ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

མཁས་པའི་དབང་པོ་མི་ཉག་མགོན་པོ་མཆོག

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིན་ཆེན་གྱིས་བསྒྲིགས།
          མཁས་པོ་དབང་པོ་མི་ཉག་མགོན་པོ་མཆོག་ནི1923ལོའི་ཟླ1པོའི་ཚེས3ཉིན་བོད་ཁམས་ཤར་མི་ཉག་རིང་མོ། འབོ་གངས་དཀར་གྱི་ཉེ་འགྲམ་དུ་སྐུ་འཁྲུངས། ལོ་ལྔ་བར་གངས་དགོན་ཁམས་གསུམ་གྲགས་བདེ་ཆེན་གླིང་དུ་བསྐྱལ་ནས་བོད་ཡིག་སྦྱོང་བའི་མགོ་ཚུགས། གངས་དཀར་རྡོ་རྗེ་འཆང་བླ་མ་སྐུ་ཕྲེང་ལྔ་བ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་མདུན་ནས་སྐྲ་ཕུད་ཕུལ། ཆོས་མིང་དུ་ཀརྨ་ཆོས་གྲུབ་སེང་གེ་ཞེས་མཚན་གྱི་ཆ་ཕལ་མོ་ཆེ་གནང་། སྔ་ཕྱིར་ལོ་ངོ་བདུན་གྱི་རིང་ཆོ་ག་ཕྱག་ལེན། གདངས་དབྱངས་རོལ་ཚིགས། གར་འཁྲབ་བཅའ་བཟོ་སོགས་མཐར་ཕྱིན། ལོ་བཅུ་བཞི་བར་གངས་དཀར་དགོན་པའི་བཤད་གྲྭ་ཐོག་མར་བཙུགས་པར་དེ་ནས་སློབ་གཉེར་བྱེད་པའི་སྐལ་བ་ཐོབ། དེ་ནས་བཟུང་གངས་དཀར་བླ་མའི་མདུན་ནས་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པར་མཛད། གཞན་ཚ་ཚ་མཁན་པོ་ཐུབ་བསྟན། མཁན་པོ་ཕན་བདེ་བཀྲ་ཤིས་སོགས་མཁས་གྲུབ་དུ་མའི་སྤྱན་སྔར་གསན་བསམ་ལེགས་པར་རང་ལོ་ཉི་ཤུའི་བར་བྱས། 1945ལོར་གངས་དཀར་བླ་མ་དང་འགྲོགས་ནས་ཁྲིན་ཏུའུ་དང་ཁྲུང་ཆིན། ཡུན་ནན། ཁུང་མིང་སོགས་ནང་ལོགས་ཀྱི་གྲོང་ཁྱེར་ཁག་ལ་བསྐྱོད་ནས་ཆོས་དང་འགྲོ་བའི་སྐལ་དོན་ལྷག་མེད་ལོ་གཅིག་རིང་སྒྲུབ།1951ལོར་དར་རྩེ་མདོ་བཅིངས་འགྲོལ་བཏང་ལ་དེ་དང་མཉམ་དུ་བོད་རིགས་ཀྱི་ལས་བྱེད་པ་ཁག་ཅིག་གསོ་སྐྱོང་བྱེད་ཆེད་དར་རྩེ་མདོ་ནས་དགེ་འོས་སྦྱོང་བརྡར་འཛིན་གྲྭ་དབུ་བརྙེས། 1952ལོ་བླ་མ་གངས་དཀར་རིན་པོ་ཆེས་ཞལ་བཀོད་ལྟར་སྦྱོང་བརྡར་འཛིན་གྲྭར་ཞུགས། ལོ་གཅིག་གི་རྗེས་སུ་ཁུལ་རིག་སློབ་ཁང་གི་སློབ་དེབ་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་། བསླབ་དེབ་བཅུ་གྲངས་ལྷག་རྩོམ་བསྒྲིག་གནང་། ཞོར་དུ་རྒྱ་རིགས་ལས་བྱེད་པར་བོད་ཡིག་དང་བོད་ཀྱི་རིག་གནས་སྐོར་གྱི་སློབ་ཁྲིད་གནང་། 