ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས།

སྤེལ་དུས 2017-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           ༄༅།།ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ནི། མདོ་སྨད་ཙོང་ཁའི་ཡུལ་གྱི་མཚོ་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་དུ། ཉིན་ལུང་ཝང་གི་ཁྱིམ་རྒྱུད། གནུབས་སངས་རྒྱས་ཡེ་ཤེས་ཀྱི་གདུང་རིགས་ལས་མཆེད་པ་ཡབ་རིག་སྔགས་འཛིན་པ་འཁྱམ་རུ་སྐུ་ཆེན་དང་།  ཡུམ་སྤྲེའུ་ནག་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ1888ལོར་སྐུ་འཁྲུངས། དགུང་ལོ་བདུན་པར། ཨ་ཕྱི་རྒན་མོ་ཞིག་ཡོད་པས་གཉོར་སྐྱོང་བྱས་ཏེ་མོ་རང་གིས་དམ་པ་འདིར་ཀློག་སློབ་བཞིན་དབུས་ཀྱི་ལྷ་སར་མཇལ་སྐོར་ལ་སོང་། ཇོ་ཤཱཀ་རྣམ་གཉིས་སོགས་མཇལ་སྐབས་སྐུ་ཚེ་དེ་ལ་དཀོར་དང་ལོག་འཚོར་མི་འབག་པའི་ཐུགས་སྨོན་གནང་བ་སོགས་སྐུ་ན་ཕྲ་ཡང་རྣམ་དཀར་གྱི་བག་ཆགས་བརྟས་པའི་རང་རྟགས་མངོན་དུ་གྱུར།   རྒྱལ་དབང་བཅུ་གསུམ་པ་ཆེན་མོ་ལས་སྲད་བརྒྱུད་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང་སོགས་ཟབ་ཆོས་དུ་མ་ནོད། ཕྱིས་སྐུ་འབུམ་དུ་བཞུགས་སྐབས་ཀྱང་ཆོས་བཀའ་མང་དུ་གསན།  
           དགུང་ལོ་བརྒྱད་པར་བྱ་བཏང་རི་ཁྲོད་པ་བསོད་ནམས་རྒྱ་མཚོའི་དྲུང་ནས་བསླབ་ཚིགས་སྔ་མ་དགེ་ཚུལ་གྱི་བསླབ་པ་ལེགས་པར་མནོས་ཏེ། མཚན་ལ་བློ་བཟང་མཁས་བཙུན་བསྟན་འཛིན་རྒྱ་མཚོ་ཞེས་གསོལ།   དགུང་ལོ་བཅུ་གཅིག་པར་སྐུ་འབུམ་བྱམས་པ་གླིང་དུ་ཚོགས་ཞུགས་གནང་། དེ་ནས་བཟུང་སྟེ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་རིམ་པར་སྦྱངས། ཁྱད་པར་གངས་ཅན་མགོན་པོའི་རིགས་བདག་མཁས་མཆོག་དཔའ་རི་བ་བློ་བཟང་རབ་གསལ་ལས་འགྲེལ་ཆུང་དོན་གསལ་དང་། རྗེ་ཞྭ་དམར་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་དང་རྗེ་བཙུན་ཏཱ་ར་ནཱ་ཐས་བསྡུས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་གསན་བཞེས་མཛད།   ཁྲི་ཀ་ཨ་ལགས་རིན་པོ་ཆེ་ངག་དབང་ཕུན་ཚོགས་ལས་བསླབ་ཚིགས་ཕྱི་མ་བསྙེན་རྫོགས་ཞུས།   གསང་འདུས་དང་བདེ་མཆོག་ལི་དྲིལ་གཉིས་སོགས་ཟབ་ཆོས་མང་དུ་གསན།   ཁྱད་པར་འཇམ་མགོན་བླ་མའི་སྙན་བརྒྱུད་ཁྱད་པར་ཅན་འཇིགས་བྱེད་ལྷ་བཅུ་གསུམ་པའི་དབང་བཞི་མནོས།   