ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཙང་ཆབ་དོན་གྲུབ་ལགས།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།


གཞུང་ལས་ཁང་དུ་བྱ་བ་སྒྲུབ་བཞིན་པ།
          ཁོང་ནི་སྤྱི་ལོ་༡༩༦༧ལོར་གཙང་མྱང་སྟོད་ཤེལ་དཀར་རྒྱལ་རྩེའི་མཁར་རྫོང་གི་ཉེ་འདབ་ཏུ་སྐྱེས།
          སྤྱི་ལོ་༡༩༨༥ལོའི་ཟླ་བ་༩་ནས་སྤྱི་ལོ་༡༩༩༠ལོའི་ཟླ་བ་༧བར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ལུགས་གསོ་རིག་ཚན་ཁག་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་དུ་སློབ་སྦྱོང་བྱས།ཁོང་གིས་སྔ་ཕྱིར་མཁས་དབང་བྱམས་པ་འཕྲིན་ལས་མཆོག་དང་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག པན་ཆེན་སྐུ་འཕྲེང་བཅུ་པའི་བླ་སྨན་པ་མཁས་དབང་ཀརྨ་ཆོས་འཕེལ་མཆོག སློབ་དཔོན་གོ་ཇོ་དབང་འདུས་མཆོག སློབ་དཔོན་བསམ་གཏན་མཆོག སློབ་དཔོན་བསྟན་འཛིན་ཕུན་ཚོགས་སོགས་ཚད་ལྡན་གྱི་སློབ་དཔོན་མང་དུ་བསྟེན་ནས་བོད་ལུགས་གསོ་བ་རིག་པ་གཙོ་བོར་བྱས་པའི་རིག་པའི་གནས་ཁག་ལ་སྦྱངས་པ་བྱས།


གཞི་རིམ་དུ་སྨན་བཅོས་ཀྱི་ལས་དོན་སྤེལ་བཞིན་པ།

          སྤྱི་ལོ་༡༩༩༠ཟླ་བ་༧ནས་ད་བར་བོད་ལུགས་གསོ་བ་རིག་པའི་སློབ་གསོ་དང་། ནད་ཐོག་ལག་ལེན། ཚན་རིག་ཞིབ་འཇུག ཚན་རྩལ་དོ་དམ་སོགས་ཀྱི་ལས་ཀའི་ཁྲོད་ཐོག་མཐའ་བར་གསུམ་དུ་འབད་པ་ཆེན་པོས་བྱ་བ་སྒྲུབ་བཞིན་མཆིས།
          ཁོང་ནི་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་དང་པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན་ཡིན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་ཚན་རྩལ་ཁྲུའུ་ཡི་དབུ་འཛིན་ཡིན། བོད་རང་སྐྱོང་ལྗོངས་བོད་སྨན་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་ཡིན་པ་དང་། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་སྨན་པའི་ཐོབ་ཐང་བདེན་དཔང་ལྟེ་གནས་ཀྱི་ཡིགས་རྒྱུགས་འདོན་མཁན་གྱི་ཆེད་མཁས་པ་ཡིན་པ། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་བྱེད་མི་སྣ་ཞེས་པའི་མཚན་སྙན་ཐོབ་པ། རྒྱལ་ཡོངས་ཀྲུང་ལུགས་དང་མི་རིགས་གསོ་རིག་གི་མཐོ་རིམ་སློབ་གསོའི་གྲགས་ཅན་དགེ་རྒན་ལ་འདེབས་ཐོན་བྱུང་བ།བོད་ལྗོངས་བོད་ལུགས་གསོ་རིག་ཚད་ལྡན་ཅན་གྱི་ལག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་ཡིན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གླ་ཕོགས་ལེན་མཁན་གྱི་མཁས་པ། བོད་རང་སྐྱོང་ལྗོངས་སྔོན་ཐོན་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་མི་སྣ་ཡིན་པ།