1956ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོར་ལས་གནས་སྤོས་ནས་དེ་གར་བོད་ཡིག་དགེ་རྒན་ཚོའི་བྱེད་སྒོའི་སློབ་ཁྲིད་དང་སློབ་དེབ་རྩོམ་བསྒྱུར་བྱས། སློབ་དེབ་དང་དཔྱད་གཞིའི་ཡིག་ཆ་བཅུ་ཕྲག་གཉིས་ཙམ་བྲིས། བོད་ཡིག་དགེ་རྒན་བཅུ་གྲངས་མང་པོ་བསྐྱེད་བསྲིང་བྱས། མཐོ་རིམ་འཆད་དཔོན་གྱི་ལས་ཐོབ་གནང་། 1965ལོ་ནས་དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་དུ་ལས་སྤོར་བྱས། 1966ལོར་རིག་གནས་གསར་བརྗེ་ཆེན་པོའི་རླུང་ནག་ཡངས་པའི་རྒྱལ་ཁམས་ཀུན་ལ་དྲག་ཏུ་གཡུག་པ་ལ། གངས་དཀར་རིན་པོ་ཆེའི་སློབ་མ་ཡིན་པས་ཟླ་བདུན་ཙམ་ལ་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་མྱངས། 1976ལོ་ཁུལ་རིག་སློབ་ཁང་དུ་ལས་གནས་བགོས་མོད་ཇ་མ་དང་དོ་དམ་པ། ཤིང་བཟོ་སོགས་རྩག་རྩིག་གི་ལས་ཀ་ཁོ་ན་བསྒྲུབ། ལོ་གཅིག་གི་རྗེས་ནས་གཟོད་བསླབ་དེབ་རྩོམ་སྒྲིག་གི་ལས་ཀར་ཞུགས།
          1979ལོར་གོང་རིམ་གྱི་བཀོད་སྒྲིག་ལྟར་ཀྲུང་དབྱང་མི་རིགས་སྐད་ཡིག་ཡིག་བསྒྱུར་ལྟེ་གནས་ལ་ལས་བགོས་བྱས། དེ་དུས《མ་རྩའི་རྣམ་བཤད》དང་སི་ཏ་ལིན། ལེ་ཉིན། མའོ་ཙེ་ཏུང་སོགས་གཙོ་འཛིན་གྱི་གསུང་རྩོམ་བོད་ཡིག་ཏུ་བསྒྱུར་བའི་ཕྱག་ལས་གནང་། བརྗོད་བྱ་གསར་བ་དང་ལྟ་བ་གསར་བའི་རིགས་ལམ་ལ་ངེས་ཤེས་ཆེར་བསྐྱེད་ཐོབ། ཀྲུང་དབྱང་མི་རིགས་ཡིག་བསྒྱུར་ཁང་དུ་བཞུགས་པའི་སྡེ་དགེ་པར་ཁང་ནས་གདན་འདྲེན་ཞུས་པའི་བཀའ་འགྱུར་དང་བསྟན་འགྱུར་སོགས་ལ་ཞུ་དག་གཏན་འབེབས་བྱས་ནས་དཀར་ཆག་ཚད་ལྡན་བཟོས་པ་དང་། 1980ལོར་པེ་ཅིན་གྱི་མི་རིགས་རིག་གནས་ཕོ་བྲང་གི་གདན་ཞུས་ལྟར1959ལོའི་རྗེས་སུ་བོད་ཀྱི་ཡུལ་གྲུ་ཁག་ནས་དབོར་འདྲེན་བྱས་པའི་གནའ་དཔེ་སྟོང་ཕྲག་བརྒྱད་ལ་ཉེ་བ་དག་སྒྲིག་གི་ལས་ཀར་ཞུགས། 