ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མི་སྣ།

མི་ཚེ་གང་བོར་དཔའ་རིས་ཀྱི་དམངས་གླུ་གྱེར་བའི་བགྲེས་སོང་དཔའ་རིས་བསོད་ནམས་ཚེ་རིང་ལགས།

སྤེལ་དུས 2017-08-25 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།
 
ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་རྒྱལ་ཁབ་རིམ་པའི་དཔའ་རིས་ཡུལ་གྱི་དམངས་གླུ་རྒྱུན་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་།

           “སྟོད་ཕྱོགས་ཡུལ་གྱི་རི་བོ། །  ཆོས་དཔེ་བརྩེགས་པའི་རི་རེད། །  ཆོས་དཔེའི་རི་བོའི་ཕྱོགས་ལ། ། གུས་པའི་ཕྱག་གསུམ་མཚལ་འགྲོ། ། བར་ན་གནས་པའི་རི་དེ། ། ཆོས་ཀྱི་འཁོར་ལོའི་རི་རེད། ། ཆོས་འཁོར་རི་བོའི་མཐའ་ལ། ། སྐོར་བ་ལན་གསུམ་བྱེད་འགྲོ། །  སྨད་ཕྱོགས་ཡུལ་གྱི་མཚོ་མོ། ། མར་ཁུའི་རྒྱ་མཚོ་འཁྱིལ་རེད། མར་གྱི་མཆོད་པ་བཤམས་ནས། ། མར་མེའི་མཆོད་པ་འབུལ་འགྲོ། །…… ”གདངས་དབྱངས་སྙན་ཞིང་ལྷོད་ཆགས་པའི་གླུ་སྐད་ཅིག་གིས་སྐྱེ་བོ་ཀུན་སྙན་འཇེབས་ལྡན་པའི་གླུ་གཞས་ཀྱི་ཞིང་ཁམས་དེར་ཁྲིད་འགྲོ་ལ། གླུ་ལེན་མཁན་ནི་དགོང་ལོ་བདུན་ཅུ་ཡན་ལོན་པའི་བགྲེས་སོང་ཞིག་སྟེ། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ཏེ་དཔའ་རིས་ཀྱི་དམངས་གླུའི་རྒྱུན་འཛིན་པ་སྐུ་ཞབས་དཔའ་རིས་བསོད་ནམས་ཚེ་རིང་ལགས་རེད།  མི་ཚེ་གཅིག་ལ་དམངས་གླུ་བླངས་པའི་ཁོང་གིས་བློ་སེམས་རྣམ་དག་དང་དུངས་ཞེན་གཙང་མས་དཔའ་རིས་ཀྱི་དམངས་གླུ་དང་འབྲེལ་བའི་ལས་སྐལ་དེའི་རྒྱུན་བསྐྱངས་པ་རེད།
           དགུང་ལོ༧༣ལོན་པའི་བགྲེས་སོང་བསོད་ནམས་ཚེ་རིང་ལགས་ཀྱི་དབུ་སྐྲ་དང་སྨྲ་ར་དཀར་པོར་གྱུར་ཡང་བློ་རིག་རྣམ་པར་རྒོད་ལ། ཀྲུང་གོའི་ནུབ་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་སྐྱེས་པའི་ཁོང་ཆུང་བྱིས་པའི་དུས་ནས་བོད