕན་པའི་གསར་གཏོད་ཁོར་ཡུག་བཏོད་ནས་རྒྱ་ཆེའི་ཚན་རྩལ་མི་སྣ་ཚང་མས་རང་ཉིད་ཀྱི་རྩལ་དང་འཇོན་ཐང་ཡོད་ཚད་འདོན་པར་སྐུལ་ལྕག་བྱེད་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།
          ཚོགས་འདུའི་ཐོག་བསྟན་དོན། གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་སྲིད་གཞུང་གི་བཅོས་སྐྱོང་འདུ་ཤེས་དང་བྱེད་ཐབས་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་བསྒྱུར་ནས་ཁྲིམས་སྐྱོང་སྲིད་གཞུང་དང་། སྤྱོད་གཙང་སྲིད་གཞུང་། ཞབས་ཞུ་རྣམ་པའི་སྲིད་གཞུང་བཅས་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས་དང་གྲངས་གཞི་ཆེ་མོའི་འཐབ་ཇུས་སོགས་ལག་བསྟར་བྱ་རྒྱུར་དམིགས་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བས་ཕྱོགས་གང་ཅིའི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དེ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐང་རྒྱུ་དེ་གྲངས་འཛིན་སྲིད་གཞུང་སྐྲུན་པའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཕྱོགས་ཚང་མར་ཁྱབ་པ་དང་། རིག་ལྡན་སྟབས་བདེ། དྲང་གཞག་ཀུན་ཕན་བཅས་ཀྱི་གྲངས་འཛིན་ཅན་གྱི་ཞབས་ཞུའི་མ་ལག་བསྐྲུན་ནས་མང་ཚོགས་འགྲོ་མི་དགོས་པར་ལས་དོན་ཚང་མ་གྲངས་འཛིན་ནས་གཉེར་ཐུབ་པ་བྱེད་དགོས། གྲངས་འཛིན་ཅན་གྱི་སྒྱུར་བཅོས་ལ་བརྟེན་ནས་སྲིད་གཞུང་གི་འགན་ནུས་བསྒྱུར་བར་གཞོགས་འདེགས་བྱེད་པ་དང་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་གི་སྲིད་དོན་བཀོལ་སྤྱོད་མ་ལག་ལེགས་བསྡུས་འཛུགས་སྐྱོང་དང་། ཕན་ཚུན་འབྲེལ་མཐུད། མཐུན་སྦྱོར་མཉམ་འགུལ་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། སྲིད་གཞུང་གིས་དཔལ་འབྱོར་སྙོམ་སྒྲིག་དང་། ཁྲོམ་རར་ལྟ་འདོམས། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འགན་ནུས་སྒྲུབ་པའི་ཐད་ཀྱི་གྲངས་འཛིན་ཅན་གྱི་འདེགས་སྐྱོར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་མཐུན་སྦྱོར་ཕན་ཆེའི་སྲིད་གཞུང་གི་གྲངས་འཛིན་ཅན་གྱི་འགན་སྒྲུབ་ནུས་པའི་མ་ལག་སྐྲུན་དགོས། མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་མཐུན་པའི་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་དང་སྒྲིག་སྲོལ་ལྟར་གྲངས་གཞི་ཕན་ཆེ་མཉམ་སྤྱོད་དང་གོ་རིམ་ལྡན་པའི་ངང་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། ལག་རྩལ་མཉམ་འདྲེས་དང་། ལས་སྒོ་མཉམ་འདྲེས། གྲངས་གཞི་མཉམ་འདྲེས་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིམ་པ་སྒྲོལ་བ་དང་། ས་ཁོངས་སྒྲོལ་བ། མ་ལག་སྒྲོལ་བ། སྡེ་ཚན་སྒྲོལ་བ། ལས་སྒོ་སྒྲོལ་བ་བཅས་ཀྱི་མཐུན་སྦྱོར་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། གྲངས་གཞི་བདེ་འཇགས་ཀྱི་རྩ་བ་དེ་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས་གྲངས་འཛིན་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