དྲུང་ཆེན་བྱམས་པ་རྒྱ་མཚོ་ལས་སྒྲ་དང་སྨན་རྩིས་སོགས་ཐུན་མོང་རིག་གནས་དང་ཐུན་མིན་སྙན་བརྒྱུད་ཀྱི་གདམས་པ་མང་དུ་གསན་ནས་གདམས་པའི་གཏེར་མཛོད་ཆེན་པོར་གྱུར།   དགུང་གྲངས་ཉེར་ལྔ་པར་བར་ཁམས་ལྷོ་ཕྱོགས་སུ་ཕེབས་ཏེ།   བྲག་དཀར་སྐུ་ཞབས་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཞུ་བ་དང་མཇལ་ཞིང་།   རྗེ་ཐམས་ཅད་མཁྱེན་པའི་མདོ་སྔགས་ཀྱི་ལམ་རིམ་གཉིས་དང་།   ཐེག་པ་ཆེན་པོའི་བློ་སྦྱོང་སོགས་གདམས་པ་མཐའ་ཡས་པ་གསན།   གཞན་ཡང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་ཆོས་བཀའ་དུ་མ་དང་།   ར་སྒང་གཅོད་པ་ཞེས་པའི་རྟོགས་ལྡན་གྱི་རྣལ་འབྱོར་པ་ལས་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་ཡོངས་རྫོགས་གསན།   སྐབས་དེ་ནས་རྗེ་བྲག་དཀར་བས་བསྐུལ་བ་བཞིན་མགོ་ལོག་གི་ཡུལ་དུ་ཞབས་པད་ཀྱི་རི་མོ་བཀོད་ཅིང་།   མི་དབང་ཆེན་པོ་དབང་ཆེན་མདོ་སྡེ་ཞེས་པའི་གུས་འདུད་ལྷུར་བླངས་ཏེ།   དམ་པའི་ཆོས་ཀྱིས་ཚིམ་པར་བྱས།   དེ་ནས་ཁོང་རྣམ་གཉིས་མཆོད་ཡོན་ཟུང་འབྲེལ་གྱིས་རྒྱལ་དབང་ཐུབ་བསྟན་རྒྱ་མཚོར་ཞུས་ནས་བཀའ་བཞིན་དཔལ་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་གླིང་བཏབ།   གཞི་གསུམ་གྱི་ཕྱག་བཞེས་དང་འཆད་ཉན་གྱི་སྲོལ་བཙུགས།            ཡང་སྦས་པའི་རྣལ་འབྱོར་པ་ཆེན་པོ་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ལས་གསང་ཆེན་སྙན་བརྒྱུད་ཀྱི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་གནང་།   ཁྲ་དགེ་སློང་དང་དམ་པ་དུ་མས་ཞལ་མཐུན་པར་འདི་པ་རྫོགས་ཆེན་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་སྤྲུལ་བའི་རོལ་གར་དུ་བསྔགས།   གོང་ས་བཅུ་གསུམ་པའི་རིགས་བདག་གྲུབ་བརྙེས་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ་ལས་ཟབ་ཆོས་སྤྱི་དང་ཁྱད་པར་དུ་ཕུར་བ་ཡང་གསང་སྤུ་གྲིའི་སྐོར་གསན།   རྫ་ཁོག་ཏུ་ཕེབས་ཏེ་དགོན་གསར་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་བཀའ་ཆོས་དུ་མ་གསུངས་ཤིང་།   མཚན་ཉིད་བཙུགས་ཏེ་འཛིན་གྲྭ་སོགས་གྲྭ་སའི་ཕྱག་བཞེས་ཇི་བཞིན་ཚུགས་པར་མཛད།   སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས་ཏེ་ས་དབང་སྡེ་དགེ་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ།   སྐལ་ལྡན་གདུལ་བྱ་མང་པོ་སྨིན་པར་མཛད།   