ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

རྫོགས་པ་ཆེན་པོ་ཇི་ལྟར་དར་བ་རེད།

སྤེལ་དུས 2017-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀློང་ཆེན་ནམ་མཁའི་ནོར་བུ།

          ཡོངས་གྲགས་སུ།ལྷུན་གྲུབ་རྫོགས་པ་ཆེན་པོ་ནི།རྒྱལ་བ་ཆོས་ཀྱི་སྐུ་དཔལ་ཀུན་ཏུ་བཟང་པོས།ཉིད་ལས་མི་གཞན་པ་ལོངས་སྤྱོད་རྫོགས་པའི་འཁོར་རྣམས་ལ་དུས་བཞི་མཉམ་པ་ཉིད་དུ་དགོངས་པས་བརྒྱུད་ཅིང་།དེ་དག་གིས་དུས་སྐབས་མི་འདྲ་བ་སྣ་ཚོགས་ཀྱི་ནང་དུ་སྤྲུལ་པའི་འཁོར་རྣམས་ལ་བརྒྱུད་པ་སྟེ།དེ་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་སུ་གྲགས་པ་རྣམས་བྱོན་ཏེ་རིམ་པར་བསྟན་པའི་རྫོགས་ཆེན་གྱི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིར་བཞུགས་པ་དེ་དག་རེ་རེ་བཞིན་གནས་དུས་སྟོན་འཁོར་རྒྱུད་བཅས་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་བཤད་པ་རྒྱུད་སོ་སོའི་སྐབས་སུ་མཁྱེན་དགོས་ཀྱི་ཡོད་པ་རེད།  
          ང་ཚོས་ཤེས་ཚོད་ད་དུང་དངོས་ཡོད་ཀྱི་རྫོགས་པ་ཆེན་པོའི་བསྟན་པ་དང་།བསྟན་པའི་སྙིང་པོ་རྒྱུད་ལུང་མན་ངག་དང་བཅས་པ་འདི་དག་གི་འབྱུང་ཁུངས་ལ་མི་འདྲ་བ་གཉིས་ཡོད་པ་རེད།   ད་ནས་མི་ལོ་༣༠༠༠ཙམ་འདས་པའི་སྔོན།ཞང་ཞུང་གི་ཡུལ།གངས་ཆེན་ཏི་སི་དང་།མཚོ་མ་ཕམ་གྱི་མདུན།འོལ་མོ་ལུང་རིང་ཞེས་བྱ་བ་ན།སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་ཏེ།ལྷ་རབ་འོད་ཀྱི་སྲས་ཡོངས་སུ་དག་པ་སོགས་གདུལ་བྱ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ལ།ཞང་ཞུང་གི་སྐད་དུ། “ཨཱི་ཐི་ཀུ་ཡིག་ཁྲི་རྩི་ཨུ་པ་ཏན་ཏྲ་ཐད་དོ་ཅི།”བོད་སྐད་དུ།རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང་ཐིག་ལེ་ཉག་གཅིག་ཨེ་མ་ཧོ།ཞེས་བྱ་བའི་སྐོར་གྱི་རྫོགས་པ་ཆེན་པོ་ཚིག་ཉུང་ལ་དོན་འདུས་པ་ཞིག་གསུངས་པ་དེ་ཉིད་རིམ་པར་བརྒྱུད་པའི་བླ་རབས་ཉེར་ལྔ་པར།གྱེར་ཆེན་སྣང་བཞེར་ལོད་པོ་སྐུ་དངོས་བོད་ཡུལ་དབུས་སུ་བྱོན་ནས་དར་ཞིང་རྒྱས་པར་མཛད་པ།དེང་དུས་ཞང་ཞུང་སྙན་བརྒྱུད་དུ་གྲགས་པ་དང་།དེ་དང་འབྲེལ་བ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་གྱི་སྐོར་སོགས་ད་ལྟའི་བར་དུ་བཤད་སྒོམ་གྱི་བཀའ་སྲོལ་མ་ཉམས་པར་བཞུགས་པ་དེ་ག་རེད།  སངས་རྒྱས་ཀྱི་འདས་ལོ༢༧ནམ།ཡང་ན་དེ་ལས་ལྷག་ཙམ་པ་ན་ཨོ་རྒྱན་རྡ་ན་ཀོ་ཤའི་གླིང་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་བྱོན་ནས།སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་ལས་ཅན་གྱི་འཁོར་ཚོགས་རྣམས་ལ་ལྷུན་གྲུབ་རྫོགས་པ་ཆེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་དག་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པད་མ་སམ་བྷ་ཝ་དང་།རིག་འཛིན་བཱི་མ་ལ་མི་ཏྲ།ལོ་ཆེན་བཻ་རོ་ཙཱ་ན་སོགས་ཀྱིས་བོད་ཡུལ་དུ་སྤྱན་དྲངས་པ།རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་གཙོར་གྱུར་པ་སེམས་སྡེའི་རྒྱུད་ལུང་ཉེར་གཅིགད་ང་།ཀློང་ཆེན་རབ་འབྱམས་རྒྱལ་བུའི་རྒྱུད་གཙོར་གྱུར་པ་ཀློང་སྡེའི་རྒྱུད་ཆེན་བཅུ་དང་།སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཆེན་པོ་གཙོར་གྱུར་པ་མན་ངག་གི་རྒྱུད་བཅུ་བདུན་ཏེ་རྫོགས་པ་ཆེན་པོ་སྡེ་གསུམ་དང་།གཞན་ཡང་བཀའ་གཏེར་གྱི་རྒྱུད་ལུང་མན་ངག་རྒྱ་ཆེ་ལ་གྲངས་མང་བ་ད་ལྟའི་བར་དུ་བཤད་སྒོམ་གྱི་རྒྱུན་མ་ཉམས་པར་བཞུགས་པ་དེ་ག་རེད།ཚུལ་འདི་ཞིབ་པར་མཁྱེན་འདོད་པ་རྣམས་ནས་ཁོ་བོས་བྲིས་པ《རྫོགས་པ་ཆེན་པོའི་བསྟན་འབྱུང་》ལ་གཟིགས་ཞིབ་གནང་ན་གསལ་པོར་མཁྱེན་ཐུབ་པ་ཡོང་གི་རེད།རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་ཐམས་ཅད་ཀྱི་དོན་ཚང་ལ་མ་ནོར་བར་བསྟན་པའི་གཞུང་ནི།ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛད་པའི《མཛད་ཆེན་རྣམ་པ་བདུན》དང་།《རང་གྲོལ་སྐོར་གསུམ》《ངལ་གསོ་སྐོར་གསུམ》སོགས་སྔོན་བྱོན་རིག་འཛིན་དམ་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་རྒྱ་ཆེ་ལ་གྲངས་མང་བར་བཞུགས་ཤིང་།རང་རྒྱུད་དུ་ཉམས་སུ་བླང་བདེ་བར་སྙིང་པོའི་དོན་བསྡུས་པའི་གཞུང་ཡང་།རིག་འཛིན་འཇིགས་མེད་གླིང་པས་མཛད་པའི《ཁྲིད་ཡིག་ཡེ་ཤེས་བླ་མ》རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི《རྫོགས་ཆེན་རིག་འཛིན་ལུང་》འབྲུག་ཆེན་པདྨ་དཀར་པོས་མཛད་པའི《རྫོགས་ཆེན་པདྨའི་སྙིང་ཐིག》ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མཛད་འི《མཁའ་ལྡིང་གཤོག་རླབས》སོགས་མང་དུ་ཡོད་པ་རེད།།