བདེ་འཇགས་འགན་ལེན་མ་ལག་མགྱོགས་མྱུར་སྐྲུན་པ་དང་གྲངས་འཛིན་སྲིད་གཞུང་གི་བདེ་འཇགས་དོ་དམ་འགན་འཁྲིར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འགན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་དབྱེ་འབྱེད་སྔར་བས་མཐུན་སྦྱོར། ནོར་སྲིད་མ་དངུལ་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པར་བརྟེན་འགན་དབང་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་འབྲེལ་བ་རིམ་བཞིན་གྲུབ་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཀྲུང་དབྱང་དང་ས་གནས་ཀྱི་ཁྲལ་དབྱེའི་ལམ་ལུགས་རྩ་དོན་སྒྲོམ་གཞིའི་ནང་སྲིད་གཞུང་དབར་གྱི་ནོར་སྲིད་འབྲེལ་བ་འཐུས་སྒོ་ཚང་དུ་གཏོང་བའི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། ཞིང་ཆེན་མན་གྱི་ནོར་སྲིད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་གསལ་པོ་བྱེད་པ་དང་། ཞིང་ཆེན་མན་གྱི་སྲིད་གཞུང་དབར་གྱི་ཡོང་འབབ་འབྲེལ་བ་མཐུན་སྦྱོར། ཞིང་ཆེན་མན་གྱི་མ་དངུལ་གཏོང་སྤྲོད་སྤོ་སྒྱུར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ཆེན་མན་གྱི་ནོར་སྲིད་སྒྲིག་སྲོལ་ལེགས་སྒྲིག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ཆེན་མན་གྱི་ནོར་སྲིད་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱེད་དགོས། ནོར་སྲིད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་ཀྱི་སྲུང་སྐྱོང་རིང་ལུགས་དང་ཁྲོམ་རའི་བཀག་རྒྱ་མེད་པ་བཟོ་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་འགན་ལེན་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དར་རྒྱས་འགོར་བའི་ས་ཁུལ་བཅས་ལ་ནོར་སྲིད་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྫོང་རིམ་པའི་ནོར་ཤུགས་ཀྱི་ཕུགས་ཕན་འགན་ལེན་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་རིམ་ཁག་སྲིད་གཞུང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། ལྐོག་གྱུར་བུ་ལོན་གྱི་ཉེན་ཁ་འགོག་ཟོན་དང་སེལ་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྐོག་གྱུར་བུ་ལོན་འཕར་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བཅས་བྱས་ནས་ཁྲིམས་འགལ་སྒྲིག་འགལ་ངང་བུ་ལོན་གཏོང་བ་དང་མ་དངུལ་བསྡུ་སྒྲིལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ནོར་དཔལ་སྒྲིག་ལམ་ནན་དུ་བཏང་ནས་ནོར་དཔལ་སྒྲིག་ལམ་སྲུང་སྐྱོང་དང་ནོར་རྩིས་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་རྩིས་བཤེར་ལམ་ལུགས་བཙུགས་ནས་2015ལོར་ཚོད་ལྟའི་ལས་དོན་སྤེལ་བ་ནས་2017ལོར་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བའི་བར། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ལག་བསྟར་ནན་པོ་བྱེད་པའི་ཐད་དེ་བས་ནན་པའི་ལམ་ལུགས་གཅུན་འདོམས་གྲུབ་ཡོད། འགོ་ཁྲིད་ལས་བྱེད་པའི་ཐོན་ཁུངས་ཁོར་ཡུག་གི་འབྲེལ་ཡོད་ཐབས་ཇུས་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སྒྲུབ་ཚུལ་གྱི་གདེང་འཇོག་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་། སྐྱེ་ཁམས་སྲུང་སྐྱོང་དམར་ཐིག