རྗེ་འདི་པའི་གསུང་གིས་བསྐུལ་བ་ལྟར་རྒྱལ་བ་ཙོང་ཁ་པའི་བཀའ་འབུམ་ཡོངས་རྫོགས་པར་དུ་བསྐྲུན་པ་ད་ལྟའང་ཉམས་པ་མེད་པར་སྡེ་དགེའི་ཆོས་མཛོད་ཆེན་མོར་བཞུགས།   ལྕགས་མོ་མགོ་ལོག་གི་ཡུལ་དུ་ཡུན་རིང་བཞུགས་ཏེ།   རྨ་སྨར་བྱང་འབྲོག་གི་ཡུལ་གྲུ་མཐའ་དག་གངས་ཅན་མགོན་པོའི་བཀའ་འབངས་ལ་སྦྱར།   དགུང་ལོ་བཞི་བཅུ་པར་རྨ་ཉིན་སྒར་གསར་བཙུགས་ནས་དམ་པའི་ཆོས་ཀྱི་ཆར་ཆེན་ཚད་མེད་པ་ཕབ། དགུང་ལོ་ཞེ་གཅིག་པར་ཆབ་མདོ་བྱམས་པ་གླིང་དུ་ཕེབས། དེར་མདོ་ཁམས་སྤྱི་ཁྱབ་ཆེན་མོས་དངུལ་སྲང་ལྔ་སྟོང་ཆིག་བརྒྱའི་ཐེབས་སྦྱར་ནས། བློ་གསལ་ཁྲིམས་ལྡན་འདུས་པ་བརྒྱ་ཕྲག་བརྒལ་བའི་མཚན་ཉིད་གྲྭ་ཚང་བཙུགས། དགུང་ལོ་ཞེ་བཞི་པར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས་ཏེ། གོང་ས་བཅུ་གསུམ་པའི་གསེར་ཞལ་མཇལ།   དེ་ནས་གོང་ས་མཆོག་གི་བཀའ་ལྟར་མཁས་གྲུབ་བྱེ་བའི་བསྟི་གནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། དགའ་ལྡན་ཤར་བྱང་གི་ཆོས་རྗེ་གཉིས་ཀྱིས་གཙོས་པའི་དམ་པ་དུ་མ་ལས་རྒྱུ་དང་འབྲས་བུའི་ཆོས་སྒོ་མང་པོ་གསན།   ལྷ་ལྡན་སྨན་རྩིས་ཁང་གི་འདུས་པ་བརྒྱ་ཕྲག་ལྷག་ལ་རྗེ་ཞྭ་དམར་བའི་ལམ་ཁྲིད་ཞིབ་རྒྱས་སུ་གནང་།   གོང་ས་མཆོག་གི་བཀའི་མདུན་ན་འདོན་ཕལ་ཆེར་སློབ་མ་དང་སྦྱིན་བདག་ཏུ་གྱུར།   ཡབ་གཞིས་སྲིད་བློན་ཆེན་པོས་གཙོས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་འཕྲིན་ལས་ཀྱི་ཞབས་འདེགས་སུ་འཕགས་མ་རིག་བྱེད་དབང་མོའི་ཆོས་སྐོར་པོད་དྲུག་ཙམ་ལེགས་པར་བརྩམས། བླ་སྨན་མཁན་པོའི་སློབ་གྲྭར་ཇི་ལྟར་འཚམ་པའི་གྲོགས་དན་མཛད་པ་སོགས་ལས་ཀུན་གྱིས་བཀུར་གཟོ་མཐོ་བའི་ཚད་དུ་གྱུར། གཞན་ཡང་ཨ་སྐྱོང་གོང་མའི་དཔོན་སྤྲུལ་བསྟན་འཛིན་གྲགས་པ་དང་། པདྨ་འབུམ་གྱི་དཔོན་རིགས་ཀུན་ལ་བཀའ་བློན་དང་བཀའ་ཤག་གི་རིམ་པའི་ཐོབ་དང་ཐམ་ཀའི་ཆོ་ལོ་སྩོལ་བའི་གྲོགས་དན་མཛད་ཅིང་།   ངག་དབང་ཚོགས་གཉིས་རྒྱ་མཚོའི་གསུང་འབུམ་དང་།   རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ་གོང་ས་བཅུ་གསུམ་པར་གཟིགས་འབུལ་ཞུས་པས།   བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་སུ་འཐོར་བར་མཛད།   དེ་ལྟར་རླབས་ཆེན་གྱི་མཛད་པ་ཐ་མ་ལ་ཉེ་བའི་སྐབས་སུ་ལྷོ་ཕྱོགས་རོང་བོ་དགོན་ཆེན་དུ་གདན་ཞུས་ལྟར་ཕེབས་ཏེ། ཟབ་ཆོས་དུ་མ་གནང་།   ཡུལ་དེའི་སྐལ་ལྡན་སྐྱེ་བོ་རྣམས་ཀྱི་རེ་བ་ཡིད་བཞིན་དུ་བསྐངས།   སྤྱི་ལོ1935ལོར་སྐུ་གཤེགས།  
