ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > བླ་སྤྲུལ།

ཤར་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་རྣམ་ཐར་སྙིང་བསྡུས།

སྤེལ་དུས 2017-09-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
           བློ་གཏེར་འཇམ་མགོན་རྒྱལ་བའི་ལུགས་བཟང་ཚུལ། བཤད་དང་སྒྲུབ་པས་འཛིན་ལ་ཟླ་བྲལ་བ། མཁྱེན་རླབས་རྒྱ་མཚོའི་ཕ་མཐར་བསྙེགས་པ་ཡིན། ཚད་ལྡན་རྗེ་བཙུན་བླ་མར་གསོལ་བ་འདེབས། ཞེས་བྱིན་རླབས་ཅན་གྱི་གསོལ་འདེབས་ཤློ་ཀས་མདུན་བསུས་ཏེ་ཞུ་བར་བྱ་བ་ནི། དེ་ཡང་མདོ་སྔགས་རིག་གནས་དང་བཅས་པར་གཞན་དྲིང་མི་འཇོག་པའི་མཁས་གྲུབ་ཆེན་པོ༸ཡབ་རྗེས་བླ་མ༸ཤར་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བཤད་སྒྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི། དཔལ་མཉམ་མེད་དགེ་ལྡན་བསྟན་པའི་ཆུ་མགོ༸བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་ལྷ་སྡེ་གཅན་རོང་ཚོ་ཆེན་བཅོ་བརྒྱད་ཀྱི་ཁོངས་གཏོགས།  གུང་ཡེ་དགོན་ཚར་ཞེས་པའི་གྲོང་སྡེར་ཡག་གཟུངས་ཐར་དང་ཡུམ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་ཕོ་ཁྱི﹙སྤྱི་ལོ་༡༩༢༢﹚ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས།  མ་ཡུམ་གྱི་ལྷུམས་སུ་བཞུགས་སྐབས་ནས་སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་ཉེ་གནས་ཆེན་པོ། སྤྱན་དང་མངོན་ཤེས་ཀྱི་བདག་ཉིད། གྲུབ་པའི་དབང་ཕྱུག་སེམས་དཔའ་ཆེན་པོ༸ཁ་གྱ་འཇམ་དབྱངས་དཔལ་ལྡན་གྱིས་ཤར་གདོང་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད། རབ་བྱུང་བཅུ་དྲུག་པའི་ཐོག་མ་མེ་ཡོས﹙སྤྱི་ལོ་༡༩༢༨﹚ཏེ་དགུང་ལོ་བདུན་གྱི་སྟེང་དགེ་ལྡན་བསྟན་པའི་འབྱུང་གནས༸དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་བཞུགས་སྒར་དུ་གདན་དྲངས་ཏེ་སྙིགས་དུས་ཀྱི་སེམས་དཔའ་ཆེན་པོ༸རྗེ་བེ་སི་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་སྤྱན་སྔར་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་བཤད་སྒྲུབ་རྒྱ་མཚོར་གསོལ།  སྒར་བ་རིན་པོ་ཆེ་ཡེ་ཤེས་སྙན་གྲགས་རྒྱ་མཚོའི་ཞབས་པད་བསྟེན་ཏེ་འདོན་ཆོས་སྤྱོད་དང་གཞུང་ཆེན་ཁག་གི་རྩ་བ་སོགས་ཐུགས་འཛིན་གནང་ནས་སྐྱོར་སྦྱངས་ཤུགས་ཆེན་མཛད་པས་འཛིན་རིག་བཟང་བའི་སྐད་གྲགས་ཤིན་ཏུ་ཆེ་བ་བྱུང་།
