ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།

སྤེལ་དུས 2022-11-22 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
  ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤཱ་ལི་སྟམྦྷེ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །
  འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་བགྲོད་པར་བྱ་བའི་ས་ཕྱོགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཕན་ཚུན་ཡང་དག་པར་དགའ་བར་བྱ་བའི་གཏམ་རྣམ་པ་མང་པོ་བྱས་ནས་འདུས་ཏེ་གཉིས་ཀ་རྡོ་ལེབ་ལ་འཁོད་དོ། །
  དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །
  བྱམས་པ་དེང་འདིར་བཅོམ་ལྡན་འདས་ཀྱིས་སཱ་ལུའི་ལྗང་པ་ལ་གཟིགས་ནས་དགེ་སློང་རྣམས་ལ་མདོ་འདི་གསུངས་སོ། །
  དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ན་བྱམས་པ་བདེ་བར་གཤེགས་པས་བཀའ་སྩལ་པའི་མདོ་དེའི་དོན་ནི་ཅི། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་། ཆོས་ནི་གང་། སངས་རྒྱས་ནི་གང་། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ན་ཆོས་མཐོང་། ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །
  བཙུན་པ་ཤཱ་རིའི་བུ་འདི་ལ་བཅོམ་ལྡན་འདས་ཆོས་ཀྱི་བདག་པོ་ཐམས་ཅད་མཁྱེན་པས་དགེ་སློང་དག་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པ་དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཞེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །
  དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །འདི་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་གསུངས་སོ། །
  ཆོས་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏོ། །འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་སྟེ། འབྲས་བུ་ཐོབ་པ་དང་མྱ་ངན་ལས་འདས་པ་གཅིག་ཏུ་བསྡུས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་སོ་ཞེས་བཀའ་སྩལ་ཏོ། །
  དེ་ལ་སངས་རྒྱས་བཅོམ་ལྡན་འདས་གང་ཞེ་ན། སུས་ཆོས་ཐམས་ཅད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། དེས་འཕགས་པའི་ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྐུ་དང་ལྡན་པ་དང་། སློབ་པ་དང་མི་སློབ་པའི་ཆོས་དེ་དག་གཟིགས་པའོ། །
  དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཇི་ལྟ་བུ་ཞེ་ན། འདི་ལ་བཅོམ་ལྡན་འདས་ཀྱིས་སུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་སྟེ། གང་གིས་ཚུལ་འདི་འདྲ་བར་ཆོས་ལའང་རྟག་པ་དང་། སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དེས་འཕགས་པའི་ཆོས་མངོན་པར་རྟོགས་ཏེ། ཡང་དག་པའི་ཡེ་ཤེས་དང་ལྡན་པས་བླ་ན་མེད་པའི་ཆོས་ཀྱི་སྐུར་སངས་རྒྱས་མཐོང་ངོ་ཞེས་གསུངས་སོ། །
  སྨྲས་པ། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། སྨྲས་པ་རྒྱུ་དང་བཅས་རྐྱེན་དང་བཅས་པ་ལ་བྱའི། རྒྱུ་མེད་རྐྱེན་མེད་པ་ལ་ནི་མ་ཡིན་ཏེ། དེའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་མདོར་བསྡུས་ཏེ་བཀའ་སྩལ་པ་རྐྱེན་འདི་ཉིད་ཀྱི་འབྲས་བུ་སྟེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་འདུག་པའོ་ཞེས་བྱ་བ་ནས་གང་འདི་ཆོས་ཉིད་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་འཐུན་པ་དང་།དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པ་ཉིད་དང་། བདེན་པ་ཁོ་ན་དང་། མ་ནོར་བ་ཉིད་དང་། ཕྱིན་ཅི་མ་ལོག་པ་ཉིད་ཅེས་བྱ་བའི་བར་དུ་གསུངས་སོ། །འདི་ལྟར་ཡང་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་གཉིས་ཀྱི་ཕྱིར་འབྱུང་སྟེ།གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའི་ཕྱིར་རོ། །
