ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

བཀའ་བསྟན་གྱི་པར་གཞི་ཁག་དང་བསྟན་འགྱུར་དཔེ་བསྡུར་མའི་སྐོར་གླེང་བ།

སྤེལ་དུས 2018-02-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་ཤེས་རིག རྩོམ་པ་པོ། གཅོད་པ་དོན་གྲུབ།
དང་པོ། བཀའ་བསྟན་སྤྱིའི་རྣམ་གཞག་མདོར་བསྡུས།
          བཀའ་བསྟན་ནམ་བཀའ་བསྟན་འགྱུར་ཞེས་པ་ནི་ནང་པ་སངས་རྒྱས་པའི་སྟོན་པ་ཤཱཀྱ་ཐུབ་པས་ལེགས་པར་གསུངས་པའི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའམ་དེའི་དགོངས་འགྲེལ་དུ་རྒྱ་གར་གྱི་ནང་པའི་པཎ་གྲུབ་རིམ་བྱོན་གྱིས་མཛད་པའི་བསྟན་བཅོས་རྣམས་རང་རེའི་བོད་གངས་ཅན་པའི་སྐད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་གླེགས་བམ་མང་དུ་བཀོད་པའི་དཔེ་ཚོགས་རྒྱ་ཆེན་པོ་བཞུགས་པ་དེ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་རང་རེའི་སྐད་དུ་གྲགས་པ་ཡིན་ལ། ཡང་ན་ནང་པའི་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་དང་དེའི་རྗེས་འཇུག་རྒྱ་གར་མཁས་གྲུབ་རྣམས་ཀྱིས་མཛད་པའི་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་རིག་གནས་སྐོར་བཅས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་ཟིན་ཡོད་པའི་གསུང་རབ་སྤྱིའི་མིང་དུ་གོ་བ་ཡིན།  
          བཀའ་འགྱུར་བཞུགས་སོ་ཅོག་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་དངོས་ཀྱི་ཞལ་ནས་གསུངས་པ་དང་དུས་གཅིག་ཏུ་གྲུབ་པ་ཁོ་ན་ཞིག་མ་ཡིན་ཏེ། ཡོངས་གྲགས་ལྟར་བཀའ་ལ་ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ་བཅས་གསུམ་དུ་དབྱེ་འདུག་པ་དང་། དུས་ཀྱི་ཐད་ནས་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ད་གཟོད་བཀའ་བསྡུ་མཛད་པ་ཡིན། བཀའ་བསྡུའང་ལན་གསུམ་དུ་མཛད་ཅིང་བཀའ་བསྡུ་རེའི་བར་ལ་ལོ་ངོ་བརྒྱ་ཕྲག་སྟག་རེ་སོང་བ་ལྟར་བཀའ་ཡོད་ཚད་དུས་གཅིག་ཏུ་བསྡུས་པ་མིན།  
          བསྟན་བཅོས་ནི་གཙོ་བོར་རྒྱ་གར་གྱི་ནང་པའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་བཀའ་སྤྱིའི་དགོངས་འགྲེལ་དང་སོ་སོའི་དགོངས་འགྲེལ་དེ་བཞིན་གནའ་བོའི་རྒྱ་གར་གྱི་ཐུན་མོང་རིག་གནས་སྐོར་བཅས་ལ་གོ་བ་ཡིན། བཀའ་དང་བསྟན་བཅོས་གཉིས་ལ་སྔོན་བྱོན་མཁས་པ་རྣམས་ཀྱིས་མཚན་ཉིད་དང་སྒྲ་དོན་དབྱེ་བ་བཅས་སོ་སོར་རྒྱས་པར་གསུངས་ཡོད་པ་ལས། བཀའི་མཚན་ཉིད་ལ་བརྗོད་བྱ་དོན་ལྡན་གྱི་ཆོས་དང་འབྲེལ་ཞིང་། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བ་མྱང་འདས་ཀྱི་ཕན་ཡོན་སྟོན་པ། རང་གི་བདག་རྐྱེན་སངས་རྒྱས་ལ་བརྟེན་ནས་བྱུང་བའི་གསུང་རབ་ཅེས་བཞག་ཡོད་ཅིང་། སྒྲ་དོན་ནི་ས་སྐྲྀ་ཏའམ་ལེགས་སྦྱར་གྱི་སྐད་དོད་ལ་སུ་བྷཱ་ཥྀ་ཏ་ཞེས་བྱ་སྟེ། སུ་བྱ་བ་དོན་ལྔ་ལ་འཇུག་པ་ལས་འདིར་ལེགས་པའི་དོན་དང་བྷཱ་ཥྀ་ཏ་བྱ་བ་གསུངས་པའི་དོན་ལ་འཇུག་པས་ན་ལེགས་པར་གསུངས་པ་ཞེས་གྲུབ། བོད་སྔ་རབས་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་བླ་ན་མེད་པའི་ཆ་ནས་རྒྱལ་བའི་བཀའ་ཞེས་རང་སྐད་ཀྱི་བླ་མེད་ཞེ་ཚིག་སྦྱར་ཏེ་བརྗོད་པ་ཡིན།  
          བསྟན་བཅོས་ཀྱི་མཚན་ཉིད་ལ་སྔོན་བྱོན་མཁས་པ་དག་གིས་རྒྱ་གཞུང་གི་གོ་དོན་ལྟར། རྩོམ་པ་བ་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཀའི་དོན་བཤད་ཅིང་ཐར་པ་ཐོབ་པའི་ལམ་དང་རྗེས་སུ་མཐུན་པ་ཞིག་ལ་བསྟན་བཅོས་ཞེས་བཞག་པ་དང་། སྒྲ་དོན་ནི་ལེགས་སྦྱར་སྐད་དུ་ཤཱ་སྟཱ་ལ་ཞེས་པ་ཤཱ་ས་ན་ཞེས་པ་འཆོས་པ་སྟེ། རྒྱུ་ཉོན་མོངས་དུག་གསུམ་ལས་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། ཏཱ་ཡིའམ་ཏ་ར་ན་ཞེས་པ་སྐྱོབ་པ་སྟེ་འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་ལ་བསྟན་བཅོས་ཞེས་བྱའོ ། ། 
          བཀའ་བསྟན་འགྱུར་ཞེས་པ་ནི་རང་རེའི་བོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་བསྟན་བཅོས་བཞུགས་སོ་ཅོག་བོད་རང་སྐད་དུ་འགྱུར་ཡོད་པ་རྣམས་ཀྱི་མཚན་དུ་བཏགས་པ་མ་གཏོགས། རྒྱ་རིགས་སོགས་མི་རིགས་གཞན་པའི་སྐད་དུ་སྡེ་སྣོད་གསུམ་(三藏)མམ་སྡེ་སྣོད་ཆེན་པོ་(大藏经)ཞེས་འབོད། སྡེ་སྣོད་ཅེས་པ་ལེགས་སྦྱར་སྐད་དུ་པི་ཊ་ཀ་ཞེས་འབྱུང་། བོད་ཀྱི་མཁས་པ་རྣམས་ཀྱིས་སྣོད་ཅེས་པ་གང་བུ་དང་བྲེ་བོ་ཆེ་ལ་འཇུག་ཕྱིར་བྲེ་བོ་ཆེའི་ནང་དུ་བྲེ་ཆུང་མང་པོ་འདུས་པ་བཞིན་དུ་སྡེ་སྣོད་ཀྱི་ནང་དུ་བརྗོད་པ་བསླབ་པ་མང་པོ་འདུས་པས་ན་དེ་སྐད་བརྗོད་པར་གསུངས་མོད། ཡང་སྔོན་དུས་འཕགས་ཡུལ་དུ་མདོ་འདུལ་མངོན་གསུམ་གྱི་གཞུང་རྣམས་ཏ་ལའི་ལོ་མར་བྲིས་ནས་སྣོད་དུ་འཇོག་པའི་སྲོལ་ཡོད་པ་ལས་གསུང་རབ་ལ་སྡེ་སྣོད་ཅེས་གྲགས་ཀྱང་ཟེར་རོ།།       འཛམ་གླིང་ཐོག་ནང་པའི་བསྟན་པ་རྒྱལ་ཁབ་དང་མི་རིགས་མང་པོའི་སྐད་དུ་བཞུགས་ཡོད་པ་ལས་ལེགས་སྦྱར་སྐད་ཕུད།  གཙོ་ཆེ་བ་ནི་བསྟན་པ་ལྷོ་ཕྱོགས་སུ་དར་བའི་པྲ་ཀྲྀ་ཏའི་སྐད་ཀྱི་སྡེ་སྣོད་གསུམ་དུ་བཏགས་པ་ཐེག་དམན་གྱི་བཀའ་བསྟན་དང་། བསྟན་པ་ཤར་ཕྱོགས་སུ་རང་རྒྱལ་རྒྱ་རིགས་ས་ཁུལ་དུ་དར་བའི་སྡེ་སྣོད་ཆེན་པོ་ཞེས་རྒྱ་ཡིག་གི་བཀལབསྟན་དང་། བསྟན་པ་བྱང་ཕྱོགས་སུ་དར་བའི་རང་རེའི་བོད་པའི་སྐད་ཡིག་གི་བཀའ་བསྟན་བཞུགས་པ་འདི་གསུམ་ཡིན་པར་འདུག །གཞན་གནའ་རྫས་སྔོག་འདོན་ལས་བྱུང་བའི་མི་ཉག་སྐད་ཀྱི་གསུང་རབ་དང་། རྒྱ་ཡིག་ལས་བསྒྱུར་ཅིང་བརྒྱུད་པ་འཇར་པན་སྐད་ཀྱི་བཀའ་བསྟན་དང་། བོད་སྐད་ལས་བསྒྱུར་ཅིང་བརྒྱུད་པ་སོག་ཡིག་གི་བཀའ་བསྟན་དང་མན་ཇུའི་སྐད་ཀྱི་བཀའ་བསྟན་འགྱུར་སོགས་ཀྱང་བཞུགས་སོ། །   