           རྗེ་འདི་པའི་མཚན་ལ་དབུས་གཙང་ཕྱོགས་ནས་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བ་ཞེས་དང་།   ཁམས་ཀྱི་ཕྱོགས་དང་མགོ་ལོག་ཕལ་ཆེར་གྱིས་བྲག་དཀར་དགེ་བཤེས་ཞེས་སུ་འབོད་ལ།   གཞན་ཡང་རོལ་བའི་བློ་གྲོས།   མཁའ་ཀློང་ཡངས་པ་རྩལ་སོགས་མཚན་གྱི་རྣམ་གྲངས་མང་དུ་སྣང་ངོ་།  
           རྗེ་འདི་པས་ས་དགེ་བཀའ་རྙིང་དང་ཇོ་ནང་སོགས་གྲུབ་མཐའ་རིས་མེད་ཀྱི་སློབ་མ་མང་པོ་བསྐྱངས་ཤིང་། གོང་ས་བཅུ་གསུམ་པའི་བླ་སྨན་མཁྱེན་རབ་ནོར་བུ་དང་།   རྒྱའི་ལོ་ཙཱ་པ་ཆེན་པོ་ཧྥ་ཙོང་ཧྥ་ཧྲི་གཉིས་ནི་འདི་པའི་སློབ་མ་ཆེན་པོར་གྲགས་སོ།། རྗེ་འདི་པར་གོང་སྨོས་རིག་བྱེད་མའི་ཆོས་སྐོར་དང་།   སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རྣམ་གཞགདོན་བདུན་ཅུའི་རྣམ་གཞགཇོ་ནང་ཏཱ་ར་ནཱ་ཐའི་གུ་རུའི་རྣམ་ཐར་གྱི་རྒྱབ་ཆོས།   སུམ་ཅུ་པའི་དགོངས་འགྲེལ་རབ་གསལ་ཟླ་སྣང་།ཨ་སྐྱོང་བསྟན་འཛིན་གྲགས་པ་ལ་གནང་བའི་ལུགས་ཀྱི་བསྟན་བཅོས་དཔག་བསམ་ལྗོན་པ་སོགས་བརྩམས་ཆོས་མང་དུ་བཞུགས་པ་ལས་པོད་གཉིས་མགོ་ལོག་ཁུལ་གནའ་རྩོམ་བྱ་བའི་གཞུང་ལས་ཁང་གིས་མགོ་ལོག་དཔེ་རྙིང་དཔེ་ཚོགས་ཀྱི་གྲས་སུ་བཙུད་དེ།   སི་ཁྲིན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ2004ལོར་དཔེ་སྐྲུན་བྱས་ཡོད།   འདི་པའི་རྣམ་ཐར་ཅུང་ཟད་ཞིབ་མོ་གོང་སྨོས་མགོ་ལོག་དཔེ་རྙིང་དཔེ་ཚོགས་དེབ་བཅུ་དྲུག་པ་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་གསུང་འབུམ་པོད་དང་པོར་བཀོད་པའི་ཨ་ཁུ་བདེ་ལེགས་རབ་རྒྱས་ཀྱིས་མཛད་པའི་རྩོམ་པ་པོ་མཚམས་སྦྱོར་མདོར་བསྡུས་ཞེས་པ་དང་།   ཡང་དེ་རུ་བཀོད་པའི་ཆེ་བའི་མཆོག་སྤྲུལ་བློ་བཟང་མདོ་སྔགས་རྒྱ་མཚོས་མཛད་པའི་རྗེ་བཙུན་བླ་མ་མཆོག་གི་རྣམ་ཐར་གསོལ་འདེབས་ཚིགས་བཅད་མ་ཞེས་པར་གསལ།   རྗེ་འདིའི་སྐུ་ཕྲེང་གཉིས་པ་དང་གསུམ་པ་སྐུ་ན་ཕྲ་མོ་ནས་དགོངས་པ་རྫོགས།   སྐུ་ཕྲེང་བཞི་པ་མཆོག་སྤྲུལ་ཚེ་རིང་བསམ་འགྲུབ་ནི་རྫ་བསམ་འགྲུབ་དགོན་གྱི་ཉེ་འདབས་སུ་ལྡོང་རིགས་སྨྱོ་ཤུལ་གྱི་རྒྱུད་དུ་འཁྲུངས་པ།   ལབ་ལུང་མཁན་ཆེན་གྱིས་རྡོ་རྗེའི་ལུང་གིས་བསྔགས་ནས་གདན་སར་བཀོད་ཅིང་།   ད་ལྟ་མགོ་ལོག་དར་ལག་རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པའི་འགན་བཞེས་ཏེ་བཞུགས་སོ།