ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

སློབ་དཔོན་ཆེན་མོ་སངས་རྒྱས་རིན་ཆེན་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2017-08-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འཇམ་དཔལ།
          སློབ་དཔོན་ཆེན་མོ་སངས་རྒྱས་རིན་ཆེན་ལགས་ནི་སྤྱི་ལོ་1947ལོར་མདོ་སྨད་གཅན་ཚའི་ལྷ་ས་སྡེ་བ་རུ་ཡབ་ཤ་བོ་སངས་རྒྱས་དང་ཡུམ་པདྨ་མཚོ་སྐྱིད་གཉིས་ཀྱི་བུར་སྐྱེས་ཤིང་། ཕུ་ནུ་མིང་སྲིང་གསུམ་ཡོད་པའི་ནང་གི་གཉིས་པ་རང་ཡིན། 1953ལོ་སྟེ་རང་ལོ་བདུན་པ་ནས་བཟུང་རེས་བསྐྱོད་རེས་སྡོད་དང་རེས་དལ་རེས་བྲེལ་གྱི་སློབ་གཉེར་ཁོར་ཡུག་ཁྲོད་ནས་རིམ་བཞིན་གཅན་ཚ་རྫོང་ལྷ་ས་སློབ་ཆུང་དང་གཅན་ཚ་རྫོང་ཞྭ་ཁྲ་ཆ་ཚང་སློབ་ཆུང་འགྲིམས་ལ། 1964ལོ་ནས་1966ལོའི་བར་དུ་གཅན་ཚ་རྫོང་ཏང་གི་སློབ་གྲྭ་དང་མཚོ་སྔོན་མི་རིགས་སློབ་གླིང་དུ་སྤྱི་ཚོགས་རིང་ལུགས་སློབ་གསོའི་ལས་འགུལ་གྱི་སྦྱོང་བརྡར་འཛིན་གྲྭར་ཞུགས། 1969ལོ་ནས་1972ལོའི་བར་གཅན་ཚ་རྫོང་རྐང་རྗེན་སྨན་པའི་འཛིན་གྲྭ་ནས་རྒྱ་ནག་དང་ཕྱི་གླིང་གི་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཛད། 1972ལོར་མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་ཡིག་འཛིན་གྲྭར་ཞུགས་ནས་སུམ་རྟགས་དག་གསུམ་དང་རྒྱ་བོད་ལོ་ཙཱ། མར་ཁེ་སིའི་རིག་པའི་གཞུང་ལུགས། རྩོམ་འབྲིའི་ཤེས་བྱ་སོགས་ལ་ཆེད་སྦྱོང་བྱས། སྐབས་དེར་བོད་ཡིག་དཔེ་ཁྲིད་བྱེད་མཁན་གྱི་བོད་རིགས་དགེ་རྒན་ཆེས་ཉུང་བ་སོགས་ཀྱིས་སྐོམ་པ་ཆུ་འདོད་ཀྱི་རེ་འདུན་ཆེར་མ་གྲུབ་ནའང་། བརྩོན་འགྲུས་བརྟན་པོས་གང་ནུས་སུ་འབད་པས་1975ལོར་ཕུལ་བྱུང་གི་སྦྱངས་འབྲས་དང་བཅས་ཆེད་སྦྱོང་བསླབ་གནས་ནས་སློབ་ཐོན་བྱུང་ཞིང་། ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་དུ་ཉར་བར་གྱུར། དེ་བས། དུས་དེ་ནས་བཟུང་སློབ་ཆེན་གྱི་དགེ་རྒན་དུ་བཞུགས་ཏེ་རང་ནུས་ཡོད་རྒུས་བོད་རྒྱ་རིག་པའི་གཞུང་ལུགས་སྣ་ཚོགས་ལ་ལྟ་ཀློག་དང་། ཁྱད་པར་དུ་རང་གི་དཔེ་ཁྲིད་ཀྱི་དུས་ཚོད་དང་མི་འགལ་བར་ལོ་ངོ་གསུམ་རིང་སློབ་གླིང་དེ་གའི་རྒྱ་ཡིག་སློབ་ཁྲིད་ལ་ཟུར་ཉན་བྱས་པས། རང་གི་ཡོན་ཚད་ཀྱང་སྔར་ལས་མཐོར་འདེགས་བྱུང་ཞིང་། སློབ་མ་རྣམས་ལ་དཔེ་ཁྲིད་བྱས་པའི་རྣམ་གྲངས་ཀྱང་སུམ་རྟགས་དག་གསུམ་དང་སྙན་ངག་གཙོས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་རྩོམ་གཞུང་ཁོ་ན་ཙམ་མིན་པར། དེང་རབས་རྩོམ་གཞུང་གསར་པའི་ཤེས་བྱ་གང་མང་ཡང་འདེམས་སྒྱུར་བྱས་ཏེ་སློབ་ཁྲིད་གནང་འགོ་ཚུགས་ཡོད་པ་རེད། 1979ལོར་ཀྲུང་དབྱང་མི་རིགས་སློབ་གླིང་བོད་ཡིག་གནའ་རྩོམ་ཞིབ་འཇུག་འཛིན་གྲྭ་རུ་རྒྱུགས་འཕྲོད་དེ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག རྒན་ཆེན་མོ་སྐལ་བཟང་འགྱུར་མེད་དང་། བློ་བཟང་ཆོས་འབྱོར། བློ་བཟང་རྡོ་རྗེ། བཀྲ་ཤིས་དབང་འདུས། ཝང་ཡོ། ཝང་ཧྥུའུ་རིན་སོགས་དགེ་རྒན་དུ་བསྟེན་ནས་ཏུན་ཧོང་ལས་ཐོན་པའི་གཏེར་ཡིག་སྣ་ཚོགས་དང་《དེབ་ཐེར་སྔོན་པོ》གཙོས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གང་མང་།《མི་དབང་རྟོགས་བརྗོད》དང་《ས་སྐྱ་ལེགས་བཤད》གཙོས་བོད་ཀྱི་གནའ་རྩོམ་གྲགས་ཅན།《ཐུའུ་བཀྭན་གྲུབ་མཐའ》གཙོས་གྲུབ་མཐའ་དང་། མཁྱེན་རབ་འོད་གསལ་དང་སྐལ་བཟང་འགྱུར་མེད་ཀྱི་སུམ་རྟགས་གཙོས་སུམ་རྟགས་དག་གསུམ། 《ཚིག་རྒྱན་རིག་པའི་སྒོ་འབྱེད》དང་《སྙན་འགྲེལ་གཡང་གསལ་སྣང་མཛོད》《རྟོགས་བརྗོད་གསེར་དངུལ་གྱི་མེ་ཏོག》གཙོས་སྙན་ངག་གི་གཞུང་དང་བསྟན་བཅོས། ཚད་མའི་འགྲེལ་བ་དང་《གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད》གཙོས་ཚད་མ་དང་སྒྲུང་གཏམ་སོགས་བོད་རང་གི་རིག་གཞུང་སྣ་ཚོགས་ལ་ཞིབ་འཇུག་དང་བཅས་སྦྱོང་བ་གང་ལེགས་བྱས་པ་མ་ཟད། རྒྱ་ནག་གི་《ལུགས་བཞིའི་བསྟན་བཅོས》བདམས་བཀོད་དང་། ལོ་རྒྱུས་དངོས་གཙོ་རྩོད་སྒྲུབ་རིག་པ་སོགས་ལའང་སྦྱངས་ཏེ་1981ལོར་སློབ་མཐར་ཕྱིན་ཅིང་། ལོ་དེར་ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་དུ་ལོག་སྟེ། སྐབས་དེ་དག་ཏུ་གཅིག་ན་བརྩོན་སེམས་ཆེ་བ་དང་གཉིས་ན་དགེ་རྒན་བཟང་བ། གསུམ་ན་སློབ་སྦྱོང་གི་ཆ་རྐྱེན་འཛོམས་པ་སོགས་ལ་བརྟེན་ནས་དཔེ་དེབ་གང་ཞིག་བཀླགས་ནའང་རང་སྟོབས་ཀྱིས་ཚེགས་མེད་དུ་ངེས་ཤིང་གོ་བར་གྱུར་ཏེ་རིག་པའི་ཀློང་རྡོལ་འགོ་ཚུགས་པར་མ་ཟད། དངོས་དོན་བདེན་ཐུབ་ཏུ་འཇུག་པའི་ཞིབ་འཇུག་གི་ཁ་ཕྱོགས་ཀྱང་གསལ་བར་རྙེད་ནས་ངེས་པ་དོན་གྱི་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བས་སྐད་དང་ཡི་གེ་གཅིག་གྱུར་གྱི་སྒོ་ནས་བོད་ཀྱི་རིག་གནས་སློབ་གསོ་གོང་འཕེལ་དུ་གཏོང་བའི་ལྟ་བའི་གཞི་བཙུགས་པ་རེད། དེ་བས། དུས་དེ་ཙམ་ནས་བཟུང་དངོས་གཙོ་རྩོད་སྒྲུབ་སྨྲ་བ་དང་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བས་ལུང་རིགས་ཀྱི་བརྟག་པ་བཟོད་པའི་རིག་གཞུང་ཞིབ་འཇུག་གི་ལས་ལ་གཞོལ་དགོས་ཀྱི་འབོད་པ་གཅིག་མིན་གཉིས་མིན་དུ་བསྒྲགས་ནས་《བོད་རིགས་ཀྱི་རུས་རྒྱུད་འབྱུང་ཁུངས་སྐོར་རགས་ཙམ་བརྗོད་པ》དང་《བོད་ཀྱི་བཙན་པོའི་རྒྱལ་རབས་ཇི་ལྟར་འཇིག་པའི་ལོ་རྒྱུས་རོབ་ཙམ་བཤད་པ》སོགས་དཔྱད་རྩོམ་གྲགས་ཅན་གང་མང་སྔ་ཕྱིར་《ཀྲུང་གོའི་བོད་རིག་པ》དང་《བོད་ལྗོངས་ཞིབ་འཇུག》སོགས་རིག་གཞུང་དུས་དེབ་ཁག་ཏུ་སྤེལ་ཡོད་དེ། དཔྱད་ཞིབ་མེད་པའི་ལྷ་སྒྲུང་དང་ངག་རྒྱུན་ཁོ་ན་ཙམ་ལ་བརྟེན་རྐྱང་བྱེད་པའམ། རང་ཞེན་དང་རང་འདོད་ཙམ་ལ་བརྟེན་རྐྱང་བྱེད་པའི་རིག་གཞུང་བགྲོ་ལྒིང་གི་ལས་ལས་བཟློག་དགོས་ཀྱི་དུས་རབས་གསར་བའི་འབོད་སྐུལ་ཡང་ཡང་གནང་མཁན་གྱི་དུས་གསར་བསུ་བའི་ཕོ་ཉར་རང་བཞིན་གྱིས་གྲུབ་ཡོད་པ་མ་ཟད། ཕྱིར་མཚོ་སྔོན་མི་རིགས་སློབ་གླིང་དུ་ལོག་ནས་དེ་ སྔོན་སྒྲིག་སྒྱུར་བྱས་པའི་དེང་རབས་རྩོམ་གཞུང་གི་རྒྱུ་ཆ་གང་མང་རྨང་གཞིར་བྱས་ཏེ་《བོད་ཀྱི་དེང་རབས་རྩོམ་རིག》དང་《རྩོམ་སྟངས་སློབ་ཁྲིད》ཅེས་པའི་ཁ་གསལ་གོ་བདེའི་བོད་ཡིག་གི་དེང་རབས་རྩོམ་གཞུང་གསར་བའི་བསླབ་དེབ་སྒྲིག་རྩོམ་མཛད་ནས་སློབ་གྲྭ་དེ་གར་བོད་ཡིག་གི་དེང་རབས་རྩོམ་གཞུང་གསར་བའི་བསླབ་གཞི་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ལ། རང་ཉིད་དངོས་ནས་《རི་ཆུའི་འབབ་སྒྲ》དང་《དུས་ཆེན་གྱི་རེ་སྨོན》སོགས་བརྩམས་ཤིང་སྤེལ་ཏེ་རྩོམ་རིག་བརྩམས་ཆོས་འབྲི་ཚུལ་གྱི་དཔེ་ཡང་གསལ་བར་བསྟན་པས། དངོས་དང་བརྒྱུད་པས་བོད་ཀྱི་དེང་རབས་རྩོམ་པ་པོའི་དཔུང་སྡེའི་སྐྱེད་སྲིང་ལའང་ནུས་པ་མི་དམན་པ་ཐོན་ཡོད་དེ། ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་དེད་དཔོན་དུའང་རང་བཞིན་གྱིས་གྲུབ་པས། སྤྱི་ཚོགས་སྟེང་ཡང་ཚུར་སྣང་ཆེན་པོ་བྱུང་ནས་སྐབས་དེའི་《མཚོ་སྔོན་བོད་ཡིག་གསར་འགྱུར》སོགས་སུ་ཁོང་དང་ཁོང་གི་《བོད་ཀྱི་དེང་རབས་རྩོམ་རིག》ལ་འོས་སྦྱོར་གདེང་འཇོག་གང་ལེགས་གནང་ཡོད་པ་རེད། དེ་བཞིན་སྐབས་དེ་ཙམ་ནས་མི་རིགས་རང་གི་གཉེན་བཤད་དང་སྟོན་བཤད། ཇ་བཤད། ཆང་བཤད་སོགས་བཤད་པ་སྣ་ཚོགས་དང་《ཉི་མ་ཚེ་རིང་དང་ཟླ་བཟང་སྒྲོལ་མ》《དོན་གྲུབ་རྒྱལ་ལོ་དང་ཡེ་ཤེས་སྒྲོལ་མ》《འབའ་ན་ཆུང་རྩེན་པའི་རང་མདངས་》《ཡ་རིའི་ཨ་བསོད་ཀྱི་སྙིང་གཏམ》《གནའ་རྒྱལ་ཚེ་ལོ》སོགས་ངག་རྩོམ་གང་མང་ཡིག་ཐོག་ཏུ་ཕབ་སྟེ་《མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ》ཞེས་པ་ཀུན་གྱིས་རིན་ཅན་དུ་བརྩི་བ་དེ་བསྡུ་སྒྲིག་མཛད་(གཅོད་པ་དོན་གྲུབ་དང་མཉམ་དུ་བསྒྲིགས)ནས། དམངས་ཁྲོད་དུ་གྲགས་ཆེ་ནའང་སྤྱི་ཚོགས་སྟེང་ཉམས་རྒུད་འགྲོ་ཉེན་ཆེ་ལ། དུས་མཚམས་གང་རུང་གི་སྤྱི་ཚོགས་སྣང་ཚུལ་ཇི་བཞིན་དུ་ཚུར་སྣང་ཐུབ་པའི་ངག་རྩོམ་དང་དམངས་སྲོལ་སྣ་ཚོགས་མི་ཉམས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་གང་ལེགས་མཛད་འདུག་སྟེ། རང་གཞན་གྱི་དོན་རྒྱ་ཆེན་