          སངས་རྒྱས་ཀྱི་བསྟན་པ་དང་དམ་པའི་ཆོས་བྱུང་ཚུལ་ལ་ནང་པའི་གྲུབ་མཐའ་ཆེ་ཆུང་བར་བཞེད་པ་མི་མཐུན་ཏེ། ཐེག་དམན་པ་དག་གིས་སྟོན་པས་བདེན་བཞིའི་ཆོས་འཁོར་མ་གཏོགས་བསྐོར་མེད་པས་གསུང་རབ་ཀྱང་མདོ་དང་ལུང་སྡེ་བཞི་འདུལ་བ་སོགས་སྡེ་སྣོད་གསུམ་གའི་ཆོས་ཁོ་ན་མ་གཏོགས་ཡོད་པར་མི་བཞེད། ཐེག་ཆེན་པས་སྟོན་པས་བཀའི་ཆོས་འཁོར་ཐོག་མཐའ་བར་གསུམ་གྱི་རིམ་པ་སོ་སོར་བསྐོར་བར་བཞེད། གསང་སྔགས་རྡོ་རྗེ་ཐེག་པས་བཀའི་ཆོས་འཁོར་རིམ་པ་གསུམ་དུ་བསྐོར་བར་མ་ཟད། ད་དུང་སྤྲུལ་ལོངས་ཆོས་གསུམ་གྱི་སྐུའི་ཚུལ་གྱིས་རྒྱུད་སྡེ་བཞིའི་ཆོས་རྣམས་མ་ལུས་པར་གསུངས་པར་བཞེད་དོ། །  
          རྒྱལ་བའི་གསུང་རབ་དེ་དག་བཀའ་བསྡུ་བྱེད་ཚུལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་དབྱེ་བ་ལས། དང་པོ་ཐུན་མོང་གི་བཀའ་བསྡུ་གསུམ་མཛད་ཚུལ་ནི། ཡོངས་གྲགས་ལྟར་བཀའ་བསྡུ་དང་པོ་ནི་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་དེ་འོད་སྲུང་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ། གནས་རྒྱལ་པོའི་ཁབ་ཏུ་ཀུན་དགའ་བོས་མདོ་སྡེ་དང་ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པ་བཅས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་ནས་བཀའ་བསྡུ་མཛད་པར་གྲགས། བཀའ་བསྡུ་གཉིས་པ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བའི་དུས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡོན་སྦྱར་ཏེ་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱ་འདུས་ཏེ་ཡུལ་ཡངས་པ་ཅན་དུ་མི་རུང་བའི་གཞི་བཅུ་སུན་ཕྱུང་བའི་སྒོ་ནས་སྡེ་སྣོད་གསུམ་ཚར་གཅིག་ལེགས་པར་བཏོན་ཏེ་བཀའ་བསྡུ་མཛད་པར་གྲགས། བཀའ་བསྡུ་གསུམ་པ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་སོང་བའི་དུས་སུ་ཡུལ་གྲོང་ཁྱེར་མེ་ཏོག་གིས་བརྒྱན་བྱ་བར་རྒྱལ་པོ་དགའ་བས་སྦྱིན་བདག་མཛད་དེ་དགྲ་བཅོམ་པ་སེང་གེ་སོགས་ལྔ་བརྒྱ་དང་སྡེ་སྣོད་འཛིན་པ་ལྔ་སྟོང་འདུས་ནས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ཐམས་ཅད་བཀར་སྒྲུབ་ཅིང་། འདུལ་བའི་ཚོགས་ཡི་གེར་བཀོད་དེ་སྡེ་སྣོད་གསུམ་གླེགས་བམ་དུ་བྲིས་ནས་བཀའ་བསྡུ་མཛད①པར་གྲགས་སོ། །  
          ཐུན་མོང་མ་ཡིན་པའི་བཀའ་བསྡུ་མཛད་ཚུལ་ནི། དང་པོ་རྒྱལ་པོའི་ཁབ་ཀྱི་ལྷོའི་ཕྱོགས་བི་མ་ལ་སྭ་བྷཱ་ཝ་ཞེས་པའི་རི་ལ། རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ་འཇམ་དཔལ་གྱིས་མངོན་པ། བྱམས་པས་འདུལ་བ། ཀུན་ཏུ་བཟང་པོས་མདོ་སྡེ་བཅས་བསྡུས་པར་གསུངས་པ་དང་། གཉིས་པ་ནི་རྒྱུད་སྡེ་བཞི་པོའང་གཙོ་བོ་ཕྱག་ན་རྡོ་རྗེ་དང་ཀུན་ཏུ་བཟང་པོ་སོགས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྡུས་པར་མཛད་པ་ཡིན་ཟེར།  
          གོང་སྨྲས་བཞིན་སངས་རྒྱས་ཀྱི་གསུང་རབ་བཞུགས་སོ་ཅོག་ནི་དུས་གཅིག་དང་རྣམ་པ་གཅིག་ཏུ་བྱུང་བ་མ་ཡིན་ཏེ། སྟོན་པ་མྱ་ངན་ལས་འདས་རྗེས་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ཉེ་སྲས་ཉན་ཐོས་དང་དགྲ་བཅོམ་པ་དག་གིས་བཀའ་བསྡུ་མཛད་པ་དང་། རིམ་གྱིས་རྒྱན་དྲུག་མཆོག་གཉིས་ཀྱིས་གཙོས་པའི་པཎ་གྲུབ་རྣམས་ཀྱིས་བཀའ་མདོ་རྒྱུད་ཀྱི་དགོངས་འགྲེལ་དང་ཞར་བྱུང་ཐུན་མོང་རིག་གནས་སྐོར་གྱི་བསྟན་བཅོས་མང་དུ་མཛད་དེ། རྒྱ་གར་ཡུལ་དུ་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་སྤེལ་ལ་དམ་པའི་ཆོས་ཀྱི་རྣམ་གྲངས་ཇེ་མང་ཇེ་རྒྱས་སུ་བཏང་བས་ནང་དོན་ཕུན་སུམ་ཚོགས་པར་གྱུར། དེ་མཚུངས་ནང་པའི་བསྟན་པ་རྒྱ་གར་ཡུལ་མ་ཟད། ཤར་ལྷོའི་རྒྱལ་ཁབ་ཁག་དང་རང་རྒྱལ་གྱི་རྒྱ་བོད་སོགས་ཀྱི་ས་ཁུལ་དུ་རིམ་གྱིས་དར་རྒྱས་ཕྱིན་ནས་བཀའ་དང་བསྟན་བཅོས་རྣམས་རང་རང་གི་སྐད་དུ་བསྒྱུར་བར་མཛད་པས་ནང་པའི་བསྟན་པ་དང་འཛམ་གླིང་ཆོས་ལུགས་སུ་འགྱུར་བའི་རྨང་གཞི་གྲུབ་པ་ཡིན།
གཉིས་པ།  བཀའ་བསྟན་སྒྱུར་སྒྲིག་གི་གོ་རིམ་དང་བྲིས་མའི་དཔེ་རྒྱུན་བྱུང་ཚུལ།
(གཅིག)བཀའ་བསྟན་སྒྱུར་སྒྲིག་གི་གོ་རིམ།
          སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་བྱུང་བ་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་སྐབས་གཉིས་སུ་དབྱེ་བ་ལས།   བསྟན་པ་སྔ་དར་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམ་པའི་ཆོས་ཀྱི་སྲོལ་ཕྱེ་སྟེ་བོད་ཀྱ་ལོ་ཙྭ་བ་དང་པོ་ནས་ཐོན་མིས་གོང་དུ་དྲངས་པའི་ཆོས་སྣ་དུ་མ་ཐོག་མར་བོད་སྐད་དུ་བསྒྱུར།   དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་བཟུང་རྒྱལ་བའི་གསུང་རབ་མང་པོ་བོད་སྐད་དུ་བསྒྱུར་བ་དང་ཆབས་ཅིག་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་སྤྱན་དྲངས་ཏེ།   བོད་དབུས་སུ་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་སད་མི་མི་བདུན་རབ་ཏུ་བྱུང་བར་མཛད་ནས་བོད་ཡུལ་དུ་དགེ་འདུན་གྱི་སྡེ་ཐོག་མར་བཙུགས།   མཁན་ཆེན་གྱིས་འདུལ་བ་དང་དབུ་མ་སྤེལ་ཞིང་དབུ་མ་རྒྱན་དང་བྱ་རྒྱུད་སྐོར་གྱི་བསྟན་བཅོས་མཛད།    སློབ་དཔོན་གྱིས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཡོ་ག་གསུམ་སྤེལ་ཅིང་ཟབ་ཆོས་མང་པོ་མཛད་པ་གཏེར་དུ་སྦས་པར་གྲགས།  དེ་མཚུངས་སུ་རྒྱལ་བའི་བཀའ་དང་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བའི་ཆེད་གཉེར་ལས་ཁུངས་བརྡ་སྦྱོར་དང་སྒྲ་སྒྱུར་གླིང་བཏབ་པ་བཅས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་གྱི་ཡུལ་དུ་གཞི་རྐང་ཚུགས་པར་མཛད་དོ། །
          རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་སྤེལ་ཆེད་ཉི་འོག་གི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེན་དྲ་བོ་དྷི། ཤྲི་ལེནྡྲ་བོ་དྷི་བཅས་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཆོས་ཀྱི་སྙིང་པོ། རྩངས་ལྷའི་དབང་པོ། དཔལ་གྱི་ལྷུན་པོ་སོགས་ཀྱིས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་དུ་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་བརྒྱད་ལ་ཚིག་རྐང་རེ་རེ། དེ་བཞི་ལ་ཤོ་ལོ་ཀ་གཅིག །ཤོ་ལོ་ཀ་སུམ་བརྒྱ་ལོངས་པ་བམ་པོའི་ཚད་དུ་བྱས་ཏེ། གྲངས་དེས་གཞལ་བའི་ཐེམ་བྱང་ངམ་དཀར་ཆག་མ་འཁྲུལ་བ་ཆོས་ཚན་འདི་དང་འདི་ལ་གྲངས་འདི་དང་འདིའོ་ཞེས་བཀོད་པ་ལ་《དཀར་ཆག་འཕང་ཐང་མ་》ཞེས་གྲགས། དཀར་ཆག་འདི་ཉིད་བོད་གངས་ཅན་དུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མ་ཡིན་པར་བཤད། དེ་ནས་སླར་ཡང་ཕོ་བྲང་མཆིམས་ཕུ་ན་བཞུགས་པའི་གསུང་རབ་ཡོད་ཚད་ཕྱོགས་གཅིག་ཏུ་བསྡུས་པ་ཡི་གེར་བཀོད་པ་《དཀར་ཆག་མཆིམས་ཕུ་མ་》ཟེར་བ་བྱུང་། དེའི་རྗེས་སུ་ལོ་ཙཱ་བ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོ་བསྲུངས་པ་སོགས་ཀྱིས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་གསུང་རབ་རྣམས་ཞུས་ཆེན་མཛད་ཟིན་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་དཀར་ཆག་མཛད་པ་ལ་《དཀར་ཆག་ལྡན་དཀར་མ་》ཞེས་གྲགས་པ་བྱུང་བ་ཡིན། འདི་རྣམས་བསྟན་པ་སྔ་དར་སྐབས་ཀྱི་དཀར་ཆག་ཆེན་པོ་གསུམ་དུ་ངེས་ཤིང་། དེ་གསུམ་ལས་འཕང་ཐང་མ་དང་མཆིམས་ཕུ་མ་གཉིས་ད་ལྟ་ལུས་མེད་ལ། ལྡན་དཀར་མ་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་དེའོ། །བོད་ཀྱི་ལོ་རྒྱུས་རྣམས་སུ་དཀར་ཆག་འདི་གསུམ་གའི་སྔ་ཕྱི་གོ་རིམ་འཁོད་ཚུལ་མི་མཐུན་པ་①ཡོད་ཀྱང་ཁོ་བོས་བསམས་ན་སྔ་མ་གཉིས་ཀྱི་རྨང་གཞིའི་སྟེང་ལྡན་དཀར་མ་བྱུང་བ་དཀར་ཆག་   ཚད་ལྡན་དུ་མཛད་ནས་བསྟན་འགྱུར་ཁྲོད་དུ་བཞུགས་པ་ཨེ་ཡིན་སྙམ་མོ། །ཡང་མཁས་པ་ལ་ལས་མཆིམས་ཕུ་མ་ཟེར་རྒྱུ་མེད་ཅེས་དཔྱད་བརྗོད་གནང་ཡོད་མོད། མཁས་དབང་བུ་སྟོན་རིན་པོ་ཆེས་ཁོང་གི་ཆོས་འབྱུང་དུ་དཀར་ཆག་གསུམ་ག་དྲངས་ཡོད་①པས། མཆིམས་ཕུ་མ་ཞུ་བ་བཞུགས་ཡོད་པར་མངོན་ནོ །  
          བཙན་པོ་དེ་ཉིད་ཀྱིས་ད་དུང་སངས་རྒྱས་ཀྱི་གསུང་རབ་མང་དུ་བསྒྱུར་བ་རྣམས་འགྱུར་རྣམ་དག་ཡོང་ཕྱིར་རྒྱ་གར་གྱི་སློབ་དཔོན་དང་། པཎྚི་ཏ། བོད་ཀྱི་ལོ་ཙཱ་བ་བཅས་མང་པོ་གདན་དྲངས་ཏེ། སྔོན་བཙན་པོ་ཡབ་མེས་ཀྱི་སྐུ་རིང་ལ་བསྒྱུར་བའི་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་ལ་ཞིབ་འཇུག་ཞུས་ཆེན་ནན་ཏན་བྱས་པ་དང་འབྲེལ། འགྱུར་ཡིག་རྣམས་དག་བཅོས་དང་གཞུང་ཚད་གྲངས་ངེས་པ་བྱས་ཐོག །མདོ་རྒྱུད་ཀྱི་གཞུང་རྣམས་ཇི་ལྟར་བསྒྱུར་དགོས་པའི་ཚུལ་ལེགས་སྦྱར་གྱི་སྒྲ་གཞུང་དང་བོད་རང་སྐད་གཉིས་ཆར་མཐུན་ཞིང་། གོ་བདེ་བ་བཅས་ཀྱི་ཆེད་དུ་སྒྲ་རིག་པའི་བསྟན་བཅོས་《སྒྲ་སྒྱུར་བམ་གཉིས་མ་》ཞེས་པ་དང་། སྔ་འགྱུར་མདོ་རྒྱུད་ཀྱི་གཞུང་ནང་གི་ཆོས་སྐད་རྒྱ་གར་སྐད་ལས་བོད་སྐད་དུ་བསྒྱུར་བ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ཚིག་མཛོད་སྐད་གཉིས་ཤན་སྦྱར་མ་《སྒྲ་བྱེ་བྲག་རྟོག་བྱེད་ཆེན་མོ་》ཞེས་པ་གཉིས་བཙན་པོའི་བཀས་བཅད་ཀྱིས་གཏན་ཕབ་གནང་སྟེ་ཁྱབ་བསྒྲགས་མཛད་པར་བརྟེན། དུས་ཕྱིས་བར་བོད་ཀྱི་ལོ་ཙཱ་བ་དང་བཀའ་བསྟན་སྒྱུར་སྒྲིག་མཛད་མཁན་རྣམས་ཀྱིས་ཀྱང་མཐོང་ཆེན་བྱས་ནས་དེ་གཉིས་པོ་བསྟན་འགྱུར་ཁྲོད་དུ་བསྡུས་ཡོད་པ་རེད། བསྟན་པ་སྔ་དར་གྱི་ལོ་ངོ་ཉིས་བརྒྱ་སྟག་གི་རིང་ལོ་ཙཱ་བ་ཐོན་མི་ས་བྷོ་ཊ་ནས་ནམ་མཁའ་སྐྱོང་གི་བར་བོད་རང་གི་ལོ་ཙཱ་བ་མཁས་ཆེན་ལྔ་བཅུ་ང་གཅིག་བྱོན་པ་དང་། དེ་དག་གིས་བསྒྱུར་བའི་མདོ་རྒྱུད་ཆོས་ཚན་བདུན་བརྒྱ་སྟག་གོང་གསལ་《དཀར་ཆག་ལྡན་དཀར་མ་》རུ་བཞུགས་ཤིང་། གསང་སྔགས་ནང་གི་རྒྱུད་སྡེ་ཟབ་མོ་རྣམས་གསང་ནས་སྤྱོད་པ་ཉིད་ཡོད་པའི་ཕྱིར་དཀར་ཆག་བཀོད་སྐབས་ཡོངས་གྲགས་སུ་ཐེམ་བྱང་དུ་མ་བཏབ་པར་གསུངས་གོ།   
 (གཉིས།) བཀའ་བསྟན་གྱི་བྲིས་རྒྱུན་སྣ་ཚོགས་བྱུང་ཚུལ།
          བསྟན་པ་ཕྱི་དར་གྱི་དུས་སུ་སྔར་གྱི་མདོ་རྒྱུད་བསྒྱུར་ཟིན་པ་རྣམས་ཕལ་ཆེར་བཞུགས་པའི་སྟེང་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་གཙོས་པའི་ལོ་པཎ་རིམ་བྱོན་རྣམས་ཀྱིས་མདོ་རྒྱུད་མང་དུ་བསྒྱུར་ཅིང་བསྣན་པར་མཛད་པ་ཡིན་འདུག་ལ། འོན་ཏེ་རེ་ཞིག་ཕྱོགས་གཅིག་ཏུ་བསྡུས་ནས་དཀར་ཆག་བཀོད་པ་མ་བྱུང་བས་རང་རང་གི་སར་རྟེན་དང་གཙུག་ལག་ཁང་བཅས་སུ་ཁ་འཐོར་གྱི་ཚུལ་དུ་བཞུགས།  
          རབ་བྱུང་ལྔ་པའི་ཆུ་བྱི་(སྤྱི་ལོ་1312)ལོར་སྣར་ཐང་གི་དགེ་བཤེས་མཁས་པ་འཇམ་སྒེག་①པཀྴི་ཞུ་བ་ཡོན་གོང་མའི་དབུ་བླར་གདན་དྲངས། ཁོང་ནང་སར་ཕེབས་ནས་རང་གི་བླ་མ་མཁས་དབང་བཅོམ་ལྡན་རིག་པའི་རལ་གྲི་ལ་རྒྱའི་སྣག་ཚ་དང་ཤོག་བུ་སྨྱུ་གུ་སོགས་མང་དུ་བསྐུར་བྱུང་བར་བརྟེན། བཅོམ་ལྡན་རིག་རལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས། ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོང་བྱང་ཆུབ་འབུམ་བཅས་ཀྱིས་དབུས་གཙང་གི་གཙུག་ལག་ཁང་དང་མངའ་རིས་བཅས་སུ་བཞུགས་པའི་བཀའ་བསྟན་འགྱུར་གྱི་མ་དཔེ་ཡོད་ཚད་ཕྱོགས་བསྡུས་དང་ཞུས་དག་གནང་ནས་གོ་རིམ་བསྒྲིགས་ཏེ། བཅོམ་ལྡན་རིག་པའི་རལ་གྲི་ཉིད་ནས་བཀའ་བསྟན་གྱི་དཀར་ཆག་དང་། བཀའ་འགྱུར་དཀར་ཆག་བསྡུས་པ་བཅས་①མཛད། ཁོང་དང་འཇམ་སྒེག་པཀྴིས་གཉིས་ཀའི་སློབ་མ་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་ཀྱང་བཀའ་བསྟན་གཉིས་ཀའི་དཀར་ཆག་བསྡུས་པ་ཞིག་བརྩམས་པར་བཤད། འཇམ་སྒེག་པཀྴིས་སླར་ཡང་སོག་ཡུལ་ནས་སྣག་ཚ་དང་ཤོག་བུ་སོགས་ཀྱི་མཐུན་རྐྱེན་གང་དགོས་སྦྱར་ནས། གོང་གསལ་དཀར་ཆག་བཀོད་པ་ལྟར་གྱི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཞིག་སྣག་བྲིས་བྱས་ནས་དཔལ་སྣར་ཐང་གཙུག་ལག་ཁང་དུ་བཞུགས་པ་ནི་བཀའ་བསྟན་ཆ་ཚང་བསྒྲིགས་པའི་ཐོག་མ་ཡིན་པར་བཤད། བཀའ་བསྟན་ཆ་ཚང་སྣག་བྲིས་སུ་དཔལ་སྣར་ཐང་དུ་བཞེངས་པ་ནས་བཟུང་རིམ་གྱིས་བོད་ཡུལ་དུ་བཀའ་བསྟན་བྲིས་བཞེངས་ཀྱི་སྲོལ་རྒྱ་ཆེར་དར་བ་བྱུང་། སྒོས་སུ་སྔོན་རྒྱལ་བློན་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་ལུང་དགོངས་འགྲེལ་དྲི་མ་མེད་པ་