རྒྱལ་ཡོངས་རང་བཞིན་གྱི་རིག་གཞུང་དཔྱད་གླེང་ཐོག་བགྲོ་གླེང་གནང་བཞིན་པ།

          དེ་ཡང་ཁོང་གིས་སྔ་ཕྱིར་གཙོ་སྒྲིག་གནང་བའི་《དུས་རབས་༢༡པའི་བོད་ལུགས་སྨན་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ--སྦྱོང་བྱེད་སྨན་སྦྱོར་རིག་པ》དང་། གཙོ་སྒྲིག་གཞོན་པ་གནང་བའི་《དུས་རབས་༢༡པའི་བོད་ལུགས་སྨན་རིག་དངོས་ཚན་སློབ་གསོའི་འཆར་འགོད་སློབ་དེབ—བོད་སྨན་རྒྱུན་སྤྱོད་སྨན་སྦྱོར་རིག་པ》ཞེས་པ་གཉིས་ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཨང་གཉིས་པའི་གཟེངས་བསྟོད་བྱ་དགའ་ཐོབ། གཙོ་སྒྲིག་གནང་བའི་《སྦྱོང་བྱེད་སྨན་སྦྱོར་རིག་པ》ཞེས་པར་བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་ཁྲིད་གྲུབ་འབྲས་ཨང་དང་པོའི་གཟེངས་བསྟོད་བྱ་དགའ་ཐོབ། དེ་དང་ཆབས་ཅིག་ཁོང་གིས་ཧུར་བརྩོན་ཆེན་པོས་མཐོ་རིམ་སློབ་གསོའི་ཕུལ་བྱུང་སློབ་ཚན་གྱི་རྣམ་གྲངས་སྙན་ཞུ་དང་འཛུགས་སྐྲུན་ལ་ནུས་ཤུགས་གང་ཡོད་བཏོན་ཞིང་ལོ་མང་རིང་བོད་སྨན་《ཞི་བྱེད་སྨན་སྦྱོར་རིག་པ》ཞེས་པ་དང་《སྦྱོར་བ་སྨན་》ཞེས་པའི་ཕུལ་བྱུང་སློབ་ཚན་གྱི་སློབ་ཁྲིད་ཀྱི་གཙོ་ཁྲིད་པ་གནང་བ་དེ་བཞིན་སྔ་ཕྱིར་བོད་སྨན་འབུམ་རམས་ཞིབ་འཇུག་སློབ་མ་དང་རབ་འབྱམས་ཞིབ་འཇུག་སློབ་མ་དང་། དངོས་ཚན་སློབ་མ། མཐོ་རིམ་ཆེད་ཚན་སློབ་མ་སོགས་ཀྱི་ཆེད་ལས་སློབ་གཞི་《རྩ་རྒྱུད་》དང་།《འཕེལ་འགྲིབ་ནད་》《གྲུབ་པ་ལུས་》《སྦྱོར་བ་སྨན་》《ཞི་བྱེད་སྨན་སྦྱོར་རིག་པ་》《ཐ་མལ་ནད་མེད་》《ཉེས་གསུམ་གསོ་བ་》《དབང་ལྔ་གསོ་བ་》《དུག་ནད་གསོ་བ་》《ཀོང་སྤྲུལ་ཟིན་ཏིག》སོགས་ཀྱི་རིག་གཞུང་འཆད་ཁྲིད་དང་ནད་ཐོག་ལག་ལེན། སྨན་ངོ་ངོས་འཛིན་དང་འཐུ་སྒྲུབ། བོད་སྨན་འདུལ་སྦྱོང་ལག་ལེན་སོགས་ལ་མཛུབ་སྟོན་དང་ལག་ལེན་དམར་ཁྲིད་ཀྱི་འགན་འཁྲི་བསྐྱངས། མ་ཟད་ལོ་ལྟར་བོད་སྨན་འབུམ་རམས་ཞིབ་འཇུག་སློབ་མ་དང་། རབ་འབྱམས་ཞིབ་འཇུག་སློབ་མ། དངོས་ཚན་སློབ་མ་བཅས་ཀྱི་སློབ་ཐོན་དཔྱད་རྩོམ་ཀྱི་མཛུབ་སྟོན་དང་བརྒལ་བརྟག་སོགས་ཀྱི་བྱ་བ་ལ་ཞུགས་མུས་ཡིན།


རྒྱལ་ཁབ་སློབ་གསོ་པུའུ་ཡི་དངོས་གཞིའི་སློབ་གསོའི་དཔྱད་དཔོགས་མཁས་དབང་རྣམས་ལ་སྔོ་སྨན་སྐྱེས་ཡུལ་དངོས་སུ་སློབ་ཁྲིད་བྱེད་པའི་ལས་དོན་འགྲེལ་བཤད་གནང་བཞིན་པ།