་ཀྱི་དམངས་ཁྲོད་རིག་གནས་ལ་དགའ་བ་རེད། གླུ་ལེན་གར་རྩེད་ལ་མཁས་པའི་བོད་རིགས་མི་དམངས་རྣམས་དུས་ནམ་ཡང་གླུ་གར་དང་འབྲལ་དུ་མེད་དེ། དུས་ཆེན་དང་ལྷ་མཆོད་སོགས་ཀྱི་སྐབས་སུ་ལེན་པ་མ་ཟད་ངལ་རྩོལ་དང་ཕྱུགས་འཚོ་སྐྱོང་བྱེད་སྐབས་ཀྱང་གླུ་ལེན་ཞིང་། འདུ་ཚོགས་དང་གཉེར་སྟོན། རྟ་རྒྱུགས་འགྲན་ཚོགས་སོགས་ཀྱི་སྐབས་སུའང་གླུ་ལེན་གར་རྩེད་ནི་མེད་དུ་མི་རུང་བ་རེད། བསོད་ནམས་ཚེ་རིང་ལགས་ལ་ཆུང་དུས་ནས་རོལ་དབྱངས་ཀྱི་ཤུགས་རྐྱེན་ཐེབས་ཡོད་ཅིང་།“ཆུང་དུས་ཆེད་དུ་སྦྱངས་མི་དགོས། ཁྱིམ་ནང་གི་མི་དར་མ་དང་བགྲེས་སོང་། ཉེ་འཁོར་གྱི་སྤུན་ཟླ་ཚང་མས་ལེན་ཤེས་པ་རེད། ང་ལ་མཚོན་ན་ཆུང་དུས་ནས་འདི་ལ་དོ་སྣང་བྱས་ཤིང་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཏེ་གླུ་རུ་བླངས་ཤིང་། མི་གཞན་ལའང་ཁྲིད་པ་ཡིན”ཞེས་ཟེར།
           དཔའ་རིས་རྫོང་དང་དེའི་ཉེ་འཁོར་ས་ཁུལ་དུ་དཔའ་རིས་ས་ཆའི་བོད་ཀྱི་དམངས་གླུ་ཤིན་ཏུ་དར་ཁྱབ་ཆེ་ཞིང་། ལྷག་པར་དུ་འདུ་ཚོགས་དང་སྟོན་མོ་རིགས་སྣ་ཚོགས་ཀྱི་སྟེང་དུ་དར་ཆེ་ལ། ནང་དོན་ཕུན་སུམ་ཚོགས་ཤིང་ལེན་མཁན་གྱིས་སྐབས་ཐོག་ཏུ་གླུ་ཚིག་རྩོམ་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད། བསོད་ནམས་ཚེ་རིང་གིས་བླངས་པ་ཆེས་ལེགས་པ་ནི་ཆང་གཞས་ཡིན་ལ།“ང་ཚོ་དཔའ་རིས་ས་ཆའི་དམངས་ཁྲོད་ཀྱི་ཆང་གཞས་ནི་བོད་ཡུལ་གཞན་གྱི་ཆང་གཞས་དང་མི་འདྲ་བར་དེར་ནང་དོན་དང་རྣམ་པ་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་ས་ཆའི་ཆང་གཞས་ཀྱི་ནང་དོན་ང་ཚོའི་གནས་འདིའི་ཆང་གཞས་ཀྱི་ནང་དོན་ལྟར་ཕུན་སུམ་ཚོགས་པོ་མེད་ལ། ལེན་ཐབས་དང་རྣམ་པ་གང་གི་ཆ་ནས་ཀྱང་ཁྱད་པར་ཡོད་ཅིང་། ང་ཚོའི་གནས་འདིའི་ཆང་གཞས་ཅུང་ཆ་ཚང་ཡིན་པ་རེད”ཟེར།
 