རྨོ་ཞིང་སྲུང་སྐྱོང་དམར་ཐིག སྦགས་བཙོག་དང་ཐཱན་ཉུང་གཏོང་། ཆུ་དཔོན་མཚོ་དཔོན་ལམ་ལུགས་སོགས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་འབྲེལ་ཡོད་གདེང་འཇོག་དམིགས་ཚད་ནང་འཇོག་དགོས། ཚན་རིག་དང་མཐུན་པའི་ངང་གདེང་འཇོག་དམིགས་ཚད་ཀྱི་གནས་ཚད་དང་སྐར་གྲངས་དཔྱད་བསྡུར་བྱེད་ཐབས་བཟོས་ཏེ་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་དོན་དངོས་གྲངས་འབོར་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སོགས་འགག་རྩའི་རང་བཞིན་གྱི་དམིགས་ཚད་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་འཆར་འགོད་ནང་གཏན་འཁེལ་བྱས་པའི་ཐོན་ཁུངས་ཁོར་ཡུག་གི་གཅུན་སྡོམ་རང་བཞིན་གྱི་དམིགས་ཚད་མངོན་པར་བྱེད་དགོས། ས་གནས་ཁག་གི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆའི་ཁྱད་ཆོས་དང་བྱེད་པོའི་ནུས་པའི་ངེས་གནས་ཀྱི་ཁྱད་པར་སྤྱི་འདོམས་བསམ་གཞིག་བྱས་ནས་དམིགས་ཚད་བཀོད་སྒྲིག་ཚན་རིག་དང་མཐུན་པ་དང་གནད་སྨིན་ཧུར་ཐག་ཐུབ་པ་བྱེད་དགོས། རྩིས་བཤེར་གྱི་ཁྱབ་ཁོངས་དང་ནང་དོན་ཚད་ལྡན་དུ་གཏོང་བ་དང་ཁྲིམས་ལྟར་རྩད་ཞིབ་བྱས་པའི་དོན་དངོས་རྨང་གཞིར་བྱས་ནས་རྩིས་བཤེར་གྱི་གདེང་འཇོག་འབྲས་བུས་ལོ་རྒྱུས་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས། ལྟ་སྐུལ་ཁག་ཕན་ཚུན་ཁྱབ་པ་དང་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ནས་རྩིས་བཤེར་འབྲས་བུ་དེ་དཔྱད་ཞིབ་དང་། བསྐོ་འཐེན་བསྐོ་གཞག བྱ་དགའ་ཆད་གཅོད་བཅས་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་འབྲེལ་ཡོད་དཔྱད་ཡིག་དང་གྲངས་གཞི་བདེན་པ་དང་། ཡང་དག འཐུས་ཚང་བཅས་ཡོང་བ་བྱས་ནས་ཐོན་ཁུངས་ཁོར་ཡུག་གི་གྲངས་གཞི་རྫུན་བཟོ་བྱེད་པའི་བྱེད་སྤྱོད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
          ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དངུལ་རྩས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་མ་ལག་འཛུགས་སྐྱོང་ལ་གང་མགྱོགས་སྐུལ་འདེད་བཏང་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཚན་རྩལ་ཅན་དང་གསར་གཏོད་ཅན་གྱི་ཁེ་ལས་འབྲིང་ཆུང་། མཐོ་གསར་ལག་རྩལ་གྱི་ཁེ་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། ཚན་རྩལ་གྱི་ཡིད་རྟོན་དངུལ་བུན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གསར་སྤེལ་རང་བཞིན་དང་སྲིད་ཇུས་རང་བཞིན་གྱིས་འགན་འཁྲིའི་ཁྱབ་ཁོངས་ནང་ཚན་རྩལ་གསར་གཏོད་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་ཀྱི་ལས་འགན་གལ་ཆེན་ཁུར་བའི་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ། རིམ་པ་མང་བའི་མ་རྩའི་ཁྲོམ་རའི་ཐད་ཀའི་མ་དངུལ་བསྡུ་རྒྱུག་གི་ནུས་པ་ཆེ་རུ་གཏོང་བ། འགན་བཅོལ་དང་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་སྒྲིག་གཞིའི་ཉེན་ཁ་འཁུར་བའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་ངོས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། མཐའ་ཚད་ཀྱི་བསམ་བློ་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བར་གཞི་ཚུགས་པ་དང་། དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་དང་དངུལ་རྩའི་ཉེན་ཁ་འགོག་ཟོན་བྱ་རྒྱུར་སྤྱི་འདོམས་བྱས་ནས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས།
          ཚོགས་འདུའི་ཐོག་བསྟན་དོན། ཚན་རྩལ་ལྕག་སྐུལ་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགན་ལེན་གལ་ཆེན་ཞིག་ཡིན་པས། ཚན་རྩལ་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་ནུས་པ་གལ་ཆེན་ལྡན་ཡོད། ཚན་རྩལ་མི་སྣས་རྒྱལ་གཅེས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བློ་སྟོབས་ལ་ཞུན་བརྡར་བྱས་ཏེ། རང་རྟོགས་ངང་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་སྐྲུན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་འཕེལ་གྱི་རང་འགན་ཐེག་པ་འཁུར་ལེན་བྱེད་པ། སྟོབས་ཤུགས་སྐྱེས་སུ་འབུལ་བ་བཅས་བྱེད་དགོས། བསམ་བློའི་སྐུལ་ལྕག་དང་དངོས་པོའི་སྐུལ་ལྕག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་ཕུགས་ཀྱི་དགོས་མཁོར་དམིགས་ཏེ། ཚན་རིག་ལག་རྩལ་ཡར་ཐོན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་སོགས་ལ་ལེགས་སྐྱེས་གལ་ཆེན་འབུལ་མཁན་ཚན་རྩལ་ཚོགས་པ་དང་མི་སྣར་གཙོ་གནད་ཐོག་བྱ་དགའ་སྤྲོད་དགོས། ཚན་ཞིབ་རྣམ་གྲངས་ཀྱི་རྩ་འཛུགས་དོ་དམ་ལམ་སྲོལ་གསར་གཏོད་བྱས་ནས་ཚན་རྩལ་མི་སྣའི་ཚན་ཞིབ་ལས་ཀའི་དུས་ཚོད་འགན་ལེན་བྱས་ཏེ་བློ་གཅིག་སེམས་གཅིག་ངང་གསར་གཏོད་དང་གསར་རྩོམ་བྱ་རྒྱུར་འགན་ལེན་བྱེད་དགོས། ན་གཞོན་ཚན་རྩལ་མི་སྣར་སྐུལ་ལྕག་གཏོང་ཤུགས་ཆེ་རུ་བཏང་ནས། ན་གཞོན་རྣམས་ལ་འགན་འཁྲི་ཆེན་པོ་འཁུར་བའི་གོ་སྐབས་སྤྲོད་ཕོད་པ་བྱས་ཏེ་ན་གཞོན་ཤེས་ལྡན་པ་འབུར་དུ་ཐོན་པར་ཕན་པའི་ཁོར་ཡུག་བསྐྲུན་དགོས། བརྟན་པོའི་ངང་ཚན་ཞིབ་འགྲོ་གྲོན་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་རྨང་གཞིའི་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ཞིབ་འཇུག་ཁ་ཕྱོགས་ཐད་ཚན་ཞིབ་མི་སྣར“གྲི་དངོ་ལོ་བཅུ་བརྡར་བའི”སྙིང་རུས་ལ་རྒྱུན་སྲིང་ལྷོད་མེད་ངང་རྒྱབ་སྐྱོར་བྱེད་དགོས། སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ལྡན་གྱི་གཅུན་འདོམས་དང་ལྟ་སྐུལ་ལམ་སྲོལ་འཛུགས་དགོས།
          ཀྲུང་དབྱང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཕེབས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།