སློབ་མ་རྣམས་ས་མཐོའི་སྔོ་ངོས་འཛིན་བྱེད་དུ་ཁྲིད་བཞིན་པ།

          ཚན་རིག་ཞིབ་འཇུག་གི་ཕྱོགས་ལ་ཁོང་གིས་གཟབ་ནན་ངང་བོད་ལུགས་གསོ་བ་རིག་པའི་རྨང་གཞིའི་ཞིབ་འཇུག་དང་ནད་ཐོག་ལག་ལེན་དེ་བཞིན་སྨན་རྫས་གསར་སྤེལ་སོགས་ཀྱི་ཐད་ལ་འབད་པ་གནང་བཞིན་ཡོད་པ་ལ། ༡༩༩༦ལོར་གྲགས་ཅན་གྱི་བོད་སྨན་སློབ་དཔོན་ཆེན་མོ་མཁས་དབང་ཁྲོ་རུ་ཚེ་རྣམ་མཆོག་གིས་དངོས་སུ་མཛུབ་ཁྲིད་གནང་བའི་མཐོང་དཀོན་ཞིང་སྒྲུབ་དཀའ་བའི་ཆེས་རྩ་ཆེའི་བོད་སྨན་གྱི་སྨན་སྦྱོར་ལག་རྩལ་“དངུལ་ཆུ་བཙོ་བཀྲུ་ཆེན་མོའི་”འདུལ་སྦྱོང་ལག་ལེན་གྱི་བརྒྱུད་རིམ་ཆ་ཚང་ལ་ཞུགས་པ་དང་། ༢༠༠༥ལོར་རྒྱལ་ཁབ་ཀྱི་༨༦༣འཛུགས་སྐྲུན་རྣམ་གྲངས་“བོད་སྨན་ཞིབ་འཇུག་སྟེགས་བུ་”ཞེས་པའི་བྱེ་བྲག་《གསོ་རླུང་མི་འདང་བ་གསོ་བ་》ཞེས་པའི་རྣམ་གྲངས་དང་《བོད་སྨན་སྨན་སྦྱོར་ཆེན་མོ་》ཞེས་པའི་རྣམ་གྲངས་ཀྱི་ཞིབ་འཇུག་ལས་འགན་དང་དུ་བླངས་ཤིང་ཡོངས་སུ་ལེགས་གྲུབ་བྱུང་བས་རྒྱལ་ཁབ་ཚན་རྩལ་པུའུ་ནས་ཞིབ་བཤེར་རྩིས་ལེན་བྱས། ༢༠༠༦ལོར་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་གཙོ་གནད་རྣམ་གྲངས་《སྟོང་ལ་ཉེ་བའི་བོད་སྨན་སྨན་རྒྱུའི་འདེབས་གསོ་》ཞེས་པའི་ཞིབ་འཇུག་རྣམ་གྲངས་འགན་ལེན་ཞུས་ཤིང་ལེགས་གྲུབ་གནང་། དེ་བཞིན་“ཀྲུང་དབྱང་དང་ས་གནས་ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཚོད་ལྟ་ཁང་མཉམ་འཛུགས་”——《སྲོལ་རྒྱུན་བོད་སྨན་འདུལ་སྦྱོང་དང་སྨན་སྡེ་བསྒྱུར་བཅོས་》ཞེས་པ་དང་། 《མཐོ་རིམ་སློབ་གྲྭའི་ཚན་ཞིབ་ཚོད་ལྟའི་སྟེགས་བུ་》ཞེས་པའི་རྣམ་གྲངས་ཀྱི་གཙོ་འགན་བཞེས། ༢༠༠༧——༢༠༠༨བར་ཀྲུང་དབྱང་དང་ས་གནས་ལྷན་དུ་“མཐོ་རིམ་སློབ་གྲྭའི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་རིག་ཚན་ཚོད་ལྟ་ཁང་”འཛུགས་སྐྲུན་གྱི་རྣམ་གྲངས་ལས་བོད་སྨན་གྱི་ཁྱད་ཆོས་ལྡན་པའི་ཚོད་ལྟ་ཁང་སྐྲུན་རྒྱུའི་ལས་དོན་ལེགས་གྲུབ་གནང་བ་དང་། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་གཙོ་གནད་རྣམ་གྲངས་《བོད་སྨན་གྱི་སྨན་རྒྱུའི་སྤུས་ཚད་ཚད་གཞི་ཅན་ལ་འགྱུར་བ་》ཞེས་པ་དང་《བོད་སྨན་“དྲེག་ནད་གསོ་བའི་འབྱར་”གྱི་ཞིབ་འཇུག་》ཞེས་པ་སོགས་ཀྱི་རྣམ་གྲངས་མང་དུ་ལེགས་གྲུབ་བྱུང་ཡོད། དེ་མིན་ཁོང་གིས་གཙོ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་《བོད་སྨན་སྨན་སྦྱོར་གྱི་གདེང་འཇོག་མ་ལག་གི་འཛུགས་སྐྲུན་》ཞེས་པའི་རྣམ་གྲངས་ཀྱིས་བོད་སྨན་སྨན་སྦྱོར་ཐད་གདེང་འཇོག་མ་ལག་དང་འཐུས་ཚང་གཏོང་བར་རིག་པའི་གཞུང་ལུགས་ཀྱི་ཐོག་མའི་ཁུངས་ལུང་དྲངས་པ་དང་གདེང་འཇོག་གི་ཚད་གཞིའི་རྨང་གཞིར་དཔྱད་ཞིབ་བྱེད་བཞིན་ཡོད་པས་དེས་བོད་སྨན་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཀྱི་དགེ་མཚན་མངོན་པ་དང་། ༢༠༡༡ལོར་སྤེལ་བའི་རྣམ་གྲངས་《ཀླུ་བདུད་བདུན་པའི་སྦང་ཁུའི་ནད་ཐོག་ཞིབ་འཇུག་》ཞེས་པར་བོད་རང་སྐྱོང་ལྗོངས་ཚན་རྩལ་རིམ་པ་གཉིས་པའི་བྱ་དགའ་ཐོབ། རྒྱུན་དུ་རང་ཉིད་ཀྱི་ཞིབ་འཇུག་རྣམ་གྲངས་ཁག་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ནང་ཞིབ་འཇུག་སློབ་མ་རྣམས་ཞིབ་འཇུག་ལས་གཞི་དངོས་ནང་ཞུགས་སུ་བཅུག་ནས་སློབ་སྦྱོང་དང་སྦྱོང་བརྡར་སྤྲད་ནས་སློབ་གསོ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཅུང་ལེགས་པོ་ཐོབ་ཡོད།