གྲུབ་དང་འགྲུབ་བཞིན་པར་སངས་རྒྱས་རིན་ཆེན་ཞེས་སྙན་པའི་གྲགས་པ་བོད་ཁམས་ཀུན་ཏུ་ཁྱབ་འགོ་བརྩམས་པ་རེད། ཡིན་ནའང་། ཁྱིམ་མིའི་འབོད་སྐུལ་དང་ཁྱིམ་ཚང་གི་འཁོས་ཀ་སོགས་ཀྱི་རྐྱེན་དབང་གིས་ཡང་ཡང་བསྐུལ་བས་1989ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་གཅན་ཚ་རྫོང་ཐོག་ཏུ་ལས་གནས་སྤར་ཞིང་། སྔ་ཕྱིར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་གཅན་ཚ་རྫོང་སློབ་གསོ་ཅུའི་སློབ་ཁྲིད་ཞིབ་འཇུག་ཁང་དུ་སློབ་གསོའི་ལས་དོན་གཉེར་ཏེ། དེ་ནས་བཟུང་མི་ཚེའི་རྫོགས་ལྡན་གྱི་དུས་སྐབས་གཞི་རིམ་དུ་བསྐྱལ་དགོས་བྱུང་ཞིང་། ཕྱིས་སོར་ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པ་དང་《ཨ་མདོ་ཞིབ་འཇུག》རྩོམ་སྒྲིག་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་སུ་གདན་འདྲེན་ཡང་ཡང་བྱས་ནའང་མི་འདོད་ནད་ཀྱིས་བཏབ་ནས་ཐག་རིང་དུ་འགྲོ་བའི་ཆ་རྐྱེན་མ་ཚང་བར་དེ་མུར་རང་ལོ་དྲུག་ཅུ་བ་སྟེ་སྤྱི་ལོ་2006ལོར་ལས་འཁྱུར་ངལ་གསོ་བྱས། དེ་ལྟར་གྱུར་ནའང་། མི་རིགས་ཀྱི་ཤ་ཞེན་དང་རིག་གནས་སློབ་གསོའི་དུང་ཞེན་ལ་ཉམས་པ་མེད་པར་གཞི་རིམ་སློབ་གསོའི་བྱ་བ་ཧུར་ཐག་གིས་བསྒྲུབས་ཤིང་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གྱི་ལས་ལ་ནན་ཏར་མཛད་པས། གཅན་ཚ་ས་ཆའི་ཞིབ་འཇུག་སློབ་མ་དང་འབུམ་རམས་པ་གཙོས་ཤེས་བྱ་རིག་པའི་གནས་ལ་དུང་བ་ཟབ་པའི་ཤེས་ལྡན་པ་གང་མང་གིས་ཁོང་གི་མདུན་ནས་འབྲེལ་ཡོད་རིག་གཞུང་ཞིབ་འཇུག་ཐད་ལ་བློ་འདྲི་བྱེད་ཀྱིན་ཡོད་པ་མ་ཟད། ཐ་ན་སློབ་ཆེན་པའི་དགེ་རྒན་གྲགས་ཅན་ལ་ཤས་ནས་ཀྱང་ཁོང་ལ་གམ་བཅར་བློ་སྡུར་བྱེད་ཀྱིན་ཡོད་ལ། ཡུལ་ལུང་གང་མང་གི་རྩོམ་སྐུལ་བྱེད་མཁན་དང་བློ་འདོན་ཞུ་དག་ཏུ་སྐུལ་མཁན་ཡང་མང་པོ་བྱུང་འདུག་སྟེ། སློབ་འབྲིང་དགེ་རྒན་གང་མང་གི་བསྐུལ་ངོར་ 《རྩོམ་སྟངས་རིག་པའི་སྒོ་འབྱེད》བྱ་བ་དེང་རབས་རྩོམ་གཞུང་གསར་བའི་རྩོམ་ ལུས་སྣ་ཚོགས་དང་སྤྱི་ཚོགས་འཚོ་བའི་ཁྲོད་རྒྱུན་སྤྱོད་འབྱུང་ངེས་ཀྱི་རྒྱུན་བཀོལ་རྩོམ་ཡིག་ཁག་གི་འབྲི་ཐབས་དང་བཅས་པ་ཚིག་ཉུང་དོན་གསལ་དུ་བྲིས་པའི་རིན་བྲལ་གྱི་བསླབ་དེབ་དེ་ཉིད་དང་། གཅན་ཚ་རྫོང་གཅན་ཚ་ཐང་གི་མི་རྣམས་ཀྱི་བསྐུལ་ངོར་གཅན་ཚ་ཐང་གཡོན་རུ་དང་མཚོ་སྔོན་པོ་གཡོན་རུ་སོགས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་གསལ་བའི་《མདོ་སྨད་གཡོན་རུའི་ལོ་རྒྱུས》ཞེས་པ་དང་། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་རྫོང་དཔོན་སོགས་ཀྱི་བསྐུལ་ངོར་《མདའ་བཞིའི་ལོ་རྒྱུས་གསལ་བའི་མེ་ལོང་》ཞེས་པ་སོགས་བརྩམས་ཡོད་ཅིང་། གཅན་ཚ་རྫོང་གི་སློབ་གསོ་སློབ་ཁྲིད་ལེགས་བསྒྱུར་ལ་དམིགས་ནས་ཁོང་གིས་སྒྲིག་རྩོམ་གྱི་འགན་གཙོ་བོ་བཞེས་འོག་《དམིགས་ཚད་སློབ་ཁྲིད་ཀྱི་རྨང་གཞིའི་ཤེས་བྱ》གསར་དུ་བསྒྲིགས་ལ། ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པའི་འགོ་གཙོའམ་ལན་ཀྲིག་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་འབྲུག་ཐར་སོགས་ཀྱིས་བསྐུལ་ངོར་རྨ་ལྷོ་ཁུལ་གྱི་རྨ་ལྷོ་རྫོང་དང་ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་གི་འབྲེལ་མཚམས་ནས་བོན་གྱི་དཔེ་རྙིང་ཕོན་ཆེན་རྙེད་པ་དེའི་ཡིག་ཚགས་རེ་རེའི་ནང་དོན་ཉིང་བསྡུས་དང་བཅས་ཐོ་འགོད་གསལ་ འབྱེད་ཀྱི་འགན་ཡོད་ཚད་ཁོང་གཅིག་པུས་འཁུར་བས་ད་ལྟ་《མདའ་ཚང་ཡིག་ཚགས》ཞེས་གྲགས་པ་ཅན་དེ་ཡང་བྱུང་ཡོད་པ་རེད། གཞན་ད་དུང་《དེང་རབས་བོད་ཀྱི་རྩོམ་ཡིག་དང་རྩོམ་འབྲིའི་ཤེས་བྱ》《བོད་སོག་གི་རིག་གནས་འབྲེལ་བའི་ཞིབ་འཇུག》《བོད་ཀྱི་གཞུང་ཡིག་གི་རྣམ་གཞག》《ལེགས་པར་བཤད་པའི་གཏམ་མུ་ཏིག་གི་ཕྲེང་བའི་མཛེས་རྒྱན》སོགས་ཀྱང་སྔ་ཕྱིར་བརྩམས་ཡོད་དེ། ཁྱོན་བསྡོམས་དཔེ་དེབ་རྩ་ ཆེན་བཅུ་ལྷག་པར་སྐྲུན་འགྲེམ་སྤེལ་བྱས་འདུག 