1983ལོའི་ཟླ་གསུམ་པར་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་ལགས་ཀྱི་བཀའ་བཞིན་ས་སྐྱ་ནས་གདན་དྲངས་པའི་པོ་ཏི་སྟོང་གཉིས་ལྷག་བཞུགས་པ་ལས་དཔེ་རྒྱུན་དཀོན་པའི་དཔེ་དེབ་ཆིག་སྟོང་བརྒྱ་བཅུ་དྲུག་བརྙན་པར་དུ་བཏབ་སྟེ་བོད་ཁུལ་གདན་འདྲེན་ཞུས། 1984ལོ་བོད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་དཀར་ཆག《ཤེས་བྱའི་གཏེར་མཛོད》ཀྱི་དེབ་དང་པོ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཏུ་བཏབ། མི་འགྱངས་པར་དེབ་གཉིས་པ་དང་གསུམ་པ་མི་རིགས་དཔེ་སྐྲུན་ཁང་ནས་པར་ཏུ་བཏབ། དཔེ་ཆ་དེར་བསྡོམས་པའི་བོད་ཀྱི་དུས་རབས་རིམ་བྱོན་གྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་དཀར་ཆག་བོད་རྒྱ་སྐད་གཉིས་ཤན་སྦྱར་གྱིས་ཞིབ་ཕྲ་བསྒྲིགས་ཐོག་མཇུག་ཏུ་ཆེད་དམིགས་ཀྱིས་རྩོམ་པ་པོ་སོ་སོའི་གནས་ཚུལ་མདོར་བསྡུས་རེ་ངོ་སྤྲོད་ཞུས་ཡོད། བསྒྲིགས་སྟངས་དེང་རབས་ལུགས་དང་མཐུན་པས་འཚོལ་བདེ་བ་དཀར་ཆག་ཀུན་ལས་ལྷག་གེར་ཐོན་ཡོད་ལ། རྒྱལ་ཁབ་རིམ་པའི་བྱ་དགའ་ཡང་ཐོབ། 1988ལོར་ཁོང་གིས་གཙོ་ཁྲིད་འོག་དག་སྒྲིག་གནང་བའི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བཀས་འོག་གསེར་བྲིས་གནང་བའི་བསྟན་འགྱུར་ཆ་ཚང་དེབ་བརྒྱ་རུ་བགོས་ནས་ཐེན་ཅིན་གནའ་དཔེ་དཔེ་སྐྲུན་ཁང་ནས་པར་ཏུ་བཏབ་པ་རྒྱལ་ཁབ་ཕྱི་ནང་ཏུ་བཀྲམ། ད་དུང་གནའ་དཔེ་དཀོན་པོ་དང་རྒྱུན་མཁོ་ཆེ་བ་སྟོང་ཕྲག་གསུམ་ལ་ཉེ་བ་སྦྱིན་ཤོག་དང་བརྙན་པར་དུ་ཕབ་པ་ད་ལྟའང་དཔེ་མཛོད་ཁང་དེ་གར་བཞུགས་ཡོད། དེ་ལས་རྣམ་ཐར་དང་རིག་གནས་སྐོར་གྱི་གནའ་དཔེ་བྲིས་མ་ཁག་ཅིག་སློག་པར་གནང་ནས་རྒྱལ་ཁབ་ཕྱི་ནང་གི་དཔེ་མཛོད་ཁང་དང་ཞིབ་འཇུག་ཁང་ཁག་ཏུ་བཀྲམ། ལོ་དེའི་ཟླ་གཉིས་པ་ནས་བཟུང་ཕོ་ལྷ་བའི་སྐབས་ཀྱི་བསྟན་འགྱུར་གསེར་བྲིས་མ་གཙོ་བྱས་པའི་བོད་ཀྱི་གནའ་དཔེ་སྟོང་བཞི་ལྷག་ཕྱིར་ལྷ་སར་གདན་འདྲེན་བྱས་ནས་བོད་ལྗོངས་དཔེ་མཛོད་ཁང་དང་། ཡིག་ཚགས་ཁང་། དགོན་པ། རིག་དངོས་བཤམས་སྟོན་ཁང་ཁག་སོ་སོར་བསྐྲད། གནའ་དཔེ་ཕྱིར་བོད་ལྗོངས་སུ་འདྲེན་པའི་ལས་ཀ་ཡོངས1994ལོར་ད་གཟོད་མཇུག་རྫོགས། བར་སྐབས་དེར་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དབུས་ཀྱི་སེ་འབྲས་དགེ་གསུམ། གཙང་གི་ས་སྐྱ་དང་ཞྭ་ལུ་དགོན་པ། ཨ་མདོའི་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ། ཁམས་ཀྱི་དཔལ་སྤུངས་དགོན་པ་བཅས་སུ་ལན་མང་ཕྱིན་ཅིང་། དེར་བཞུགས་ཀྱི་སྐྱེས་བུ་དམ་པ་རྣམས་ཞལ་མཇལ་དང་གླེང་མོལ་བྱེད་པའི་སྐལ་བ་ཐོབ།
          ཁོང་གིས་བརྩམས་གྲུབ་གནང་བའི《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང》ནི་མི་རིགས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་ལེགས་སྒྲིག་གནང་དུས་ལས་ཞོར་དུ་བྲིས་པ་ཡིན་ལ། དེ་ལས་མཁས་དབང་རེ་འགའི་རྣམ་ཐར་མདོར་བསྡུས་སྔ་དུས་སུ《སྦྲང་ཆར》དུ་འཁོད་པ་དང་ཁོང་གིས་གཙོ་སྒྲིག་གནང་བའི་བོད་ཀྱི་མཁས་དབང་བརྒྱ་དང་བརྒྱད་ཅུ་ལྷག་གི་གསུང་འབུམ་དཀར་ཆག《ཤེས་བྱའི་གཏེར་མཛོད》དུ་རིམ་པར་འཁོད་པས་ཀློག་པ་པོའི་ལས་བསྐལ་དུ་སྔར་ནས་གྲུབ་ཡོད། 1996ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་ཕྱོགས་གཅིག་ཏུ་བསྒྲིགས་ནས་པར་ཏུ་བཏབ། གཞུང་དེར་དུས་རབས11པ་ནས་དུས་རབས20པའི་མགོའི་བར་དུ་བྱོན་པའི་མཁས་དབང་བརྒྱ་དང་ལྔ་བཅུ་ང་གཅིག་གི་རྣམ་ཐར་མདོར་བསྡུས་བཀོད་ཡོད་ལ། ནང་དོན་མཁས་དབང་སོ་སོའི་ལོ་རྒྱུས་ཐུང་ངུ་དང་བླ་བརྒྱུད་དང་གསུང་རྩོམ་གནད་ཆེན་སོགས་ཡིན། གོ་རིམ་འཁྲུངས་ལོ་སྔ་ཕྱི་ལ་གཞིར་བྱས་ཏེ་བསྒྲིགས་པ་ཡིན་ལ་མཇུག་ཏུ་འཚོལ་བདེ་བའི་ཕྱིར་ཀ་ཕྲེང་གི་གོ་རིམ་ལྟར་མཚན་བྱང་ཟུར་བཀོལ་བྱས་ཏེ་བསྒྲིགས་ཡོད། རྣམ་ཐར་ཡོངས་ཡུལ་སྐད་དང་བརྡ་རྙིང་མངོན་བརྗོད་གོ་དཀའ་བ་སོགས་དོར་ནས་བོད་སྤྱི་པའི་ཡིད་སྐད་ལྟར་བྲིས་པས་གོ་བདེ་ལ་ཚིག་འབྱོར་བ། གཞི་འཛིན་ས་ནི་རང་རྣམ་ཡོད་པ་རྣམས་ལ་རང་རྣམ་གཙོ་བོར་བརྟེན། རང་རྣམ་མེད་པ་རྣམས་ལ་ཡང་སློབ་ཀྱིས་བརྩམས་པའི་རྣམ་ཐར་དང་། རྣམ་ཐར་གསོལ་འདེབས། རྣམ་ཐར་བསྟོད་པ། རྣམ་ཐར་མགུར་མ་སོགས་དང་གཞན་མཁས་དབང་སོ་སོའི་བརྩམས་ཆོས་ཀྱི་རྩོམ་བྱང་དང་། མཆོད་བརྗོད། ཐོབ་ཡིག