ཞིབ་འཇུག་སློབ་མ་སློབ་ཐོན་བྱེད་པ།

          ད་བར་སྔ་ཕྱིར་《ཀྲུང་ལུགས་སྨན་རྩ་》ཞེས་པ་དང་།《ཀྲུང་གོའི་བོད་རིག་པ་》《བོད་སྨན་སློབ་གསོ་དང་ཞིབ་འཇུག》《ཀྲུང་གོའི་མི་རིགས་གསོ་རིག་གི་དུས་དེབ་》སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཁག་ལ་《བོད་སྨན་གྱི་སློབ་ཁྲིད་ཐབས་ལམ་སྐོར་ལ་དཔྱད་པ་》ཞེས་པ་དང་《བོད་སྨན་བསྡེབ་སྦྱོར་དང་ཀྲུང་སྨན་བསྡེབ་སྦྱོར་གྱི་འབྲེལ་བ་ལ་རགས་ཙམ་དཔྱད་པ་》ཞེས་པ་ལ་སོགས་པའི་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ། དེ་དག་ལས་དཔྱད་རྩོམ་《བོད་སྨན་གྱི་ནད་འགོག་རིག་པའི་བསམ་གཞིགས་》ཞེས་པར། ཆེས་ཐོག་མར་བོད་སྨན་གྱི་ནད་འགོག་རིག་པའི་རིག་གཞུང་རྨང་གཞིའི་སྐོར་ལ་དཔྱད་པ་བྱས་ཡོད་པ་དང་། དེས་བོད་སྨན་ནད་འགོག་རིག་པའི་རིག་ཚན་ཐད་ལ་ཤུགས་སྣོན་དང་སྐུལ་འདེད་བཏང་ཞིང་རིག་གཞུང་ཞིབ་འཇུག་དང་ནད་ཐོག་ལག་ལེན་དངོས་ལ་མཛུབ་སྟོན་གྱི་རིན་ཐང་ཡང་ངེས་ཅན་ལྡན་ཡོད།
          དེ་ལྟར་ཁོང་གི་བོད་སྨན་སློབ་གསོ་དང་། ཚན་རིག་ཞིབ་འཇུག ནད་ཐོག་ལག་ལེན་སོགས་ཀྱི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ལྟོས་ནས་སྔ་ཕྱིར་རིམ་པ་ཁག་གི་གཟེངས་བསྟོད་དང་མཚན་སྙན་ཐོབ་པ་ནི་འདི་དག་སྟེ། བོད་རང་སྐྱོང་ལྗོངས་བོད་སྨན་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཆེད་མཁས་པ་དང་། རྒྱལ་ཁབ་ཀྲུང་ལུགས་དོ་དམ་ཅུས་སྨན་པའི་ཐོབ་ཐང་བདེན་དཔང་ལྟེ་གནས་ཀྱི་ཡིགས་རྒྱུགས་འདོན་མཁན་གྱི་ཆེད་མཁས་པ་ལ་བདམས་ཐོན་བྱུང་བ། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་བྱེད་མི་སྣ་ཞེས་པའི་མཚན་སྙན་ཐོབ་ཅིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཟུར་ཕོགས་ལེན་པ། བོད་རང་སྐྱོང་ལྗོངས་སྔོན་ཐོན་གྱི་གྲོང་ཚོའི་བཅའ་སྡོད་ལས་མི། བོད་སྨན་སློབ་གྲྭའི་ཕུལ་བྱུང་ཏང་ཡོན། ཕུལ་བྱུང་དགེ་རྒན། སྔོན་ཐོན་སློབ་གསོ་བ། ཕུལ་བྱུང་གི་ལས་ཞབས་པ་སོགས་ཀྱི་མཚན་སྙན་ཡང་ཐེངས་མང་ཐོབ་པ་རེད།