ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་2022ལོའི་སློབ་ཐོན་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་པ།

སྤེལ་དུས 2022-06-22 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སྐམ་དམག་རྐང་དམག་སློབ་གླིང་གི་2022ལོའི་སློབ་ཐོན་སློབ་མ་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་སྐུལ་ལྕག་གནང་བ་རེད།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཁྱེད་ཚོས་སློབ་གྲྭ་འགྲིམ་རིང་སློབ་སྦྱོང་ནན་ཏན་དང་དཀའ་སྤྱད་སྦྱོང་བརྡར་བྱས་ནས་ཕྱོགས་ཁག་ཚང་མར་གྲུབ་འབྲས་ཡག་པོ་ཐོབ་སྟེ། སློབ་གྲྭ་ཐོན་ནས་དམག་སྒར་དུ་སྐྱོད་གྲབས་ཡོད། ངས་ཁྱེད་ཚོར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁྱེད་ཚོས་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་། དམག་སྦྱོང་དང་དམག་གྲབས་ཀྱི་འཐབ་ས་དང་པོའི་དམག་དཔུང་། ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆ་བཅས་སུ་བྱས་རྗེས་འཇོག་པར་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་བཞག་པས། ང་ཧ་ཅང་དགའ་པོ་བྱུང་། ཕོ་རབ་ཀྱི་འདུན་པ་ཕྱོགས་བཞིར་ཡོད། ཁྱེད་ཚོས་དད་སེམས་བརྟན་དུ་གཏོང་བ་དང་ཏན་ཏན་ཏིག་ཏིག་གིས་དམག་དཔུང་གི་བཞུ་ཐབ་ཆེན་པོའི་ནང་ཁྱོན་ཡོངས་ནས་ཞུན་བརྡར་དང་འབད་འཐབ་བྱས་ཏེ་རྒྱུན་ཆད་མེད་པར་འཚར་ལོངས་དང་ཡར་བརྩོན་བྱས་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་རང་དམག་གི་སློབ་གླིང་སློབ་གསོ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། 2019ལོའི་ཟླ་5པར། ཁོང་གིས་ཆེད་མངགས་སྐམ་དམག་རྐང་དམག་སློབ་གླིང་དུ་གཟིགས་ཞིབ་གནང་བར་ཕེབས་ནས་སློབ་གཉེར་དང་མི་སྣ་གསོ་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་དང་། རྒྱ་ཆེའི་སློབ་མ་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད། སློབ་གླིང་གི་2022ལོའི་སློབ་ཐོན་སློབ་མ་ཁྱོན་1100ལྷག་ཙམ་ཡོད་པ་དེ་དག་སློབ་ཐོན་མཉམ་འབྲེལ་ཡིག་རྒྱུགས་ལོན་ཚད་100%དང་སྦྱངས་འབྲས་ལེགས་གྲས་94%ཟིན་པ་དང་། མི་ཐེངས་200ལྷག་ཙམ་སློབ་གླིང་གི་དམག་དོན་དྲག་རྩལ་འགྲན་བསྡུར་ནང་སྦྱོང་བརྡར་ཕུལ་བྱུང་ཅན་ལ་བདམས་པ། མི་ཐེངས་60ལྷག་ཙམ་ལ་རྒྱལ་ཡོངས་ཀྱི་དམག་ཡོངས་འགྲན་བསྡུར་ནང་བྱ་དགའ་ཐོབ་པ་བཅས་རེད། ཉེ་ཆར། སྐམ་དམག་རྐང་དམག་སློབ་གླིང་གི་2022ལོའི་སློབ་ཐོན་སློབ་མ་ཡོངས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སློབ་སྦྱོང་དང་སྦྱོང་བརྡར་གྱི་གནས་ཚུལ་སྙན་སེང་ཞུས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་། གཞི་རིམ་གྱི་འཐབ་ས་དང་པོར་གཞི་ཚུགས་པ། བློ་སྟོབས་ཆེན་པོས་འབད་འཐབ་དང་དམག་དཔུང་སྟོབས་ཆེར་གཏོང་བ་བཅས་ཀྱི་དད་སེམས་དང་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།