བཅས་པའི་གླེགས་བམ་གྱི་ཚོགས་བགྲང་གིས་མི་ལང་བ་མང་པོ་ཐུགས་དམ་གྱི་རྟེན་དུ་བཞེངས་ཏེ་མཆོད་ཅིང་བརྗོད་པ་དང་། ཉན་པ་དང་བཤད་པ་ལ་སོགས་པའི་སྲོལ་བཟང་པོ་ནམ་ཡང་བསུབ་ཏུ་མེད་པར་བཙུགས་ཡོད་པར་བརྟེན། ཕྱིས་བྱོན་ས་སྐྱོང་དང་མི་དབང་སྟོབས་འབྱོར་ལྡན་པའམ་སྐུ་དྲག་དང་བླ་དཔོན་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་རིན་པོ་ཆེ་བྲིས་བཞེངས་ཀྱི་རྒྱུན་མ་ཉམས་པར་བསྐྱངས། གནའ་དུས་བོད་ཁམས་སུ་ཡུལ་གྲུ་སོ་སོར་བཀའ་བསྟན་བྲིས་བཞེངས་མང་པོ་བྱུང་ཡོད་པ་ལས་གྲགས་ཆེ་བ་འགའ་ནི། མིའི་དབང་པོ་ཚལ་པ་ཀུན་དགའ་རྡོ་རྗེས་མཁས་དབང་བུ་སྟོན་རིན་ཆེན་གྲུབ་གདན་དྲངས་ཏེ་སྣར་ཐང་བཀའ་འགྱུར་མ་ཕྱི་གཙོ་བོ་བྱས་ཐོག་ཞིབ་བསྡུར་ཞུས་ཆེན་མཛད་དེ། གསེར་དངུལ་འདྲེས་མའི་བཀའ་འགྱུར་ཆ་ཚང་ཞིག་བྲིས་བཞེངས་བྱས་ནས་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞུགས་པ་ལ་ཚལ་པ་བཀའ་འགྱུར་ཞེས་གྲགས་ཤིང་ཚལ་པ་ཀུན་རྡོར་ཁོང་ཉིད་ཀྱིས་དཀར་ཆག་①ཀྱང་མཛད། དུས་ཕྱིས་གསེར་བྲིས་དེ་ཉིད་ལ་གཞོན་ཚུལ་ཤཱཀྱ་རྒྱལ་མཚན་དང་། འགོས་ལོ་གཞོན་ནུ་དཔལ། ཞྭ་དམར་བཞི་པ་སྤྱན་སྔ་ཆོས་གྲགས་དང་ཀརྨ་བདུན་པ་ཆོས་གྲགས་རྒྱ་མཚོ། ཀརྨ་བརྒྱད་པ་མི་བསྐྱོད་རྡོ་རྗེ་སོགས་མཁས་པ་མང་པོས་ལེགས་པར་བརྟགས་ཤིང་དཔྱད་ནས་ཞུས་ཆེན་གྱིས་མཆན་བུ་བཏབ་སྟེ། སྐབས་དེར་བོད་ཡུལ་དུ་འགྲན་ཟླ་མེད་པའི་ཁུངས་ཐུབ་ཀྱི་ཕྱི་མོ་དམ་པར་མཛད་དེ་འཕྱིང་བ་སྟག་རྩེའི་ཕོ་བྲང་དུ་བཞུགས། དེ་ལ་མ་དཔེ་བྱས་ཏེ་རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བཞེངས་ཤིང་ལོ་ཆེན་ཐུགས་རྗེ་དཔལ་གྱིས་ཞུས་ཆེན་མཛད་པ་སྐད་གྲགས་ཅན་གྱི་《རྒྱལ་རྩེའི་ཐེམ་སྤང་མ་》ཞེས་པ་བྱུང་། དེ་ལ་ཕྱི་མོ་བྱས་པ་རྒྱལ་དབང་ལྔ་པ་ཆེན་པོའི་བཀའ་འབྲེལ་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་དཔལ་ཐང་པོ་ཆེའི་གཙུག་ལག་ཁང་དུ་བཞེངས་པའི་བཀའ་འགྱུར་སྐྱ་པོད་ཤིན་ཏུ་དངོས་གཙང་མདོ་སྟོད་ལྷོ་རྫོང་དུ་བཞུགས་པ་ཐང་པོ་ཆེའི་བཀའ་འགྱུར་བཅས་མང་དུ་འཕེལ། དེ་ནས་ཞྭ་ལུ་ཀུན་དགའ་དོན་གྲུབ་ཀྱིས་སྦྱིན་བདག་མཛད་དེ་བཞེངས་པ་བུ་སྟོན་རིན་པོ་ཆེས་ཞུས་ཆེན་མཛད་ཅིང་དཀར་ཆག་②བཀོད་ཡོད་པའི་ཞྭ་ལུ་བསྟན་འགྱུར་དང་། ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་སྦྱིན་བདག་མཛད་ཏེ་བཞེངས་ཤིང་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱིས་དཀར་ཆག་③མཛད་པའི་སྣེ་གདོང་བསྟན་འགྱུར་དང་། དེ་མིན་སི་ཏུ་ཆོས་ཀྱི་འབྱུང་གནས་དང་འབྲུག་རྒྱལ་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་སོགས་ཀྱིས་བཞེངས་པའི་བཀའ་བསྟན་གསེར་བྲིས་མ་ཕྱི་མོ་བཙུན་པ་དག་བྱུང་བ་ཡིན།   
          བཀའ་བསྟན་གསེར་དངུལ་དུང་གསུམ་གྱིས་བཞེངས་པའི་སྲོལ་བོད་ཡུལ་དུ་རྒྱ་ཆེ་བར་དར་ཁྱབ་བྱུང་བར་མ་ཟད། ཉེ་འབྲེལ་གྱི་འབྲས་ལྗོངས་དང་། འབྲུག་ཡུལ། ལ་དྭགས། འཇང་ཡུལ། སོག་ཡུལ་བཅས་སུའང་དར་ཁྱབ་བྱུང་། ཡུལ་གྲུ་དེ་དག་ལས་ལ་དྭགས་ཏོག་ཕོ་བྲང་དུ་བཞུགས་པའི་བཀའ་འགྱུར་བྲིས་མ་ཞིག་ཡོད་པ་དབུས་གཙང་དུ་གྲགས་ཆེ་བའི་《ཐེམ་སྤང་མ་》མ་ཡིན་པའི་དཔེ་རྒྱུན་བཞུགས་ཞེས་དེང་སང་གི་མཁས་པའི་ཞལ་ལས་ཐོས་པ་①ལྟ་བུ་ཡུལ་གྲུ་སོ་སོར་ཁྱད་ཆོས་ལྡན་པའི་བྲིས་རྒྱུན་སྣ་ཚོགས་ཤིག་བཞུགས་ཡོད་པ་ལགས་ན་རེ་རེ་བཞིན་རྩད་ཆོད་ངོ་སྤྲོད་ཞུ་བའི་རྔོ་མི་ཐོགས་སོ། ། 
 བསྟན་པ་ཕྱི་དར་གྱི་དབུ་ཚུགས་ནས་དུས་རབས་བཅོ་ལྔ་པའི་སྟོད་བར་དུ་ལོ་ཆེན་རིན་ཆེན་བཟང་པོ་ནས་སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤིའི་བར་སྔ་རྗེས་སུ་ལོ་ཙཱ་བ་མཁས་ཆེན་བརྒྱ་དང་བདུན་ཅུ་དོན་གཅིག་བྱུང་བ་དང་། མཁས་དབང་རིམ་བྱོན་དེ་དག་གིས་རྒྱལ་བའི་བཀའ་དང་བསྟན་བཅོས་མ་ཟད། ཞར་བྱུང་རིག་གནས་སྐོར་བཅས་མང་པོ་ཞིག་རྒྱ་གར་དང་རྒྱ་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་ཁ་སྣོན་མཛད་ཐོག །མཁས་མཆོག་བཅོམ་ལྡན་རིག་རལ་དང་བུ་སྟོན་རིན་ཆེན་གྲུབ་ཀྱིས་གཙོས་པའི་ཞུ་ཆེན་མང་པོས་བཀའ་བསྟན་འགྱུར་རོ་ཅོག་ལ་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་ལེགས་པར་བརྟགས་ཤིང་དཔྱད་དེ། ཞུས་ཆེན་གྱིས་འདོར་ལེན་དང་གོ་རིམ་བསྒྲིགས་ནས་བཀའ་བསྟན་ཆ་ཚང་ཐོག་མའི་སྐྱ་བཞེངས་ནས་རིམ་གྱིས་རིན་ཆེན་སྣ་ཚོགས་ཀྱིས་རྒྱ་ཆེར་བཞེང་བའི་སྲོལ་ཆེས་ཆེར་དར་ནའང་དཔར་འདེབས་ཀྱི་སྒོ་མོ་ནི་ཕྱེ་བར་མ་གྱུར་ཏོ། །      
གསུམ་པ། བཀའ་བསྟན་གྱི་པར་གཞི་སྣ་ཚོགས་བྱུང་ཚུལ།
          རབ་བྱུང་བདུན་པའི་ས་བྱི་(སྤྱི་ལོ་1408)ལོར་མིང་རྒྱལ་རབས་ཀྱི་གོང་མ་གཡུང་ལོས་རྗེ་ཙོང་ཁ་པ་ཆེན་པོ་མེས་རྒྱལ་ནང་ཁུལ་དུ་གདན་དྲངས་པའི་སྐུ་ཚབ་ཏུ་ཁོང་རང་ཉིད་ཀྱི་སློབ་མ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གཏོང་མངགས་གནང་ནས་པེ་ཅིན་དུ་རྒྱུན་རིང་བར་བཞུགས། སྐབས་དེར་གོང་མ་གཡུང་ལོའི་བཀས་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་དཔར་གཞི་ཐོག་མར་བརྐོས་ནས་དཔར་འདེབས་པའི་སྲོལ་བཏོད། དེ་ནས་བཟུང་བོད་ཡིག་གི་བཀའ་བསྟན་འགྱུར་དཔར་དུ་འདེབས་པའི་ཆོས་སྦྱིན་གྱི་སྒོ་མོ་ཡངས་པར་ཕྱེ་སྟེ་པར་དུ་བསྐྲུན་པ་ད་ཆ་ང་ཚོས་མཇལ་ཐུབ་ཏུ་ཡོད་པ་བཀའ་འགྱུར་ལ་པར་གཞི་ཁག་བཅུ་ལྷག་དང་བསྟན་འགྱུར་ལ་པར་གཞི་ཁག་བཞི་བཅས་བཞུགས་པ་རྣམས་གཤམ་དུ་སོ་སོར་སྙིང་བསྡུས་ཀྱིས་ངོ་སྤྲོད་ཕྲན་ཙམ་ཞུས་ན།    །
གཅིག། བཀའ་འགྱུར་གྱི་པར་གཞི་ཁག་བྱུང་ཚུལ།
1.གཡུང་ལོ་བཀའ་འགྱུར་དཔར་མ།  