གསན་ཡིག དེ་བཞིན་ཆོས་འབྱུང་དེབ་ཐར་ཁག་དང་གྲུབ་མཐའི་ལོ་རྒྱུས་ཀྱི་གདན་རབས་དང་གདུང་རབས་སོགས་གཞི་གཏུགས་ཤིང་གོ་བསྡུར་ནན་མོས་བྲིས་གནང་ཡོད་པས་ཕྱོགས་རེས་སོགས་གང་གིས་མ་འཁྱེར་བས་ཡིད་རྟོན་རུང་བ་ཡོད། དེ་རྩོམ་པ་པོས་མུ་མཐུད་མཁས་པ་གཞན་དག་གི་རྣམ་ཐར་འབྲི་འདོད་ཡོད་པས《རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང》ལ་དེབ་དང་པོ་ཞེས་བཀོད་གནང་ཡོད། ཡིན་ནའང1988ལོ་ནས་མི་རིགས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེ་དཀོན་པོ་བཞི་སྟོང་ཉེ་བ་ཕྱིར་ལྷ་སར་དབོར་འདྲེན་བྱས་ནས་ཞིབ་འཇུག་ལས་ཁུངས་མང་བོར་ཐོར་བས《རྣམ་ཐར་མདོར་བསྡུས་བདུད་རྩིའི་ཐིགས་ཕྲེང》འཕྲོར་བསྐྱངས་རྒྱུ་དཔྱད་གཞིའི་ཡིག་ཆའི་ཆ་ནས་འོངས་ཐུབ་མེད་ལ་ང་ལོ་རྒས་པས་ཐུབ་པས་འཁྱོངས་ཐབས་མེད་ཅེས་རྩོམ་པ་པོ་ཁོང་གིས་ཕོངས་སེམས་དང་བཅས་ལབ་པ་དངོས་སུ་ཐོས་མྱོང་།
          དེ་མིན་ད་དུང《གངས་དཀར་རྡོ་རྗེ་འཆང་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེའི་རྣམ་ཐར》དང《འབབ་ཐང་དང་འབབ་ཐང་གི་མི》《བོད་ཀྱི་ལོ་རྒྱུས་རིགས་པའི་ནང་མི་ཉག་གི་གནས་ཚུལ་དང་མི་ཉག་སྐོར་གྱི་མིང་ཚིག་འགར་དཔྱད་པ》《བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་བོད་དུ་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ》གཞུང་དང་དཔྱད་རྩོམ་དུ་མ་དུས་དེབ་སྣ་ཚོགས་སུ་སྤེལ། དེ་ལས《འབབ་ཐང་དང་འབབ་ཐང་གི་མི》བརྩམས་ཆོས་དེ་ཁོང་སྔ་རྗེས་སུ་འབབབ་ཐང་ལ་ཐེངས་བཞི་བསྐྱོད་རྗེས་སུ་བྲིས་པ་ཞིག་ཡིན་ལ། དེའི་ནང་དུ་འབབ་ཐང་གི་ཕྱི་སྣོད་ཀྱི་ཆགས་ཚུལ་དང་ནང་བཅུད་ཀྱི་སེམས་ཅན་གྱི་བྱུང་བའི་ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། བསམ་པའི་འཁྱེར་སོ། འཚོ་བའི་འཕེལ་འགྱུར་སོགས་ཞིབ་ཏུ་བྲིས་ཡོད་པས་དཔྱད་གཞིའི་རིན་ཐང་ཆེན་པོ་ཡོད། བོད་ཀྱི་རྩ་ལུང་སྐོར་ལ་ཁ་གསལ་ཞིང་གོ་བདེ་བའི་ཚིགས་བཅད་ཀྱི་ལམ་ནས་རྩ་ལུང་གི་བྱུང་བ་དང་འཕེལ་རྒྱས། ཁྱད་ཆོས། སྒོམ་ཐབས། ཕན་ནུས་བཅས་རྩོམ་འབྲི་བྱས་ཡོད། 