《རྟེན་འབྱུང་རྟོགས་པའི་རིག་ལམ》དང་《གནའ་རབས་བོད་ཀྱི་རྩོམ་ཡིག་གི་ལུས་ཀྱི་རྣམ་བཞག་བཤད་པ》《བློན་པོ་མགར་གྱི་རྣམ་ཐར》《རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་པའི་ལོ་རྒྱུས་རྒྱབ་ལྗོངས》《རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མདོ་སྨད་དུ་ཕེབས་པའི་ལོ་རྒྱུས》《ཨ་ལགས་དུང་དཀར་རིན་པོ་ཆེའི་ལོ་རྒྱུས་ངོ་སྤྲོད》《དཔལ་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་ངོ་སྤྲོད》《སྣང་རའི་དཔོན་ཚང་གི་ལོ་རྒྱུས》སོགས་ལོ་རྒྱུས་མི་སྣ་གྲགས་ཅན་དག་གི་ངོ་སྤྲོད་དང་དེ་དག་ལས་འཕྲོས་པའི་དཔྱད་རྩོམ་སོགས་ཁྱོན་བསྡོམས་རྩོམ་གྲངས་བདུན་ཅུ་ལྷག་བྲིས་པ་ལས་མང་ཤོས་གོང་འཁོད་དཔེ་དེབ་དག་ཏུ་བསྡུ་སྒྲིག་བྱས་ཡོད་ནའང་། ད་དུང་བསྡུ་སྒྲིག་མ་ཐུབ་པར་ལུས་པའང་དཔེ་དེབ་མཐུག་ཤོས་གཅིག་ལོངས་ཤིང་། སྙན་རྩོམ་དང་ལྷུག་རྩོམ་སོགས་རྩོམ་རིག་གསར་རྩོམ་སྐོར་གྱི་རྩོམ་ཡིག་ཀྱང་དཔེ་དེབ་གཅིག་ལོངས་པ་རྐྱེན་དབང་གིས་པར་སྐྲུན་འགྲེམ་སྤེལ་མ་ཐུབ་པར་ལུས་འདུག་སྟེ། མདོར་ན་ཁོར་ཡུག་དང་གཟུགས་གཞིས་འཕྲོས་པའི་རྐྱེན་འགྱུར་སྣ་ཚོགས་ཀྱིས་ཡང་ཡང་དུ་གཙེས་ནའང་། རྣམ་ཀུན་དུས་རབས་ཀྱི་སྔོན་དུ་འགྲེང་ཞིང་གདོང་ལེན་དང་ཕོ་ཉའི་འགན་འཁྲི་ཕྲག་ཏུ་བླངས་ནས་མི་ཚེ་ཧྲིལ་པོའི་ནུས་ཤུགས་ཡོད་རྒུ་བོད་ཀྱི་རིག་གནས་ཡར་སྐུལ་དང་རིག་གཞུང་འཐུས་ཚང་། སློབ་གསོའི་ལས་དོན་གོང་འཕེལ་གཏོང་བའི་ལས་དོན་སྟེང་ཕུལ་འདུག་ཅིང་། གྲུབ་འབྲས་ཀྱང་བསམ་གྱིས་མི་ཁྱབ་པ་བླངས་འདུག་པས། ཁོང་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཚོགས་མི། རྨ་ལྷོ་ཁུལ་སྲིད་གྲོས་སྐབས་བརྒྱད་པའི་ཨུ་ཡོན། ཀན་སུའུ་བོད་རིག་པ་ཞིབ་འཇུག་ཚོགས་པའི་ཞིབ་འཇུག་པ།《ཨ་མདོ་སྨད་ཞིབ་འཇུག》དུས་དེབ་ཀྱི་གདན་ཞུ་རྩོམ་སྒྲིག་པ་སོགས་ཀྱི་སྤྱི་ཚོགས་ལས་འགན་སྔ་ཕྱིར་བཅོལ་མྱོང་ཡོད་ཅིང་། རིམ་པ་ཁག་གི་སློབ་གསོའི་སྡེ་ཁག་ནས་ཀྱང་ཕུལ་བྱུང་དགེ་རྒན་དང་ཕུལ་བྱུང་དཔྱད་རྩོམ་སོགས་ཀྱི་གཟེངས་རྟགས་གང་མང་ཕུལ་འདུག་པ་མ་ཟད།《རྩོམ་སྟངས་རིག་པའི་སྒོ་འབྱེད》ལ་སྐབས་གསུམ་པའི་ཀན་སུའུ་ཞིང་ཆེན་གྱི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་དང་།《མདོ་སྨད་ཡུལ་གྱི་ངག་རྩོམ་པདྨའི་ཆུན་པོ》ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བཙུགས་ནས་ལོ་འཁོར་40ལོན་པར་རྟེན་འབྲེལ་ཞུ་བའི་རྩོམ་རིག་གསར་རྩོམ་དཔྱད་འདེམས་ཁྲོད་ཀྱི་ཕུལ་བྱུང་གྲུབ་འབྲས་བྱ་དགའ།《འདི་ནའང་རང་ལུས་འོད་དུ་འབར་བའི་སྒྲོན་མེ་ཞིག》ཞེས་པའི་ལྷུག་རྩོམ་ལ་《ཟླ་ཟེར》དུས་དེབ་ཀྱིས་ཕུལ་བྱུང་གསར་རྩོམ་གྱི་བྱ་དགའ་གནང་བ་སོགས་དཔྱད་ཞིབ་ཀྱི་འབྲས་རྟགས་གང་མང་ཕུལ་འདུག་སྟེ། དེ་ལྟའི་སྙན་གྲགས་དང་གྲུབ་འབྲས་ལ་བརྟེན་ནས་ཁོང་གི་མཚན་གནས་དང་བྱས་འབྲས་ལ་སོགས་པའི་ལོ་རྒྱུས་མདོར་བསྡུས་ནི་1998ལོར་པར་དུ་བསྐྲུན་པའི་《ཀྲུང་ཧྭའི་མི་སྣའི་མིང་མཛོད》ཀྱི་དེང་རབས་རིག་གནས་དུམ་པར་བཀོད་འདུག་ཅིང་། 2000ལོར་པར་དུ་བསྐྲུན་པའི་《འཛམ་གླིང་ཕུལ་བྱུང་ཆེད་མཁས་འཇོན་མིའི་མིང་མཛོད》ཀྱི་ཀྲུང་ཧྭའི་ཚན་པའི་དུམ་པ་དང་པོའི་སྨད་ཆར་ཡང་བཀོད་ནས་གཟེངས་རྟགས་ཀྱང་གནང་འདུག ཡིན་ནའང་། ཁོང་ནས་ཁེངས་སྐྱུངས་ཀྱིས་ཆེན་པོ་ཆུང་ཆུང་དང་ཆུང་ཆུང་མེད་པར་བསྒྱུར་བ་མ་ཟད། ཉིད་ཀྱི་ལོ་རྒྱུས་རྒྱ་ཆེར་མི་སྒྲོག་པའི་གདམས་པ་ཡང་ཡང་བྱུང་ཞིང་། སྐུ་ལུས་ཀྱིས་ཀྱང་རྒྱུན་རིང་གི་བཅར་འདྲིའི་ཡུན་ལ་ལྕོགས་ཀྱིན་མེད་པ། སྐབས་འདིའི་པར་ངོས་ཀྱི་ཤོང་ཚད་ཀྱང་ཚད་བཀག་ཅན་དུ་འདུག་པ་བཅས་ཀྱིས་ཁོང་གི་མཛད་པ་དང་གྲུབ་འབྲས་ཆ་ཚང་འདིར་ཞིབ་གསལ་དུ་འགོད་ཐབས་མ་བྱུང་སྟེ། མཐར་ཁོང་དང་ཁོང་ལྟ་བུའི་དུས་རབས་ཀྱི་གདོང་ལེན་པ་རྣམ་པའི་སྐུ་ཚེ་ཡུན་རིང་དུ་བརྟན་པ་དང་ཁོང་ཚོའི་བྱས་རྗེས་ལ་ཀུན་ནས་ཡི་རང་གདེང་འཇོག་གིས་ མཛད་པ་འཕྲིན་ལས་གོང་ནས་གོང་དུ་སྤེལ་བར་སྨོན་འདུན་ཡང་ཡང་ཞུས་པ་ལགས།