རྒྱལ་ཁབ་རིམ་པའི་དཔའ་རིས་ས་ཆའི་བོད་ཀྱི་དམངས་གླུའི་རྒྱུན་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་གིས་དམངས་གླུ་ལེན་བཞིན་པ།

           མཐོ་སྒང་དུ་འཚོ་བ་རོལ་བའི་བོད་མི་རིགས་ལ་བློ་ཁོག་ཡངས་ཤིང་མགྲོན་པོར་དགའ་བསུ་བྱེད་པའི་གཤིས་ཀ་ལྷན་སྐྱེས་སུ་ཡོད་ཅིང་། ཆང་འཐུང་བ་ནི་ཁོ་ཚོའི་བྱེད་སྒོ་དང་སྟོན་མོ་གལ་ཆེན་ལ་རོལ་སྟངས་ཆེས་སྤྱིར་བཏང་བ་ཞིག་ཡིན་ལ། དེས་ཆང་གཞས་ལེན་པ་དེ་སྲོལ་རྒྱུན་གྱི་ཆང་གི་རིག་གནས་གཙོ་བོ་ཞིག་ཏུ་གྱུར་བར་བྱས་པ་དང་། ཆང་གཞས་བླངས་མ་ཐག་ཏུ་ཆང་ཕོར་རེ་རེ་བཞིན་འཐུང་དགོས་པ་རེད། བསོད་ནམས་ཚེ་རིང་ལགས་ཀྱིས་རང་གིས་སྟོན་མོ་སོགས་ཀྱི་སྟེང་ནས་ཆང་གཞས་བླངས་པའི་འདས་དོན་རྣམས་གླེང་སྐབས་དུས་དེ་རིང་ད་དུང་དགའ་སྤྲོ་འཕེལ་ཞིང་།“ངས་ཉིན་གཅིག་དང་མཚན་གཉིས་སམ་ཡང་ན་ཉིན་གཉིས་དང་མཚན་གཅིག་ལ་གླུ་བླངས་མྱོང་ལ།  ཟ་མ་བཟའ་སྐབས་ཀྱང་ཕལ་ཆེར་ཟ་ཞོར་ལེན་ཞོར་བྱས་ནས་ཆུ་ཚོད༣༠ལྷག་གི་རིང་ལ་རྒྱུན་མ་ཆད་པར་བླངས་རྗེས་ད་གཟོད་ཁྱིམ་དུ་ལོག་ནས་ངལ་གསོ་བ་དང་། ཉིན་གཉིས་པར་སླེབས་དུས་ད་གཟོད་དཀའ་སྣང་སྐྱེ་བ་ཞིང་། ཉིན་གཉིས་ལ་ཉལ་ནས་ངལ་གསོ་ཡག་པོ་བྱས་པ་ཡིན།  སྐབས་དེར་གླུ་ལེན་དུས་སེམས་པ་དགའ་སྤྲོས་ཁེངས་ཤིང་གླུ་ཁ་བྱེད་སྐབས་ལྷག་པར་དུ་སེམས་ལྷོད་ལ་མི་འབབ་པས་གཉིད་གཏན་མི་ཡོང་པ་རེད”ཟེར།
           ལོ་ངོ་བཅུ་ཕྲག་གི་རིང་ལ་དམངས་གླུ་བླངས་པའི་བསོད་ནམས་ཚེ་རིང་གིས་དེང་སང་འདུ་ཚོགས་སོགས་ཀྱི་སྟེང་ནས་གླུ་ལེན་ཚད་ཧ་ཅང་ཉུང་ཞིང་། ཕྱོགས་གཅིག་ནས་དགུང་ལོ་མཐོན་པོ་ལོན་པ་དང་། ཕྱོགས་གཉིས་ནས་ཁོང་ལ་གླུ་ལེན་ཡ་ཧ་ཅང་འཚོལ་དཀའ་བ་རེད། དེང་རབས་ཤེས་རིག་གི་ཤུགས་རྐྱེན་འོག་ནས་གདོད་མའི་རིག་གནས་འདིའི་རིགས་ལ་རིམ་གྱིས་ཚོང་ར་མེད་པར་གྱུར་ཞིང་།  