《མདོ་རྒྱུད་སྤྱིའི་རྣམ་གཞག》སོགས་དག་སྒྲིག་བྱས་ནས་པར་སྐྲུན་བྱས། ཁོང་གིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་ལ་བྱས་རྗེས་བླ་མེད་བཞག་པས་རྒྱལ་ཁབ་ཀྱི་དམིགས་བསལ་བྱས་རྗེས་ཡོད་པའི་ཚན་རིག་ཞིབ་འཇུག་གི་མི་སྣར་བདམས་པར་མ་ཟད་དམིགས་བསལ་གྱི་གླ་ཕོགས་ཡང་ཐོབ། དེ་མཚུངས་སུ་པེ་ཅིན་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མི་སྣར་ཡང་བདམས་ཐོན་བྱུང་མྱོང་།
          ཁོང་ཉིད་དགུང་ལོ་རེ་ལྔའི་སྟེང་ལས་འཁྱུར་ངལ་གསོ་གནང་ནའང་། བོད་ཀྱི་གནའ་དཔེ་དག་སྒྲིག་དང་གཞན་པའི་ལས་ཀར་བྲེལ་བ་སྔར་བཞིན་ཆེ། མི་རིགས་རིག་གནས་ཕོ་བྲང་གིས་ཐེངས་མང་པོ་ཕྱིར་ཆེད་ཞུས་གནང་ནས་རྒྱལ་ཁབ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་དཀར་ཆག་བསྡུས་བཀོད་དང་གནའ་དཔེ་བྲིས་མའི་ལོ་ཚིགས་ཞིབ་བསྡུར་བཅས་ཞིབ་འཇུག་གི་ལས་ཀ་དང་ཞིབ་འཇུག་པའི་འགན་ཁུར་བ་མ་ཟད། མཐོ་རིམ་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ། ཀྲུང་གོ་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་ལས་ཐོབ་དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད། ཐ་ན་མི་ཚེ་མཐའ་མ་སྙུང་གཞི་བྱུང་བའི་ཉིན་མོའང་མི་རིགས་དཔེ་མཛོད་ཁང་གི་གཞུང་སྒྲུབ་ཁང་དུ་ལས་གནས་ལ་ལྷོད་མེད་འབད་བཞིན་གནང་། 
          2008ལོའི་ཟླ4པའི24ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་སྐུ་གཤེགས། དགུང་ལོ་བརྒྱད་ཅུ་གྱ་ལྔ་ཡིན། ཁོང་ཉིད་ཀྱི་མི་ཚེ་ཧྲིལ་བོ་ལྷོད་པ་མེད་པའི་སྦྱངས་བརྩོན་དང་། དྲི་མ་མེད་པའི་ལྷག་བསམ། རྨད་དུ་བྱུང་བའི་ཐུགས་མོས་སོགས་ཀྱིས་རྒྱུན་ལེགས་པར་བསྐྱངས་ཏེ་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་མཛད་རྗེས་བླ་ན་མེད་པ་བཞག་གོ །