          རབ་བྱུང་བདུན་པའི་མེ་སྟག་(སྤྱི་ལོ་1410)ལོར་མིང་གོང་མ་གཡུང་ལོས་གོང་དུ་“ཡབ་ཡུམ་གཉིས་ཀྱི་དྲིན་བསབ་དང་། འོག་རྣམས་ལ་ཡང་ཕན་པར་བྱ་བའི་ཕྱིར་①དུ་དམིགས་ནས་ཚལ་པ་བཀའ་འགྱུར་མ་ཕྱིར་བཟུང་སྟེ་ནན་ཅིན་དུ་བོད་ཡིག་བཀའ་འགྱུར་གྱི་པར་གཞི་གསར་བཞེངས་བྱས་པ་ཁྱོན་པོད་བརྒྱ་དང་བརྒྱད་བཞུགས་ཤིང་། ཀརྨ་དེ་བཞིན་གཤེགས་པས་ཞུས་ཆེན་གནང་བ་དང་གོང་མས་ཀྱང་《བཀའ་འགྱུར་བསྟོད་པ་》བྱ་བ་སྔ་ཕྱི་ཁག་གཉིས་མཛད་འདུག །དེའི་དཔར་ཕུད་བོད་དུ་རྗེ་ཙོང་ཁ་པ་ཆེན་པོ་དང་། ས་སྐྱ་བདག་ཆེན། ཀརྨ་པ་བཅས་ལ་རེ་རེ་གནང་བ་ལས་དེང་སང་སེ་ར་དགོན་པ་དང་ཕོ་བྲང་པོ་ཏ་ལར་ཚར་རེ་བཞུགས། སྔ་མར་པོད་ལྔ་དང་ཕྱི་མར་པོད་གཉིས་ཁ་མི་ཚང་། འདིའི་པར་གཞི་ཤིང་དཔར་ཡིན་ཤག་བྱས་མོད། ཡིག་ཆ་ཁུངས་ཐུབ་ལྟར་ན་ཟངས་པར་མཚལ་དཔར་མ་ཡིན་འདུག་པས་བརྟག་གོ།   
2.ཝན་ལི་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་པའི་ཤིང་སྦྲུལ་(སྤྱི་ལོ་1605)ལོར་མིང་གོང་མ་ཝན་ལིས་སྔར་གྱི་གཡུང་ལོ་དཔར་མའི་བཀའ་འགྱུར་སྐྱར་བརྐོ་བྱས་ཤིང་། བསྟན་འགྱུར་པོད་ཞེ་གཉིས་ཙམ་གསར་བརྐོ་བྱས་པར་བཤད་ལ་རྒྱའི་ཡི་གེར་རྒྱུད་སྡེ་(续藏)པོད་ཞེ་གཉིས་བསྣན་ཞེས་བཀོད་པ་ནོར་འདུག་ལ། འདིའི་པར་གཞི་ཤིང་དང་སྣག་དཔར་ཡིན་པར་བཤད་མོད། དཔར་མ་ད་ལྟ་མི་རྙེད།  
3.འཇང་དཔར་རམ་ལི་ཐང་བཀའ་འགྱུར་མཚལ་དཔར་མ།  
          རབ་བྱུང་བཅུ་པའི་ས་སྤྲེལ་(སྤྱི་ལོ་1608)ལོར་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་བྱས་ཏེ། ཚལ་པ་བཀའ་འགྱུར་དང་གཡུང་ལོའི་དཔར་མ་གཉིས་མ་ཕྱི་བྱས་ཏེ་ཞྭ་དམར་དྲུག་པ་གར་དབང་ཆོས་ཀྱི་དབང་ཕྱུག་དང་སི་ཏུ་སྐུ་ཕྲེང་ལྔ་པ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཀྱིས་ལྗགས་ཞུས་མཛད་དེ། ལོ་ངོ་བཅུ་གསུམ་རིང་བཀའ་འགྱུར་ཁྱོན་པོད་བརྒྱ་དང་བརྒྱད་མཇུག་ཡོངས་སུ་རྫོགས་པར་གྲུབ་པ་ཕྱིས་སུ་དུས་འགྱུར་གྱི་དབང་གིས་པར་གཞི་ཁ་ཚང་ཁམས་ལི་ཐང་དགོན་དུ་གདན་དྲངས་ནས་བཞུགས་པ་ལ་འཇང་དཔར་རམ་ལི་ཐང་མཚལ་དཔར་ཞེས་གྲགས་ཤིང་། དཔར་མ་འདི་ཕྱིས་ཀྱི་སྡེ་དགེ་སོགས་བོད་ཡིག་དཔར་མ་མང་པོའི་ཕྱི་མོར་གྱུར་ཅིང་། དཀར་ཆག་《ཐུབ་པ་དགྱེས་བྱེད་》①ཅེས་པ་དང་། 《པར་གྱི་བྱུང་བ་བརྗོད་པ་རིན་པོ་ཆེའི་མེ་ལོང་》②བྱ་བ་གཉིས་གར་དབང་ཆོས་ཀྱི་དབང་ཕྱུག་ཉིད་ནས་མཛད་པ་བཞུགས་སོ། །  
4.ཁང་ཞིའམ་པེ་ཅིན་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་གཅིག་པའི་ཆུ་ཕག་(སྤྱི་ལོ་1683)ལོར་ཆིང་གོང་མ་ཁང་ཞིའི་བཀས་པེ་ཅིན་དུ་བཀའ་འགྱུར་ཆ་ཚང་གི་དཔར་གཞི་བརྐོས། པར་གཞི་དེ་ཉིད་ཝན་ལི་དཔར་མ་སྐྱར་བརྐོ་ཡིན་པར་བཤད་ལ། དུས་ཕྱིས་འཇར་པན་གྱིས་བརྙན་དཔར་བརྒྱབ་སྟེ་དེབ་གཟུགས་སུ་བསྐྲུན་ཡོད་པའི་ཕྱི་མོ་ནི་ཁང་ཞིའམ་པེ་ཅིན་དཔར་མ་འདི་ཡིན་པར་འདུག །   
5.ཅོ་ནེ་བཀའ་འགྱུར་དཔར་མ།   
          རབ་བྱུང་བཅུ་གཉིས་པའི་ལྕགས་གླང་(སྤྱི་ལོ་1721)ལོར་མདོ་སྨད་ཅོ་ནེ་དཔོན་ཆེན་དམག་ཟོར་མགོན་པོས་སྦྱིན་བདག་མཛད་དེ། གཡུང་ལོ་དཔར་མ་དང་ལི་ཐང་མཚལ་དཔར་སོགས་ཕྱི་མོར་བྱས་ནས་བཀའ་འགྱུར་གྱི་དཔར་བརྐོས་པ་ལོ་ངོ་བཅུ་གཅིག་རིང་ཁྱོན་པོད་བརྒྱ་དང་བདུན་ཆ་ཚང་བ་བཞེངས་གྲུབ། འདིའི་པར་གཞི་སྔར་ནས་བརླགས་ཟིན་ཀྱང་དཔར་མ་ད་ལྟ་རི་བོ་རྩེ་ལྔ་དང་བླ་བྲང་བཀྲ་ཤིས་འཁྱིལ་བ་བཅས་སུ་བཞུགས་ཤིང་། ཅོ་ནེ་རྗེ་བཙུན་གྲགས་པ་བཤད་སྒྲུབ་ཀྱིས་ཞུས་ཆེན་མཛད་དེ་དཀར་ཆག་《གསལ་བའི་མེ་ལོང་》ཞེས་པ་གསུངས་སོ། །   
6.སྡེ་དགེ་བཀའ་འགྱུར་མཚལ་དཔར་མ།  
          རབ་བྱུང་བཅུ་གཉིས་པའི་ས་བྱ་(སྤྱི་ལོ་1729)ལོར་ཁམས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་དེ། ལི་ཐང་མཚལ་དཔར་དང་ལྷོ་རྫོང་བཀའ་འགྱུར་སོགས་ཕྱི་མོར་བཟུང་ནས་མཁས་དབང་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཞུས་ཆེན་མཛད་པར་བརྟེན་བཀའ་འགྱུར་ཁྱོན་པོད་བརྒྱ་དང་གསུམ་ཆ་ཚང་བ་ལོ་ངོ་ལྔའི་རིང་ཡོངས་སུ་གྲུབ་པ་བྱུང་། པར་གཞི་ཁ་ཚང་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་པ་ད་ལྟའི་བར་དུས་འགྱུར་སོགས་ཀྱི་གནོད་འཚེ་ལས་ཐར་ཏེ་སྐྱེ་དགུའི་བསོད་ནམས་ཀྱི་དཔལ་དུ་དཔར་སྦྱིན་རྒྱུན་མི་འཆད་པར་གནང་བཞིན་ཡོད་པ་འདི་ལགས་ཤིང་། དཀར་ཆག་སི་ཏུ་རང་ཉིད་ཀྱི་གསུང་《ཟླ་འོད་གཞོན་ནུའི་འཁྲི་ཤིང་》ཞེས་པ་བཞུགས་སོ།།   
7.སྣར་ཐང་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་(སྤྱི་ལོ་1730)ལོར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་བཀོད་ཁྱབ་གནང་སྟེ། དེ་སྔོན་རྒྱལ་དབང་དྲུག་པའི་སྐབས་པར་གཞི་བཞེངས་འཕྲོ་ལུས་པ་ཚལ་པ་བཀའ་འགྱུར་ལ་ཕྱི་མོ་བྱས་ཏེ་ལོ་ངོ་གཅིག་ཙམ་གྱི་རིང་པར་བརྐོ་འཕྲོ་མཐུད་མཇུག་གྲུབ་པར་མཛད་པ་ཁྱོན་པོད་བརྒྱ་དང་གསུམ་བྱུང་བ་དཔལ་སྣར་ཐང་གཙུག་ལག་ཁང་དུ་བཞུགས་པས་སྣར་ཐང་བཀའ་འགྱུར་ཞེས་གྲགས་པ་བྱུང་ལ་དཔར་མ་ད་ལྟ་བཞུགས་ཤིང་། དཀར་ཆག་འོལ་ཁ་སླེ་ལུང་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《ངོ་མཚར་བཀོད་པ་རྒྱ་མཚོའི་ལྡེ་མིག་》ཅེས་པ་བཞུགས་སོ།།   
8.ཆན་ལུང་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་(སྤྱི་ལོ་1737)ལོར་ཆིང་གོང་མ་ཆན་ལུང་གི་བཀའ་བཞིན་པེ་ཅིན་དུ་བཀའ་འགྱུར་གྱི་པར་གཞི་གསར་བཞེངས་བགྱིས་ཞེས་ལོ་རྒྱུས་ཡིག་རིགས་མང་པོའི་ནང་བཀོད་འདུག་ཀྱང་། ཞིབ་གསལ་ཆན་ལུང་དཔར་མའི་དཔར་ཕུད་དང་རྟེན་བཞུགས་དཔར་མའམ་དཀར་ཆག་སོགས་ཅི་ཡང་ད་ཆ་མཐོང་ལམ་དུ་མ་གྱུར་པས། དེ་ནི་སྔར་གྱི་དཔར་སློག་ཡིན་ནམ་དངོས་གནས་གསར་བཞེངས་ཡིན་པ་ད་དུང་བརྟག་པའི་གནས་སུ་འདུག་གོ།   
9.རྭ་རྒྱ་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་(སྤྱི་ལོ་1814)ལོར་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་གདན་ས་བ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོས་ཞལ་བཀོད་སྦྱིན་བདག་མཛད་དེ། སྡེ་དགེ་བཀའ་འགྱུར་དཔར་མ་གཞིར་བཟུང་ནས་དཔར་བརྐོ་གནང་བ་ལོ་ངོ་དྲུག་གི་རིང་བཀའ་འགྱུར་ཁ་ཚང་དཔར་བརྐོས་གྲུབ་ནས་རྭ་རྒྱའི་དཔར་ཁང་ཆེན་མོར་བཞུགས་པ་དང་། འདིའི་དཀར་ཆག་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མས་མཛད་པ་《མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་ཅིག་ཅར་འབྱེད་པའི་ལྡེ་མིག་》ཅེས་པ་བཞུགས་སོ།།   
