ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > སྲིད་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏཱ་ཚོང་དོན་ཚད་ཡོད་ཀུང་སིའི་མེ་སྐྱོན་ལས་འཛོལ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

སྤེལ་དུས 2022-11-24 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་11ཚེས་21ཉིན་གྱི་ཆུ་ཚོད་16ཙམ་ལ་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏཱ་ཚོང་དོན་ཚད་ཡོད་ཀུང་སིའི་བཟོ་གྲྭའི་འཁོར་ཁང་ལ་མེ་སྐྱོན་ཐོན་ཞིང་། མིག་སྔའི་བར་ལས་འཛོལ་ནང་མི་38རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཕོག་ཡོད་པ་རེད།
         ལས་འཛོལ་ཐོན་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་དང་། ཧོ་ནན་སོགས་ས་ཁུལ་དུ་མེ་སྐྱོན་སོགས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བས་བསླབ་བྱ་གཏིང་ཟབ་ལེན་དགོས། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་། ནང་མིར་སེམས་གསོ་དང་རྗེས་འཇུག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རོགས་བྱེད་པ། ལས་འཛོལ་ཐོན་པའི་རྒྱུ་རྐྱེན་རྩད་གཅོད་གསལ་པོ་བཅས་བྱས་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། ལོ་མཇུག་ཏུ་སླེབས་ཉེར་ཡོད་པ་དང་སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ཀྱི་ལས་འགན་ཁག་ལྕི་ཙམ་ཡོད་པས་ས་ཁུལ་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ་ཚབས་ཧ་ཅང་ཆེ་བའི་ལས་འཛོལ་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
         ཞི་ཅིན་ཕིང་གི་མཛུབ་སྟོན་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་ཧོ་ནན་དུ་མངགས་ནས་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་ཧོ་ནན་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ས་གནས་ས་ཐོག་ཏུ་བཀོད་འདོམས་དང་བཀོད་སྒྲིག་བྱས་པ་རེད། མིག་སྔར་ས་གནས་ས་ཐོག་ཏུ་རོགས་སྐྱོབ་དང་། རྨས་མ་སྐྱོབ་བཅོས། ལས་འཛོལ་འབྱུང་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།