ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པ”དང“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པའི་མཉམ་སྡེབ”འོས་སྦྱོར་དཔྱད་འདེམས་ལས་དོན་ཡག་པོ་སྒྲུབ་དགོས།

སྤེལ་དུས 2022-04-26 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པ”དང“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པའི་མཉམ་སྡེབ”འོས་སྦྱོར་དཔྱད་འདེམས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
          《བརྡ་ཐོའི》ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འདི་ལོ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་ཀྱི“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པ”དང“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པའི་མཉམ་སྡེབ”ལ་གཟེངས་བསྟོད་ཐོག་མར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།
          《བརྡ་ཐོའི》ནང་བླང་བྱ་བཏོན་དོན། འོས་སྦྱོར་དཔྱད་འདེམས་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་པ་དང་། བྱས་རྗེས་ཀྱི་སྟོན་ཕྱོགས་མངོན་པ། མང་ཚོགས་ཀྱི་ཁས་ལེན་ལ་གཙིགས་ཆེན་བཅས་བྱས་ནས་ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པ་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་བཅས་ཀྱི་གཞུང་ཞབས་པའི་སྔོན་ཐོན་དཔེ་བཟང་ཁག་གཅིག་བདམས་ནས་རྒྱ་ཆེའི་གཞུང་ཞབས་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཏང་གི་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་སྤྱད་འབད་འཐབ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་ཏང་དང་མི་དམངས་ཆེད་གཟི་བརྗིད་དེ་བས་ཆེ་བ་བརྩོན་ལེན་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས།
          《བརྡ་ཐོའི》ནང་ནན་བཤད་བྱས་དོན། དཔྱད་འདེམས་གཟེངས་བསྟོད་ཀྱི་གཙོ་གནད་དེ་གཞི་རིམ་དང་ལས་ཀའི་འཐབ་ཕྱོགས་དང་པོར་ཕྱོགས་དགོས། འཐབ་རྩོད་གལ་ཆེན་ལ་ཁ་གཏད་གཅོག་པ་དང་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་སྒྲུབ་རིང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་མི་སྒེར་དང་མཉམ་སྡེབ་འོས་སྦྱོར་བྱ་རྒྱུར་གཙིགས་ཆེན་དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་ཐོན་པའི་སྔོན་ཐོན་དཔེ་མཚོན་འོས་སྦྱོར་བྱ་རྒྱུར་གཙིགས་ཆེན་བྱེད་དགོས། “མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པ”དང“མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པའི་མཉམ་སྡེབ”ཐད་ཁྱད་གྲངས་འོས་སྦྱོར་ལག་བསྟར་བྱེད་དགོས། འོག་ནས་གོང་བར་དང་གོང་འོག་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་། གྲོས་བསྡུར་གང་ལེགས་བྱེད་པ། འབྲེལ་ཡོད་ལས་ཁུངས་དང་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན། རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱེད་པ་བཅས་ཀྱི་རྨང་གཞིའི་ཐོག་གཟེངས་བསྟོད་བྱ་ཡུལ་ཞིབ་འཇུག་གཏན་འཁེལ་བྱེད་དགོས།
          《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་ཆ་རྐྱེན་ཁ་གསལ་བཏོན་ཡོད། “མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པ”འོས་སྦྱོར་ཐད། ཆབ་སྲིད་ཀྱི་རྣམ་འགྱུར་དང་། ལས་ཀའི་གྲུབ་འབྲས། སྤྱོད་གཙང་རང་འདོམས་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད། “མི་དམངས་ཀྱི་བློ་ལ་བབས་པའི་གཞུང་ཞབས་པའི་མཉམ་སྡེབ”འོས་སྦྱོར་ཐད། ཆབ་སྲིད་ཀྱི་རྣམ་འགྱུར་དང་། ལས་ཀའི་གྲུབ་འབྲས། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་། གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་བླང་བྱ་བཏོན་ཡོད།
          《བརྡ་ཐོའི》ནང་བླང་བྱ་བཏོན་དོན། འོས་སྦྱོར་བྱེད་མཁན་ཚན་པ་ཁག་གིས་འོས་སྦྱོར་དཔྱད་འདེམས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ་ཏང་ཨུད(ཏང་ཙུའི)ཀྱི་འགོ་ཁྲིད་དང་འགག་སྒོ་སྲུང་བའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། འོས་སྦྱོར་བྱ་ཡུལ་གྱི་ཆབ་སྲིད་བྱང་ཚད་དང་། ལས་ཀའི་གྲུབ་འབྲས། རྒྱུན་གཏན་གྱི་རྣམ་འགྱུར་བཅས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་ཏེ་འོས་སྦྱོར་བྱ་ཡུལ་གྱི་སྔོན་ཐོན་རང་བཞིན་དང་། མཚོན་བྱེད་རང་བཞིན། དུས་རབས་རང་བཞིན་བཅས་འགན་ལེན་བྱེད་དགོས། དམངས་གཙོ་དར་སྤེལ་གཏོང་བ་དང་། ལས་ཀའི་གོ་རིམ་ནན་པ། ལས་ཀའི་སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཏེ་ཡོངས་བསྒྲཌ་དང་། དྲང་གཞག གཞུང་དྲང་བཅས་འགན་ལེན་ཏན་ཏིག་བྱེད་དགོས། 
རྩོམ་སྒྲིག་པ། སངས་སྐྱབས།