10.སོག་ཁུ་རེ་བཀའ་འགྱུར་དཔར་མ།  
          སོག་པོའི་ཏཱ་ཁུ་རེ་ཆོས་སྡེ་ཆེན་མོའམ་དེང་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལང་བྷ་ཐོར་གྱི་དགའ་ལྡན་དགོན་ཟེར་བ་ནས་སྡེ་དགེ་བཀའ་འགྱུར་དཔར་མ་གཞིར་བཟུང་སྟེ་དཔར་བརྐོའི་ལས་སྒོ་བརྩམས་ཀྱང་འཕྲོ་ལུས་སུ་ཡོད་པ། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བརྒྱད་པ་བསྟན་འཛིན་དབང་ཕྱུག་དང་ཨེརྟི་ནི་ཆེ་ཚང་ནོ་ཡོན་དོན་གྲུབ་ལྷ་མོ་རྣམ་གཉིས་ནས་དཔར་གཞི་ལེགས་སྒྲུབ་དགོས་པའི་བཀའ་ལུང་བཀོད་ཁྱབ་ཕེབས་པར་བརྟེན། རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་(སྤྱི་ལོ་1908)ལོར་སླར་ལས་འཕྲོ་མཐུད་དེ་ལོ་ངོ་གཉིས་ཙམ་རིང་པོད་བརྒྱ་དང་ལྔ་མཇུག་ཡོངས་སུ་རྫོགས་ནས་ཆོས་སྡེ་ཆེན་པོ་དེར་བཞུགས་པ་ལ་སོག་ཁུ་རེ་བཀའ་འགྱུར་ཞེས་གྲགས་ཤིང་། 《དཀར་ཆག་དགེ་མཚན་འབུམ་ཕྲག་ཕྱོགས་མཐར་འཕེལ་བར་བྱེད་པའི་སྐྱེ་བ་ལྔ་པའི་སྒྲ་དབྱངས་》ཞེས་པ་བཞུགས་སོ།།   
ll.ལྷ་སའམ་ཞོལ་བཀའ་འགྱུར་དཔར་མ།  
           འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་ཆོས་ཀྱི་དབང་པོས་རྒྱལ་དབང་བཅུ་གསུམ་པ་མཆོག་ལ་དབུས་ཕྱོགས་སུ་བཀའ་འགྱུར་དཔར་བརྐོ་དགོས་ཚུལ་གྱི་གསོལ་བ་དོན་སྨིན་དང་སྦྱིན་བདག་མཛད་དེ། སྣར་ཐང་དཔར་མ་དང་རྒྱལ་རྩེའི་ཐེམ་སྤང་མ། སྡེ་དགེ་བཀའ་འགྱུར་སོགས་མ་དཔེ་ཁུངས་ཐུབ་རྣམས་གཞིར་བཟུང་ནས་ལྷ་ལྡན་དུ་དཔར་བརྐོའི་ལས་སྒོ་བརྩམས་པར། རིང་པོར་མ་ཐོགས་པར་སྒོ་ལྕོག་སྤྲུལ་སྐུ་དང་རྒྱལ་དབང་བཅུ་གསུམ་པ་རྣམ་གཉིས་སྔ་ཕྱིར་སྐུ་གཤེགས་པས་ལས་འཕྲོར་ལུས་པ། སླར་ཡང་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང་རྒྱལ་བའི་གཅུང་སྲིད་བློན་ཀུན་དགའ་དབང་ཕྱུག་རྣམ་གཉིས་ནས་འཕྲོ་སྐྱོང་མཛད་པར་བརྟེན་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་(སྤྱི་ལོ་1931)ལོར་བཀའ་འགྱུར་པོད་བརྒྱ་ཐམ་པའི་པར་གཞི་ཆ་ཚང་བཞེངས་གྲུབ་པ་ཕོ་བྲང་པོ་ཏ་ལའི་ཉེ་འདབས་ཞོལ་པར་ཁང་དུ་བཞུགས། དེའི་པར་གཞི་ལ་དུས་འགྱུར་གྱིས་པར་བརླག་ཆེར་མ་སོང་བ་རྨང་གཞི་བྱས་ཏེ་དེང་སྐབས་བོད་ནང་བསྟན་མཐུན་ཚོགས་ནས་བསྐྱར་བརྐོས་གྲུབ་སྟེ་ཆོས་སྦྱིན་སྤེལ་བཞིན་པའོ། འདིའི་དཀར་ཆག་མཁས་པ་མང་པོས་སྔ་ཕྱིར་མཛད་པ་《ལེགས་བཤད་འཕྲུལ་གྱི་ལྡེ་མིག་》ཅེས་པ་བཞུགས་སོ།།  
ཡང་རྒྱ་ཡིག་གི་དཔྱད་རྩོམ་ལ་ལར་①པོ་ཏ་ལའི་དཔར་མ་དང་ལྷ་སའི་ཞོལ་དཔར་མ་གཉིས་སོ་སོར་ཡོད་ཚུལ་ངོ་སྤྲོད་བྱས་ཡོད་ཀྱང་། ལྷ་ལྡན་གྱི་པར་གཞི་སྔ་ཕྱི་བར་ཆད་ཀྱིས་བསྐྱར་བརྐོ་ཐེངས་གཉིས་བྱས་པ་དཔར་གཞི་གཉིས་སུ་བགྲང་བ་མིན་ན་དགེ་བཤེས་ཤེས་རབ་རྒྱ་མཚོས་ཞུས་ཆེན་གནང་བ་ཞོལ་པར་ལས་གཞན་གང་ཡོད་ཆ་མ་འཚལ་ལོ། །   
12ཝ་ར་བཀའ་འགྱུར་དཔར་མ།  
          ཁམས་སྡེ་དགེའི་ངོར་པ་དཔོན་སློབ་འཇམ་དབྱངས་བློ་གཏེར་དབང་པོའི་ཞལ་སློབ་ཝ་ར་རི་ཁྲོད་པ་དམ་ཆོས་བསྟན་པ་ནས། སྡེ་དགེ་བཀའ་འགྱུར་པོད་གཅིག་དུམ་བུ་གཉིས་སུ་བགོས་ནས་དཔེ་ཐུང་པོད་ཉིས་བརྒྱ་དང་དྲུག་བཞུགས་པ་གསར་བཞེངས་མཛད་དེ་པར་གཞི་ཁ་ཚང་ཝ་ར་རི་ཁྲོད་དུ་བཞུགས་པ་ལ་ཝ་ར་བཀའ་འགྱུར་ཞེས་བྱ་ལ། འདིའི་དཔར་ཤིང་ད་ལྟ་མེད་མོད། དཔར་མ་པོད་འགའ་རེ་མཇལ་རྒྱུ་ཡོད་ཟེར་ཞིང་དཀར་ཆག་སོགས་ཡོད་རབས་མེད།   
13.ཆབ་མདོའམ་ཡབ་ཚང་བཀའ་འགྱུར་དཔར་མ།  
          རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་(སྤྱི་ལོ་1941)ལོར་ཆབ་སྤྱི་དར་ཧན་ཟུར་པ་ཡབ་ཚང་བློ་བཟང་དཀོན་མཆོག་ལ་བྲག་གཡབ་རྟོགས་ལྡན་འཇམ་དབྱངས་བློ་གྲོས་བཟང་པོས་བཀའ་ལུང་རིམ་བརྒྱུད་གནང་བར་བརྟེན། ལྷ་སའི་ཞོལ་དཔར་མ་དཔར་སློག་བགྱིས་ཏེ་བཀའ་འགྱུར་གྱི་པར་གཞི་གསར་བསྐྲུན་མཛད་པ་ལོ་ངོ་བཅུ་གཅིག་གི་ནང་ཡོངས་སུ་གྲུབ་པ་པོད་བརྒྱ་དང་གཅིག་བཞུགས་པ་ཆབ་མདོ་དགོན་ཆེན་བྱམས་པ་གླིང་གི་ཡབ་ཚང་བཀའ་འགྱུར་ལྷ་ཁང་དུ་བཞུགས་པ་དང་། དེར་དཀར་ཆག་རྒྱས་པ་ཞིག་བྲག་གཡབ་མཁན་ཆུང་གདོང་ཀོམ་སྤྲུལ་སྐུས་མཛད་པ་བཞུགས་ཟེར་རོ ། ། 
ཡང་དཔྱད་དགོས་པ་ཞིག་ལ་ཆབ་མདོར་དེ་སྔོན་བཀའ་འགྱུར་གྱི་པར་གཞི་ཞིག་ཡོད་དགོས་ཚོད་འདུག་སྟེ། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གིས་བསྟན་རྩིས་ཀུན་བཏུས་བྱ་བར་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་(སྤྱི་ལོ་1683)ལོའི་རེའུ་མིག་ཏུ་“ཆབ་མདོར་བཀའ་འགྱུར་གྱི་པར་བཞེངས་མགོ་བརྩམས་ཞེས་བཀོད་ཡོད་པ་དང་། དེ་མཚུངས་རབ་བྱུང་བཅུ་བཞི་པའི་ལྕགས་སྟག་(སྤྱི་ལོ་1830)ལོར་བརྩམས་པའི་བཙན་པོའི་འཛམ་གླིང་རྒྱས་བཤད་དུའང་ཆབ་མདོའི་སྐབས་སུ་“དེང་སང་བཀལའགྱུར་གྱི་པར་གསར་པ་ཞིག་ཀྱང་བཞེངས་ཡོད་ཅེས་གསུངས་ཚུལ་སོགས་ལ་གཞིགས་ན་བཀའ་འགྱུར་གྱི་དཔར་རྙིང་ཞིག་ཀྱང་ཡོད་འདུག་ནའང་ད་སྔ་རྒྱུ་ཆ་གཞན་མ་མཐོང་བས་རེ་ཞིག་བརྟག་པའི་གནས་སུ་འཇོག་གོ།          (གཉིས།) བསྟན་འགྱུར་གྱི་པར་གཞི་ཁག་གི་བྱུང་ཚུལ།  
1.པེ་ཅིན་བསྟན་འགྱུར་དཔར་མ།   
          རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག་(སྤྱི་ལོ་1724)ལོར་ཆིང་གོང་མ་གཡུང་ཊིས་བཀའ་བབས་པར་བརྟེན། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་པའི་གསང་རྒྱའི་དགོངས་རྫོགས་སུ་ཞལ་བཀོད་གནང་ནས་བཞེངས་པའི་བསྟན་འགྱུར་གསེར་བྲིས་མ་ཕྱི་མོར་བཟུང་ནས་པེ་ཅིན་དུ་བོད་ཡིག་བསྟན་འགྱུར་གྱི་པར་གཞི་གསར་བཞེངས་ཀྱི་དབུ་བརྩམས་ཤིང་། དེ་ནས་ལོ་ངོ་བཅུ་གསུམ་སོང་བ་གོང་མ་ཆན་ལུང་གི་སྐུ་རིང་ལ་བསྟན་འགྱུར་པོད་ཉིས་བརྒྱ་ཉེར་ལྔ་ཆ་ཚང་བ་མཇུག་གྲུབ་པ་དེ་ནི་བོད་ཡིག་བསྟན་འགྱུར་གྱི་པར་བཞེངས་དང་པོ་ཡིན། དཀར་ཆག་རྒྱལ་དབང་ལྔ་པའི་གསུང་ཡིན་ཁུལ་ཏེ་དོན་དུ་སྡེ་སྲིད་རང་ཉིད་ཀྱིས་མཛད་པ་《པད་ཚལ་བཞད་པའི་ཉིན་བྱེད་》ཅེས་པ་བཞུགས་སོ།  