           དགུང་ལོ་བཅུ་གཉིས་པ་སྟེ་སྤྱི་ལོ ༡༩༣༣ ལོར་ཡོངས་རྫོགས་བསྟན་པའི་མངའ་བདག་བླ་ཁོ་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་མཆོག་གདན་ས་ཆེན་པོ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་ཕེབས་ཏེ་ཁོང་རིན་པོ་ཆེ་གཅིག་པུ་ཨ་ར་པ་ཙའི་སྒྲུབ་ཕུག་ཏུ་བཞུགས་ཏེ་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་ཞིང་། འགྲེལ་བ་དོན་གསལ་དང་འདུལ་བ་རྒྱ་མཚོའི་སྙིང་བོའི་བཤད་ལུང་།  དུས་འཁོར་སྡོམ་ཆེན་གྱི་དབང་སོགས་ཆོས་བཀའ་རྒྱ་ཆེར་གནང་བའི་སྐབས་འཇའ་གུར་ཟླུམ་པོ་ཤར་བ་དང་གསེར་གདུང་ཆེན་མོར་བདུད་རྩི་བབ་པ་སོགས་ལྟས་བཟང་དུ་མ་མངོན་དུ་གྱུར་ཏེ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ་སླར་ཡང་གནས་འདིར་ཕེབས་པ་ལྟ་བུ་ཞིག་མཛད་སྐབས།  རྗེ་འདི་ཉིད་སྐུ་ན་ཤིན་ཏུ་ཕྲ་ནའང་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་དངུལ་སྒོར་ཁ་ཤས་ཤིག་ཡོད་པ་ཕུལ་ནས་རྗེ་བཙུན་དམ་པ་དེ་ཉིད་ལ་རྒྱན་འཇུག་གི་ལུང་ཞུས་པར་ཐུགས་དགྱེས་བརྩེ་དཔེ་མེད་མ་མཛད་ནས་བཀའ་ཆོས་གསན་མཁན་འདུས་ཚོགས་དང་ལྷན་དུ་གནང་།  སན་ཁྲོན་ཡང་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་དགེ་འདུན་ཆོས་གྲགས་སོགས་ཀྱི་ཞབས་པད་ཚུལ་བཞིན་བསྟེན་ཏེ་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག སྐར་རྩིས་སོགས་ཐུན་མོང་གི་རིག་གནས་དག་ལའང་གསན་སྦྱོང་དཔྱིས་ཕྱིན་པར་མཛད། དགུང་ལོ་བཅུ་དྲུག་པ་སྟེ་སྤྱི་ལོ ༡༩༣༧ ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ནས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་བར་སྒྲོལ་མའི་བསྙེན་མཚམས་ལ་བཞུགས་པར་དངོས་དང་མཚན་ལམ་དུ་རྟགས་མཚན་ཁྱད་པར་བ་བྱུང་།   སྐྱབས་རྗེ་ཡང་ཀྱྭ་རིན་པོ་ཆེ་མཚེར་མོ་ཆེའི་རི་ཁྲོད་དུ་བཞུགས་པའི་དྲུང་དུ་ཕེབས་ཏེ་གསོལ་ཇ་བཞེས་པའི་བར་གསེང་དུ་སུམ་རྟགས་ཀྱི་འགྲོ་སྟངས་སྤྱི་དང་པྲ་ཏིའི་ཀུན་བཟང་དགོངས་རྒྱན་ཆུ་ཚོད་སྐར་མ་བཅོ་ལྔ་ཙམ་རེར་ཁྲིད་དེ་དཔེར་བརྗོད་དང་བཅས་སུམ་རྟགས་ཀྱི་གཞུང་ལ་ཞུན་ཐར་ལེགས་པར་བཅད།
           དགུང་ལོ་ཉི་ཤུ་བ་སྟེ་སྤྱི་ལོ ༡༩༤༡ ལོར་གནས་ལྔ་རིག་པའི་དབང་ཕྱུག་ཡུལ་མདོ་སྨད་ཀྱི་མ་ཧཱ་པཎྚིཏ་ཆེན་པོ༸རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་མཆོག་ཆོས་སྡེ་ཆེན་པོ་བྱ་ཁྱུང་ཐེག་ཆེན་གླིང་གི་གྲྭ་ཚང་ཆེན་མོ་གསུམ་དང་ལྷ་བཙུན་དགེ་འདུན་རབ་རྒྱས་བཅས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཕེབས་ཏེ་མཁན་པོ་སྒར་བའི་བླ་བྲང་དགའ་ལྡན་དཔལ་འབྱོར་གླིང་གི་གཟིམ་ཆུང་ཕུན་ཚོགས་འཁྱིལ་བར་ལྷོད་བཞུགས་ངོས་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཉིན་ནས་དབུ་བཙུགས་ཏེ་བླ་སྤྲུལ་ཆེ་ཕྲ་དང་འདུས་ཚོགས་ལ་འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ་གྱི་ལྗགས་ལུང་དང་། གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཁོང་དགེ་འདུན་ཆོས་གྲགས་ཀྱིས་སྔོན་ཞིག་ནས་གསོལ་བ་བཏབ་པ་ལྟར་འདུ་ཁང་ཆེན་མོར་ཚོགས་མང་ལ་ཉིན་བཅུ་བཞིའི་བར་འཕགས་པ་བརྒྱད་སྟོང་བ་དང་མདོན་རྟོགས་རྒྱན་སྦྱར་བའི་བཤད་ལུང་།  དཀའ་ཆེན་ཡེ་ཤེས་རྒྱལ་མཚན།  སྒེའུ་སྟེང་ཡོངས་འཛིན་རིན་པོ་ཆེའི་མཆན།  རྡོ་རྗེ་འཆང་ཉིད་ཀྱི་མཆན་གསུམ་དང་ལེགས་པར་སྦྲགས་ཏེ་གནང་བ་དང་། ཆོས་ཐུན་བདུན་ལ་གུང་ཐང་མཆན་དང་རྗེ་ཉིད་ཀྱི་བསྡུས་དོན་སྦྲགས་པའི་སྒོ་ནས་ལེགས་བཤད་སྙིང་བོའི་བཤད་ལུང་གཟབ་རྒྱས།   སྟ་གོན་སྔོན་དུ་བཏང་བའི་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་བཅས་བཀའ་དྲིན་དུ་སྩོལ་སྐབས་ལེགས་པར་གསན།   དེའི་ཕྱི་ལོར་ཡང་རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དཔལ་བཟང་བོ་མཆོག་བྱ་ཁྱུང་ཆོས་སྡེ་ཆེན་པོར་ཞབས་སོར་བཀོད་དེ་དབོ་ཟླའི་ཉེར་དགུ་ནས་འདུ་ཁང་ཆེན་མོའི་སྟེང་གི་ཚོམས་ཆེན་དུ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་སྨྲ་བའི་ཉི་མའི་བཀའ་འབུམ་གྱི་བཀླགས་ལུང་སྩོལ་བའི་དབུ་བཙུགས་ཤིང་།  ནག་ཟླའི་ཉ་ལ་ཁེལ་བར་བྱས་ཏེ་ལོ་སྔོན་མར་ཇི་ལྟར་གསོལ་བ་བཏབ་པ་ལྟར་སློབ་མ་རྗེས་འཛིན་དང་ས་ཆོག་སྔོན་དུ་བཏང་སྟེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བ་ཆོས་ཞུ་བ་སའི་རྡུལ་གྲངས་དང་མཉམ་པ་དེ་དག་དང་ལྷན་དུ་གསན་ཞིང་།   ཚེས་བཅུ་དགུ་ནས་ལྗགས་ལུང་གི་འཕྲོ་དང་བདེ་མཆོག་ལི་ཨཱུ་བའི་དབང་།  ཆོས་རྒྱལ་རྣམ་གསུམ་གྱི་རྗེས་གནང་སོགས་གནང་བ་ཆ་ཚང་བ་གསན། སྐབས་དེར་གངས་ཅན་འགྲོ་བའི་མགོན་པོ་སྣང་མཐའི་ཟློས་གར་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གདན་ས་ཆེན་པོ་བྱ་ཁྱུང་ཆོས་སྡེར་ཆིབས་བསྒྱུར་གནང་སྟེ་ས་ག་ཟླ་བའི་ཚེས་གསུམ་ཉིན་ཚོགས་ཆེན་འདུ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོ་གཙོ་བོར་གྱུར་པའི་དད་ལྡན་སེར་སྐྱ་བགྲང་ལས་འདས་པར་ལམ་གཙོའི་གཟབ་ཁྲིད་གནང་བ་གསན།   སྐྱབས་རྗེ་བེ་སི་རིན་པོ་ཆེར་ལམ་གཙོའི་ཁྲིད་དང་།  འཇམ་དབྱངས་དཀར་བོ།   དབྱངས་ཅན་མ་དཀར་མོའི་རྗེས་གནང་བཅས་ཞུས་པར་དགྱེས་བཞིན་གནང་།  དགུང་ལོ་ཉེར་གཉིས་པ་སྟེ་སྤྱི་ལོ ༡༩༤༣ ལོར་དབེན་གནས་མཐུ་བ་དགོན་དུ་ཞབས་འགྲོས་ཀྱིས་ཕེབས་ཏེ་གནས་ལྔ་རིག་པའི་དབང་ཕྱུག་བླ་མ་རིན་པོ་ཆེ་རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་བོའི་དྲང་ནས་སྙན་ངག་གི་མཛུབ་ཁྲིད་དཔེར་བརྗོད་དང་བཅས་གསན་སྦྱོང་ཞིབ་རྒྱ་གནང་། རྗེ་བཙུན་བླ་མ་དམ་པ་འདི་ཉིད་སྐུ་གཞོན་ནུའི་དུས་ནས་གསལ་ཟབ་མྱུར་གསུམ་གྱི་མཁྱེན་རབ་ལྷན་སྐྱེས་སུ་མངའ་བར་བརྟེན།   ཡོངས་འཛིན་བསྡུས་གྲྭ་དང་གྲུབ་དོན་ས་གསུམ།   འགྲེལ་བ་དོན་གསལ།   དྲང་ངེས་ལེགས་བཤད་སྙིང་བོ་སོགས་གཞུང་ཆེན་ཁག་ཐུགས་འཛིན་མཛད་ཅིང་རྩོད་པ་ལ་དཀའ་སྤྱད་དྲག་པོ་གནང་།    དགུང་ལོ་ཉེར་དྲུག་པ་སྟེ་སྤྱི་ལོ ༡༩༤༧ ལོར་གདན་ས་རང་དགོན་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་ཤིང་དཔར་གསར་བཞེངས་སྐབས་རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོར་ཞུས་དག་གནང་རྒྱུའི་གསོལ་འདེབས་ཞུས་པར་རྗེ་དེ་ཉིད་ནས་རྗེ་བཙུན་བླ་མ་དམ་པ་འདི་ཉིད་སྐུ་ན་གཞོན་ཡང་གང་ཅིའི་ཐད་ཡོན་ཏན་གྱི་རྩལ་རྫོགས་པར་གཟིགས་ནས་ཞུས་དག་གི་ཐུགས་འགན་གནང་བ་འབད་པ་ཆེན་པོས་ལེགས་པར་གྲུབ་པའི་ཚེ་རྡོ་རྗེ་འཆང་དེ་ཉིད་ཀྱིས་དགེ་བསྔོའི་སྨོན་ཚིག་གནང་བའི་ནང་། ནང་གི་མུན་པའི་དཔུང་རྣམས་བརྫི་བའི་བློ།  རིན་ཆེན་གསེར་གྱི་གར་བུ་ལྟར་བཟང་བོས།   བཤད་སྒྲུབ་རྒྱ་ཆེན་བགྱིད་པའི་རྟེན་འདི་ཡི།  །ཞུ་དག་ལས་ཀྱི་མཚོ་སྐྱེས་རྒྱན་དུ་ངོམ། །ཞེས་བསྔགས་བརྗོད་དང་སྨོན་ཚིག་ཟླ་མེད་པ་ཞིག་མཛད་དེ་གནང་། པར་གཞི་འདི་ལ་མ་ཕྱི་བྱས་ནས་མཚོ་སྔོན་མི་རིགས་དཔེ་ཁང་གིས་པར་དུ་སྐྲུན་སྐབས་ཀྱང་རྗེ་འདི་ཉིད་ཀྱིས་ཞུས་ཆེན་བགྱིས་ཏེ་བཀྲམས་པས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྒྱུགས་ཆེ་བ་བྱུང་བ་འདི་དག་ཡང་གཞོན་དུས་ནས་བྱང་ཆུབ་ལམ་གྱི་རིམ་པའི་བསྟན་པའི་བདག་པོར་བཞེངས་རྒྱུའི་བརྡ་མཚོན་རྨད་དུ་བྱུང་བ་ཞིག་ཡིན་པ་གོར་མ་ཆག་གོ །  དགུང་ལོ་ཉེར་བདུན་པ་སྟེ་སྤྱི་ལོ ༡༩༤༨ ལོར་བྱ་ཁྱུང་ཐེག་ཆེན་གླིང་གི་མཁན་པོ་སྒར་བར་རྗེ་འཇིགས་མེད་རིགས་པའི་བློ་གྲོས་དཔལ་བཟང་བོའི་ཞལ་སྔ་ནས། རྡོ་རྗེ་འཆང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་ལས་ཁྲིད་དང་བཤད་ལུང་། ལུང་རྐྱང་གི་རྒྱུན་གང་བཞུགས་དང་འཇིགས་མེད་དཔའ་བོ་གཅིག་པའི་དབང་གསན་པར་མཛད། འཛིན་གྲྭ་དབུ་མར་སླེབས་སྐབས། རྩ་འཇུག་གི་རྣམ་བཤད་གཉིས་ཀྱིས་གཙོས་དབུ་མའི་ཡིག་ཆ་ཁག་ལ་གནད་ཐོན་ཞིབ་གཟིགས་མཛད་དེ་དཀའ་གནད་འགའ་ཞིག་ཐུགས་ལ་མ་བདེ་བར་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་ཀ་རིང་ལུང་ཡོན་རི་ཁྲོད་དུ་བཞུགས་པའི་དྲུང་དུ་ཞབས་འགྲོས་ཀྱིས་ཕེབས་ཏེ་དྲི་བ་ཞུས་པ་རྣམས་ལ་ཐུགས་དགྱེས་པའ་ངང་དྲིས་ལན་མཐའ་དག་གསལ་བར་གནང་ནས་ཐུགས་དོགས་མ་ལུས་པ་སེལ་བར་མཛད།