ཆང་གཞས་ལེན་ཤེས་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་བཞིན་པ་རེད།“དེང་སང་མི་གང་མང་ཆང་གཞས་ལ་སྤྲོ་བ་མེད་པ་དང་དེ་ནི་ང་ཚོ་འཕྲད་པའི་དཀའ་ཁག་ཡིན་ཞིང་། དུས་ཡུན་རིང་པོར་ཕྱིའི་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པར་བརྟེན་ནས། མི་རྣམས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེར་སྔོན་ཆད་ལྟར་དགའ་ཞེན་མེད་ལ། ཐ་ན་རང་མི་རིགས་ཀྱིས་རང་གི་མི་རིགས་ཀྱི་སྐད་དང་ཡི་གེའང་མི་ཤེས་པ་དང་། ལོ་ན་ཆུང་བའི་མི་རབས་ལ་དེང་རབས་གླུ་དབྱངས་ཀྱིས་ཤུགས་རྐྱེན་ཐེབས་ཤིང་། དེང་སྐབས་རྒྱུགས་ཆེ་བའི་གླུ་དབྱངས་གསར་བར་དེ་བས་དགའ་བ་དང་། གཞོན་ནུ་ལོ་ཆུང་གང་མང་གིས་ཆང་གཞས་ལ་ཉན་མི་འདོད་ཅིང་སློབ་འདོད་མཁན་ཡང་མེད་པ་རེད”ཟེར།
           དམངས་གླུ་རྒྱུན་འཛིན་བྱེད་པའི་སྒྱུ་རྩལ་པ་དེ་དག་ནི་དགུང་ལོ་མཐོན་པོ་ཆགས་ཡོད་ཅིང་། དཔའ་རིས་ས་ཆའི་དམངས་གླུ་རྒྱུན་འཛིན་བྱེད་པའི་རྗེས་རབས་པ་མེད་པའི་ཉེན་ཁར་འཕྲད་ཡོད་ལ། བསོད་ནམས་ཚེ་རིང་གིས་དེའི་ཐད་ལ་སེམས་ཁུར་བྱས་ཏེ་དུས་སྔ་མོ་ནས་སློབ་མ་སྐྱོང་བཞིན་པ་དང་། མི་རིགས་ཀྱི་ནོར་བུ་ལྟ་བུ་དེ་རྒྱུན་འཛིན་བྱེད་ཐུབ་པར་རེ་བ་བཅངས་ཡོད་པ་རེད།“ངས་གང་ཐུབ་ཀྱིས་སློབ་མ་སྐྱོང་བཞིན་ཡོད་ལ། སློབ་མ་ལ་ལས་རང་འགུལ་གྱིས་ང་བཙལ་བ་དང་ལ་ལ་ངས་ཆེད་དུ་ཕར་བཙལ་པ་ཡིན། རྒྱུན་འཛིན་བྱེད་པའི་འཇོན་ནུས་ལྡན་མཁན་རྣམས་ལ་སློབ་སྦྱོང་བྱེད་པར་སྐུལ་སློང་བྱས་ཤིང་དཀའ་ལས་ཆེར་མྱོང་མི་དགོས་པ་རེད།  ད་ལྟའི་ལས་འགན་ནི་ཅུང་འོས་འཚམ་ཡིན་པའི་མི་སྣ་ཞིག་བདམས་ནས་ངའི་རྒྱུན་འཛིན་པ་བྱེད་དུ་འཇུག་རྒྱུ་དེ་ཡིན”ཟེར།
           མི་རིགས་ཀྱི་རིག་གནས་རྩ་ཆེན་དེ་དག་ལ་སྐྱོབ་ཆེད་ཀྲུང་གོའི་སྲིད་གཞུང་གིས༢༠༠༨ལོར་རྣམ་གྲངས་གཏན་འཁེལ་བྱས་ཏེ། དཔའ་རིས་ས་ཆའི་བོད་ཀྱི་དམངས་གླུ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་སུ་བཞག་པ་དང་། བསོད་ནམས་ཚེ་རིང་ཀྱང་དེའི་ཕྱི་ལོར་མངོན་མིན་ཤུལ་བཞག་རིག་གནས་དེའི་རྒྱུན་འཛིན་པར་བདམས་པ་རེད། ཁོང་གིས་རང་གི་འགན་འཁྲི་སྔར་བས་ལྕི་བར་འདོད་ཅིང་། “འགན་འཁྲི་སྔར་བས་ལྕི་ལ་ངའི་ལོ་ཚོད་ཀྱང་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་པ་དང་། ད་དུང་སྔར་ལས་གཏིང་ཟབ་པའི་སྒོ་ནས་བྱེད་སྒོ་སྤེལ་ནས་དེ་དག་རྒྱུན་འཛིན་བྱེད་དགོས་པ་རེད”ཟེར།
 

ཀན་སུའུ་དཔའ་རིས་ཀྱི་བསོད་ནམས་ཚེ་རིང་གིས་ཁྱིམ་ནས་བཅར་འདྲི་དང་ལེན་བྱེད་བཞིན་པ།

           དུས་རབས་ཕྱེད་ཙམ་གྱི་རིང་ནས་བཟུང་། དམངས་གླུའི་རྒྱུ་ཆ་གང་མང་འབྲི་མཁན་དང་པོར་གྱུར་བའི་བསོད་ནམས་ཚེ་རིང་གིས་དམངས་གླུའི་བརྩམས་ཆོས་ཆེན་པོ༨འཚོལ་སྡུད་དང་ཉར་ཚགས་བྱས་ཡོད་ལ། དེ་ལས  «འབྲུག་སྟོང་གཡུལ་འགྱེད»དང«རྨ་བྱའི་གོས་ལ་བསྟོད་པ»སོགས་ནི་དཔའ་རིས་ས་ཆའི་དམངས་གླུའི་འཐུས་ཚབ་བརྩམས་ཆོས་ཡིན་ལ། ཁོང་གིས་ད་དུང་སྔ་རྗེས་སུ«བོད་ཀྱི་རོལ་དབྱངས་རྒྱ་མཚོའི་ནོར་བུ»དང«དཔའ་རིས་ས་ཆའི་དམངས་གླུ་གཅེས་བཏུས» «དཔའ་རིས་ཀྱི་ལ་གཞས»བཅས་འཚོལ་སྡུད་དང་ལེགས་སྒྲིག་བྱེད་པའི་ལས་ཀར་ཞུགས་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།
           དགུང་ལོ་བདུན་ཅུ་ལྷག་ལ་འབྱོར་བའི་བསོད་ནམས་ཚེ་རིང་ལོ་བཅུའི་སྔོན་དུ་ལས་འཁྱོལ་ངལ་གསོ་བྱས་ཤིང་། ལས་འཁྱོལ་ངལ་གསོ་བྱས་རྗེས་ཀྱི་འཚོ་བ་སྔར་བས་བྲེལ་ཟིང་ཆེ་བ་རེད། ཁོང་སྔ་དྲོའི་ཆུ་ཚོད༥དང༦གི་སྟེང་ལ་ཡར་ལངས་ནས་ཉིན་དཀར་གྱི་ཆུ་ཚོད་མང་ཆེ་ཤོས་ཡི་གེ་འབྲི་བར་བཀོལ་བ་མིན་ཚེ་ནད་ལ་བལྟ་བར་བཀོལ་བ་དང་། དཔའ་རིས་ས་ཆའི་དམངས་གླུ་ལེན་པར་ཡོང་སྒོ་གང་ཡང་མེད་ལ། བསོད་ནམས་ཚེ་རིང་གི་ལས་ཀ་གཙོ་བོ་ནི་བོད་ཀྱི་སྨན་པ་ཞིག་ཡིན་ཞིང་ཁོང་བོད་ཀྱི་གསོ་བ་རིག་པའི་ཐད་ལ་མཁས་པ་དང་། མཚོ་སྔོན་གྱི་སྨན་ཁང་དང་སློབ་གྲྭ་ཁག་མང་པོའི་བློ་འདྲི་ས་ཡིན་ལ། ཐ་ན་པེ་ཅིང་དང་ཐེན་ཅིན་སོགས་སུ་ནད་པར་བལྟ་རུ་འགྲོ་དགོས་ཤིང་། ལན་རེར་བྲེལ་བ་ཆེ་དུས་ཉིན་གཅིག་ལ་ནད་པ་བརྒྱ་གྲངས་ལྷག་ལ་བལྟ་དགོས་པ་རེད།  