2.སྡེ་དགེ་བསྟན་འགྱུར་དཔར་མ།  
          རབ་བྱུང་བཅུ་གཉིས་པའི་མེ་སྦྲུལ་(སྤྱི་ལོ་1737)ལོར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་ཡབ་སྲས་ཀྱིས་སྦྱིན་བདག་མཛད་དེ། ལོ་ངོ་བརྒྱད་ཙམ་རིང་བསྟན་འགྱུར་ཁ་ཚང་པོད་ཉིས་བརྒྱ་དང་བཅུ་གསུམ་བཞུགས་པ་ལེགས་པར་གྲུབ་སྟེ་སྡེ་དགེ་དགོན་ཆེན་གྱི་པར་ཁང་ཆེན་མོར་བཞུགས་པ་དེང་སང་བར་དཔར་གཞི་མ་ཉམས་པར་དཔར་སྦྱིན་རྒྱ་ཆེར་སྤེལ་བཞིན་པའི་སྐབས་ལགས་སོ། །འདིའི་མ་ཕྱི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བཞེངས་པའི་བསྟན་འགྱུར་བྲིས་མ་དང་སྒ་ཨ་གཉན་དམ་པས་བཞེངས་པའི་བསྟན་འགྱུར་བྲིས་མ་སོགས་ཡིན་ལ། ཞུ་ཆེན་པ་ཚུལ་ཁྲིམས་རིན་ཆེན་གྱིས་ཞུས་ཤིང་དཀར་ཆག་《ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་》ཞེས་པ་བཅས་མཛད་ཡོད།   
3.སྣར་ཐང་བསྟན་འགྱུར་དཔར་མ།  
          རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་(སྤྱི་ལོ་1741)ལོར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྦྱིན་བདག་མཛད་དེ། ལོ་གཅིག་ཟླ་ངོ་བདུན་ཙམ་གྱི་རིང་བསྟན་འགྱུར་ཁ་ཚང་པོད་ཉིས་བརྒྱ་ཉིར་ལྔ་བཞུགས་པ་ལེགས་པར་བཞེངས་ནས་གྲུབ། འདི་ཉིད་ཀྱི་མ་ཕྱིའང་གོང་སྨྲས་སྡེ་སྲིད་ཀྱིས་བཞེངས་པའི་གསེར་བྲིས་གཞི་བྱས་པ་ཡིན་པས། དཔར་མའི་པོད་གྲངས་ཀྱང་པེ་ཅིན་དཔར་མ་དང་འདྲ་མཉམ་དུ་ཡོད། དཀར་ཆག་ཕུར་ལྕོག་ངག་དབང་བྱམས་པས་མཛད་པ་《དོན་ལྡན་ཚངས་པའི་དབྱངས་》ཞེས་པ་བཞུགས་སོ།  
4.ཅོ་ནེ་བསྟན་འགྱུར་དཔར་མ།  
          རབ་བྱུང་བཅུ་གསུམ་པའི་ཆུ་བྱ་(སྤྱི་ལོ་1743)ལོར་མདོ་སྨད་ཅོ་ནེ་དཔོན་ཆེན་བསྟན་སྲུང་ཚེ་རིང་ཡུམ་སྲས་རྣམ་གཉིས་ཀྱིས་སྦྱིན་བདག་མཛད་དེ། ལོ་ངོ་ཉི་ཤུ་རྩ་གྲངས་རིང་བསྟན་འགྱུར་ཁ་ཚང་པར་གཞི་གསར་བཞེངས་བྱས་ནས་གྲུབ་པ་དང་། དཔར་གྱི་ཕྱི་མོ་སྡེ་དགེའི་བསྟན་འགྱུར་དཔར་མ་དང་དབུས་བྲིས་དག་པ་རྣམས་ལ་བྱས་ཤིང་འཇམ་བཞད་སྐུ་ཕྲེང་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོས་དཀར་ཆག་ 《ཡིད་བཞིན་ནོར་བུའི་ཕྲེང་བ་》ཞེས་པ་མཛད་ཡོད། དཔར་འདི་ཉིད་ལ་སྡེ་དགེ་བསྟན་འགྱུར་ལ་ཕྱིས་སུ་ཁ་སྐོང་བྱས་པའི་སྣ་ཚོགས་པོད་བཞི་འདུས་མེད་པས་ཁྱོན་པོད་ཉིས་བརྒྱ་དང་བརྒྱད་ལས་མེད། བསྟོད་ཚོགས་སྣར་ཐང་དཔར་མ་གཞི་བྱས་ཏེ་ཕྱིས་སུ་བརྐོས་པར་བཤད།   གོང་སྨྲས་དཔར་གཞི་ཁག་འདི་བཞི་ནི་དེང་སྐབས་ང་ཚོས་སྐྲུན་བཞིན་ཡོད་པའི་《བསྟན་འགྱུར་དཔེ་བསྡུར་མའི་》བསྡུར་གཞི་དང་བསྡུར་བྱའི་དཔར་མ་རྣམས་ཡིན་ལགས། 
བཞི་པ། བསྟན་འགྱུར་དཔེ་བསྡུར་མའི་ཁྱད་ཆོས་དང་དགེ་མཚན།  
          འདིར་ཞུ་རྒྱུའི་བསྟན་འགྱུར་དཔེ་བསྡུར་མ་བྱ་བ་ནི་རང་རེའི་རྒྱལ་ཁབ་ཀྱི་བརྒྱད་ལྔའི་འཆར་གཞི་ལས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཞིབ་འཇུག་ཚན་པ་གཙོ་གནད་ཅན་དུ་བཀོད་པ་དང་། “ལོ་ལྔ་ཚན་དགུ་པའི་”དཔེ་སྐྲུན་འཆར་གཞིར་བཀོད་ཟིན་པ་སྟེ། བོད་ཡིག་བཀའ་བསྟན་དཔེ་བསྡུར་དཔེ་སྐྲུན་བགྱི་བའི་ལས་འགན་ནང་གི་བསྟན་འགྱུར་སྐོར་ད་ལྟ་དཔེ་བསྡུར་བྱས་ནས་དཔེ་སྐྲུན་བྱེད་བཞིན་པའི་པར་གཞི་གསར་པ་འདི་ལ་ཟེར་བ་ཡིན། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་གྲངས་ཉུང་གི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལ་ནམ་ཡང་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་པ་དང་། དེར་བརྟེན་བོད་ཡིག་བཀའ་བསྟན་དཔེ་བསྡུར་དཔེ་སྐྲུན་བྱེད་རྒྱུའི་ལས་འགན་འདི་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་འགན་ཁུར་ཏེ་སྒྲུབ་བཞིན་ཡོད། ལས་འགན་གལ་ཆེན་འདི་མངོན་འགྲུབ་ཡོང་ཆེད་ལོ་བཅུའི་སྔོན་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་བཙུགས་མ་ཐག་ཏུ་ཁོངས་གཏོགས་ལས་ཁུངས་བཀའ་བསྟན་དཔེ་བསྡུར་ཁང་བཙུགས་ཏེ། དཔར་གཞིའི་བསྡུ་རུབ་དང་དཔེ་སྐྲུན་སྟ་གོན་བྱས་མཐར་སྤྱི་ལོ་1993ལ་བསྟན་འགྱུར་དཔེ་བསྡུར་མ་དེབ་དང་པོ་དངོས་སུ་དཔར་བསྐྲུན་འགྲེམ་སྤེལ་བྱས་ཤིང་ད་བར་དེབ་གྲངས་བཅུ་ཕྲག་དཔེ་སྐྲུན་བྱས་ཟིན། བསྟན་འགྱུར་དཔེ་བསྡུར་མ་ནི་བོད་ཡིག་གི་བསྟན་འགྱུར་དཔར་ཁག་བཞི་པོ་ཕན་ཚུན་དཔེ་བསྡུར་བྱས་ནས་པར་གཞི་གསར་པ་དེང་དུས་ཀྱི་དེབ་གཟུགས་སུ་བསྐྲུན་པ་ཞིག་ཡིན་ལ། དཔར་ཁག་བཞི་པོ་བསྡུར་སྟངས་ནི་སྡེ་དགེ་བསྟན་འགྱུར་བསྡུར་གཞིའམ་མ་དཔེར་བསྒྲིགས་ཤིང་། གཞན་དག་དཔར་ཁག་གསུམ་པོ་ཆོས་ཚན་དང་ཚིག་ཆད་ལྷག །བསྐྱར་ཟློས། འགྱུར་མི་འདྲ་བ། མིང་དང་བྱ་ཚིག་ཕྲད་རྣམ་དབྱེ་དང་ཐ་ན་གཅོད་མཚམས་མི་གཅིག་པ་ཚུན་ཆད་རེ་རེ་བཞིན་དཔེ་བསྡུར་བྱས་རྗེས་བསྡུར་མཆན་འགོད་དགོས་ས་ཚང་མ་ཆོས་ཚན་སོ་སོའི་མཇུག་ཏུ་ཡི་གེ་ཆུང་བ་བྱས་ཏེ་ཨང་གྲངས་དང་བཅས་གསལ་པོར་བཀོད་ཡོད།  
          བསྟན་འགྱུར་དཔར་ཁག་འདི་བཞི་ཕྱིའི་སྒྲིག་རིམ་ཐད་པེ་ཅིན་དང་སྣར་ཐང་དཔར་མ་གཉིས་ཀའི་ཕྱི་མོ་སྡེ་སྲིད་ཀྱིས་བཞེངས་པའི་གསེར་བྲིས་ཡིན་ལྷབས། འདི་གཉིས་ཀྱི་དག་ཆ་དང་ཚིག་སྦྱོར་ཆོས་ཚན་གྱི་གྲངས་དང་སྒྲིག་རིམ་སོགས་ཤིན་ཏུ་འདྲ་ལ་གཉིས་ཀར་པོད་ཉིས་བརྒྱ་ཉེར་ལྔ་རེ་བཞུགས། འདི་གཉིས་རྒྱུད་ཀྱི་སྐབས་དུས་འཁོར་ནས་མགོ་བཟུང་སྟེ་བསྒྲིགས་ཡོད་ལ། འགྱུར་གསར་དུ་གྲགས་པ་གསང་འདུས་འགྲེལ་པ་སོགས་པོད་བཅུ་བཞི་ཙམ་བསྣན་པ་སྡེ་དགེ་བསྟན་འགྱུར་ཁྲོད་དུ་བུ་སྟོན་གྱིས་རྒྱུད་རྣམ་དག་ཏུ་མི་བཞེད་གསུངས་ཏེ་བསྡུས་མེད། དེ་མཚུངས་སྡེ་དགེ་བསྟན་འགྱུར་གྱི་ཕྱི་མོ་ནི་སི་ཏུ་པཎ་ཆེན་ཉིད་ཀྱིས་བཞེངས་པའི་སྐྱ་བྲིས་ཡིན་ལྷབས་ཡི་གེའི་དག་ཆ་སོགས་དཔར་ཁག་གཞན་ལས་མངོན་གསལ་གྱིས་དག་པ་དང་། ཅོ་ནེ་བསྟན་འགྱུར་གྱི་ཕྱི་མོ་ནི་སྡེ་དགེ་དཔར་མ་དང་དབུས་བྲིས་དག་པ་བཅས་བྱས་ཡོད་སྟབས། སྐབས་འགར་སྡེ་དགེ་དཔར་ཡིག་བརྐོས་ནོར་ཤོར་ཡོད་ས་རྣམས་ཅོ་ནེ་དཔར་མའི་ནང་དག་བཅོས་བྱས་ཡོད་ས་མང་པོ་མཐོང་རྒྱུ་ཡོད། སྡེ་དགེ་དང་ཅོ་ནེ་དཔར་མ་གཉིས་རྒྱུད་ཀྱི་མགོ་ཀྱཻ་རྡོར་ནས་བཟུང་སྟེ་བསྒྲིགས་ཡོད།   
          དཔར་ཁག་འདི་བཞིའི་ནང་ཚིག་དོན་གྱི་ཐད་ལ་སྡེ་དགེ་དང་ཅོ་ནེ་དཔར་མ་གཉིས་ཅུང་དག་ཆ་ལྡན་ཞིང་ཕྲད་དང་རྣམ་དབྱེ། གཅོད་མཚམས་སོགས་ཕལ་ཆེར་མཐུན། སྣར་ཐང་དང་པེ་ཅིན་གཉིས་ཀྱི་དཔར་ཡིག་དག་ཆ་ཅུང་ཞན་ལ་སྣར་ཐང་དཔར་མར་མཆན་བུ་མང་པོ་བཏབ་འདུག་པ་དང་། སྐུང་ཡིག་དང་གནའ་བྲིས་སོགས་ཅུང་མང་། པེ་ཅིན་དཔར་མ་པར་ཡིག་རྐོ་མཁན་གྱིས་ཡིག་ངོ་མ་ཆོད་པ་ཡིན་ནམ་སྐབས་འགར་ཡི་གེ་ཡ་མ་ཟུང་འདྲ་མིན་འབྱུང་། དེ་བཞིན་དཔར་མ་སོ་སོར་གནས་ཚུལ་འདྲ་མིན་སྣ་ཚོགས་འབྱུང་ནའང་ང་ཚོས་དཔེ་བསྡུར་བྱེད་སྐབས་ནན་ཞིབ་ཀྱི་ས་དཔེ་བསྡུར་རྩ་དོན་བྱ་བ་ལག་ལེན་བྱས་ཏེ། བསྡུར་འབྲས་ལ་འདོར་ལེན་ལེགས་པར་བཏང་ནས་བསྡུར་མཆན་དུ་འགོད་དགོས་རིགས་ཚང་མ་སྐབས་དོན་སོ་སོའི་འཁོད་སྟངས་ལྟར་བཀོད་ཡོད་ཅིང་ཞིབ་ཏུ་དེབ་ལ་གཟིགས་ན་མཁྱེན་ལགས།      《བསྟན་འགྱུར་དཔེ་བསྡུར་མ་》འདི་བསྟན་འགྱུར་དཔར་ཁག་ཀུན་གྱི་སྙིང་བཅུད་འདུས་ཤིང་རྣམ་པ་གསལ་བ་དེབ་གཅིག་གིས་པར་གཞི་ཀུན་གྱི་གོ་ཆོད་ཡོད་པ་ཞིག་ཡིན། འདི་ཉིད་དཔེ་བསྡུར་དཔེ་སྐྲུན་བྱེད་སྐབས་སྡེ་དགེའི་དཔར་མ་ཇི་བཞིན་གཞུང་ཡིག་བསྒྲིགས་ཤིང་དཔེ་ཁག་གཞན་ནང་གོ་རིམ་ནོར་བ་དང་ཚིག་ཆད་ལྷག་གམ་མི་འདྲ་ས་བྱུང་བ་ཐམས་ཅད་ཡིག་ཆུང་གིས་བསྡུར་མཆན་བཀོད་པ་མ་གཏོགས། མ་དཔེ་ལ་གང་རུང་གིས་བཟོ་བཅོས་རྒྱག་པ་དང་དཔར་ཕན་ཚུན་བཟོ་བཅོས་རྒྱག་པའམ་དཔྱད་བརྗོད་སོགས་ཅི་ཡང་བཀོད་མེད།  
          དེབ་སྒྲིག་སྟངས་ཐད་དེང་རབས་ཀྱི་དཔེ་སྐྲུན་ལག་རྩལ་བེད་སྤྱོད་བྱས་ཏེ། དཀར་ཆག་ཟུར་དུ་བཏོན་པ་དང་ལེ་ཚན་གྱི་དབྱེ་བ་ཕྱེ་ནས་གཟིགས་བདེ་བ་བྱས་ཡོད། ཡང་གཞུང་ཡིག་མི་རྫོབ་ཕྱིར་ལེ་ཚན་སྐབས་ཕྲེང་སྟོང་ཕབ་པ་མ་གཏོགས་ཁ་བྱང་ཟུར་དུ་བཀར་མེད་ལ། བསྡུར་མཆན་དང་བསྡུར་འབྲས་རེའུ་མིག་ཀྱང་ཆོས་ཚན་སོ་སོའི་མཇུག་ཏུ་བཀོད་པ་ལས་གཞུང་དཀྱུས་སུ་བཀོད་མེད།  
          དེབ་ཀྱི་མཛེས་ཆའི་ཐད་གནའ་བོའི་སྲོལ་རྒྱུན་དང་དེང་རབས་ཀྱི་མཛེས་རྩལ་ཟུང་འབྲེལ་དུ་བེད་སྤྱོད་བཏང་ནས་དབུ་ལྷ་དང་བར་བཅུག་ལྷ་སྐུ་བཅས་སྔར་ཡོད་སོར་བཞག་དང་གསར་འབྲི་བྱས་ཡོད། དཔར་ཡིག་ཀྱང་གློག་རྡུལ་རྩིས་འཁོར་དུ་ཡིག་གཟུགས་ཆེད་བཟོ་བྱས་ཏེ་ཡིག་རིས་མཛེས་ཤིང་དྭངས་པ་ཀུན་གྱི་མཐོང་ལམ་དུ་རྒྱུ་བདེ་བ་བཅས་ངོ་མཚར་ཁྱད་ཆོས་དུ་མས་ཕྱུག་ཅིང་། ད་བར་རྒྱལ་ཁབ་ཕྱི་ནང་བོད་ཀྱི་བཀའ་བསྟན་དཔར་འདེབས་འགྲེམ་སྤེལ་བྱས་པ་ཤིན་ཏུ་མང་ཡང་། དེ་ཀུན་ཚང་མ་སྔར་གྱི་དཔར་རྙིང་ལག་ཏུ་སོན་པ་གང་ཞིག་དཔར་སློག་དང་བརྙན་དཔར་བྱས་པ་མ་གཏོགས་པར་གཞི་གསར་སྐྲུན་བྱས་པ་གཅིག་ཀྱང་མེད། དཔར་རྙིང་དཔེ་ཁག་སོ་སོ་ཕན་ཚུན་ཞིབ་བསྡུར་གྱིས་དཔར་སྐྲུན་བགྱིས་པ་དེ་བས་ཀྱང་མེད་པས། འདི་ནི་ཐེངས་དང་པོ་ཡིན་པས་ན་བསྟན་འགྱུར་དཔེ་བསྡུར་མའི་པར་གསར་འདི་ནི་འཛམ་གླིང་གི་ཨང་དང་པོར་བགྲང་ཆོག་པ་ཡིན་ཤག་གོ།  
          ཀུན་གྱིས་མཁྱེན་གསལ་ལྟར་ནང་པ་སངས་རྒྱས་པའི་ཆོས་ལུགས་ཐོག་མ་རྒྱ་གར་ནས་བྱུང་བ་ཡིན་ཡང་། དུས་འགྱུར་གྱི་དབང་གིས་དེང་སྐབས་འཛམ་གླིང་ཐོག་ནང་པའི་ཆོས་གཞུང་ཆེས་མང་ཞིང་ཆ་ཚང་བ་ནི་རང་རེའི་རྒྱལ་ཁབ་ཏུ་བཞུགས་ཤིང་། དེ་ལས་ནང་པའི་གཞུང་ལུགས་ཀུན་འདུས་པའི་མདོ་སྔགས་རིག་གནས་དང་བཅས་པའི་རྒྱུན་ནི་བོད་ཡིག་གི་བཀའ་བསྟན་ཁྲོད་དུ་བཞུགས་པས། དེང་སང་འཛམ་གླིང་ཐོག་ནང་བསྟན་འཆད་ཉན་དང་ཉམས་ལེན་ཞིབ་འཇུག་བགྱི་བ་བཅས་བོད་ཡིག་བེད་སྤྱོད་གཏོང་བཞིན་ཡོད་པ་ལགས་ན། ད་ལྟ་སྐྲུན་བཞིན་ཡོད་པའི་བོད་ཡིག་གི་བཀའ་བསྟན་དཔེ་བསྡུར་མ་འདི་ལས་མ་འོངས་པར་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་འཕྲིན་ལས་སྤེལ་བར་ནུས་པ་ཆེན་པོ་འདོན་ངེས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པར་འགྲོ་བ་དང་འཛམ་གླིང་མི་རིགས་ཀྱི་རིག་གནས་དར་རྒྱས་འགྲོ་བ་བཅས་ལ་ཕྱག་རྗེས་ཆེན་པོ་འཇོག་ངེས་པ་ལགས་སོ།། །།
 
① བཀའ་བསྡུ་མཛད་ཚུལ་དང་ལོ་གྲངས་སོགས་ཀྱི་ཐད་ལ་མཁས་པ་རྣམས་བཞེད་པ་འདྲ་མིན་མང་ཡང་འདིར་ཡོངས་གྲགས་ལྟར་བཀོད།
① བུ་སྟོན་གྱིས་ལྡན་དཀར་མ་དང་།མཆིམས་ཕུ་མ།འཕང་ཐང་མ་ཞེས་བཀོད་ཅིང་། དུང་དཀར་ཚང་གིས་འཕང་ཐང་མ་ལོགས་སུ་ཡོད་པ་དེ་དང་པོར་བགྲངས་ཡོད།
① 《བུ་སྟོན་ཆོས་འབྱུང་》ཞེས་པ་ཀྲུང་ཀོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཤོག་ངོས་314པར་གསལ།
①འདི་པའི་མཚན་ལ་འཇམ་དགག་དང་འཇམ་དགའ་སོགས་ཅིརིགས་བྲིས་ཡོད་ཀྱང་《ཧོར་གྱི་ཆོས་འབྱུང་》དུ་འཇམ་དབྱངས་པ་ཞེས་བཀོད་འདུག་པས། དོན་དུ་“འཇམ་དབྱངས་སྒེག་པའི་ཞེས་པའི་བསྡུས་མཚན་འདྲ་ཨེ་ཡིན་སྙམ།
① དཀར་ཆག་སྔ་མ་《བསྟན་པ་རྒྱས་པ་》དང་ཕྱི་མ་《ཉི་མའི་འོད་ཟེར་》ཞེས་བྱ།
①  《རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསར་བཞེངས་ཀྱི་དཀར་ཆག་དེབ་ཐེར་དཀར་པོ་》ཞེས་བྱ།
② 《བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་》ཞེས་བྱ།   
③ 《བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་》ཅེས་བྱ།
① མཁས་དབང་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་གིས་ཕྲན་ལ་དངོས་སུ་གསུངས་ཤིང་དཔེ་རྒྱུན་ད་ལྟ་མཇལ་ཐུབ།
①  《ལུང་གིས་མཛད་པའི་བཀའ་འགྱུར་བསྟོད་པ་》ཞེས་པ་ཁག་གཉིས་ཡོད་པ་ལས་སྔ་མའི་ནང་གསལ།
① འདི་དང་གཤམ་གྱི་དཀར་ཆག་རྣམས་མཚན་བྱང་ཁ་ཚང་འཁོད་ན་ཡིག་འབྲུ་མང་དྲགས་པས་ཁོ་བོས་བསྡུས་ཏེ་བཀོད།   
② གོང་གི་དཀར་ཆག་ལ་ཤོག་ལྡེབ་ཉེར་གཉིས་དང་འདི་ལ་ཤོག་ལྡེབ་སོ་དྲུག་བྱོན་པ་གཉིས་ཀར་དཔར་མ་བཞུགས་ཤིང་། གཞན་དཀར་ཆག་བྲིས་མ་ཞིག་ཀྱང་ཡོད་ཟེར།
① ཀྲོའུ་རུན་ཉན་དང་ལིས་ཧྲོན་ཅན་གཉིས་ཀྱིས་བྲིས་པའི་《藏文<大藏经>概述)ཞེས་པར་བཤད།