དེ་དང་དུས་མཚུངས་སུ་ཁོང་ད་དུང་བོད་སྐད་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས་སོགས་ཀྱི་བློ་འདྲི་སའང་ཡིན་ཞིང་། དམངས་གླུ་འཚོལ་སྡུད་དང་ལེགས་སྒྲིག  འཁྲབ་ལེན། སློབ་ཁྲིད་བྱེད་པའི་དུས་ཚོད་ནི་བྲེལ་ཟིང་ཆེ་བའི་བྱ་བའི་ཁྲོད་ནས་ཕུད་པ་རེད།  དེའི་ཐད་ནས་བསོད་ནམས་ཚེ་རིང་ལ་འགྱོད་པ་གང་ཡང་མེད་ཅིང་། ཕྱིའི་རྒྱུ་འབྱོར་གྱི་ཐད་ནས་ཕན་ཁེ་ལེན་འདོད་མེད་པ་རེད།“མི་ལ་ལས་སྒོར་མོ་མེད་ཚེ་བྱ་བ་གང་ཡང་མི་བསྒྲུབ་ལ། འདིའི་ཐད་ནས་ངའི་མྱོང་བ་གཞིར་བཟུང་ནས་བཤད་ན་དེ་ནི་སྒོར་མོ་དང་འབྲེལ་བ་གང་མང་མེད་ཅིང་།  སྒོར་མོ་མེད་ཚེ་ལས་ཀ་འདི་ཡག་པོ་མི་འཁྱོངས་བར་འདོད་མཁན་ནི་ལས་ཀ་འདི་སྒྲུབ་མཁན་མིན། སྒོར་མོ་མེད་ཚེ་དེའི་རྒྱུན་ཆད་དུ་འཇུག་རྒྱུ་ཡིན་ནམ། སྒོར་མོ་མེད་ཀྱང་བསྒྲུབ་ཐུབ་པ་རེད”ཟེར།
           བགྲེས་སོང་བསོད་ནམས་ཚེ་རིང་གིས་མི་ཚེ་གང་བོར་དམངས་གླུ་བླངས་ཤིང་མི་ཚེ་གང་བོར་དམངས་གླུ་ཁྲིད་པ་དང་། དཔའ་རིས་ས་ཆའི་དམངས་གླུ་དུས་སྔ་མོ་ནས་ཁོང་གི་ཁྲག་རྒྱུན་ལ་འདྲེས་ཤིང་ཁོང་གི་ཚེ་སྲོག་གི་ཆ་ཤས་ཞིག་ཏུ་གྱུར་ཡོད།“མི་རིགས་ཤིག་ལ་མི་རིགས་ཤིག་གི་རིག་གནས་དང་གོམས་སྲོལ་ཡོད་ལ་དེ་རྒྱུན་འཛིན་བྱ་དགོས་པ་རེད།  ང་ཚོའི་མི་རབས་འདིར་རྒྱུན་འཛིན་བྱ་དགོས་པ་མ་ཟད་ང་ཚོའི་རྗེས་ཀྱི་མི་རབས་ལ་ཡང་རྒྱུན་འཛིན་བྱ་དགོས་ལ། མ་འོངས་པའི་མི་རབས་རྣམས་སུའང་རྒྱུན་ཆད་མེད་པར་རྒྱུན་འཛིན་བྱ་དགོས། མི་རིགས་ཤིག་གི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་དེ་མི་རྣམས་ལ་ཕན་པ་ཆེ་བས་རྒྱུན་འཛིན་བྱ་དགོས་པ་དང་། རྒྱུན་འཛིན་ཡང་བྱ་ཐུབ་པས་ངས་དེ་ཉིད་མུ་མཐུད་དུ་རྒྱུན་འཛིན་བྱ་འདོད་པ་ཡིན”ཟེར།