  དེ་ཡང་ཕྱིའི་དང་། ནང་གི་དང་རྣམ་པ་གཉིས་སུ་བལྟའོ། །དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་དང་འབྲེལ་པ་གང་ཞེ་ན། འདི་ལྟ་སྟེ། ས་བོན་ལས་མྱུ་གུ། མྱུ་གུ་ལས་འདབ་མ། འདབ་མ་ལས་སྡོང་བུ། སྡོང་བུ་ལས་སྦུ་བུ། སྦུ་བུ་ལས་སྙིང་པོ། སྙིང་པོ་ལས་མེ་ཏོག །མེ་ཏོག་ལས་འབྲས་བུའོ། །ས་བོན་མེད་ན་མྱུ་གུ་མི་འབྱུང་སྟེ། མེ་ཏོག་མེད་ན་འབྲས་བུའི་བར་དུ་ཡང་མི་འབྱུང་ངོ་། །ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་ས་བོན་ནི་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་ས་བོན་གྱིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་མེ་ཏོག་ཀྱང་འདི་སྙམ་དུ་བདག་གིས་འབྲས་བུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འབྲས་བུ་ཡང་འདི་སྙམ་དུ་བདག་ནི་མེ་ཏོག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་ས་བོན་ཡོད་ན་མྱུ་གུ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས་དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ། །
  ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པ་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་པ་ལས་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལ་སའི་ཁམས་ནི་ས་བོན་རྟེན་པའི་བྱ་བ་བྱེད་དོ། །ཆུའི་ཁམས་ནི་ས་བོན་རླན་པའི་བྱ་བ་བྱེད་དོ། །མེའི་ཁམས་ནི་ས་བོན་ཡོངས་སུ་དྲོ་བའི་བྱ་བ་བྱེད་དོ། །རླུང་གི་ཁམས་ནི་ས་བོན་འབུ་བའི་བྱ་བ་བྱེད་དོ། །ནམ་མཁའི་ཁམས་ནི་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱེད་དོ། །དུས་ནི་ས་བོན་འགྱུར་བའི་བྱ་བ་བྱེད་དོ། །རྐྱེན་འདི་རྣམས་མེད་པར་ས་བོན་ལས་མྱུ་གུ་མངོན་པར་འགྲུབ་པར་མི་འགྱུར་གྱི། ནམ་ཕྱི་རོལ་གྱི་སའི་ཁམས་མ་ཚང་བ་མེད་པར་གྱུར་ལ་དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱང་མ་ཚང་བ་མེད་པར་གྱུར་ཏེ། ཐམས་ཅད་འདུས་པ་ལས་ས་བོན་འགགས་པ་ན་དེ་ལས་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །
  དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྟེན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་བཞིན་དུ་ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ཡོངས་སུ་དྲོ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་འབུ་བར་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་ལ་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དུས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་བསྒྱུར་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །
  ས་བོན་ཡང་འདི་སྙམ་དུ་བདག་གིས་མྱུ་གུ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །མྱུ་གུ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ལ་ས་བོན་འགགས་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་རོ། །
  དེ་བཞིན་དུ་མེ་ཏོག་ཡོད་ན་འབྲས་བུའི་བར་དུ་ཡང་མངོན་པར་འགྲུབ་པར་འགྱུར་ཏེ། མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། དུས་ཀྱི་ཁམས་རྣམས་འདུས་ནས་ས་བོན་འགགས་པ་ན་མྱུ་གུ་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །
  དེ་ལ་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་།ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པ་དང་། དེ་དང་འདྲ་བའི་རྒྱུད་དུའོ། །ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ལ་ས་བོན་ཡང་གཞན་ཏེ། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ལ། ས་བོན་འགགས་པ་ལས་མྱུ་གུ་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ས་བོན་ཡང་འགགས་ལ་དེ་ཉིད་ཀྱི་ཚེ་མྱུ་གུ་ཡང་འབྱུང་སྟེ། དེའི་ཕྱིར་རྟག་པར་མ་ཡིན་ནོ། །
  ཇི་ལྟར་ཆད་པར་མ་ཡིན་ཞེ་ན། སྔོན་འགགས་པའི་ས་བོན་ལས་མྱུ་གུ་སྐྱེ་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ས་བོན་ཡང་འགགས་ལ་དེ་ཉིད་ཀྱི་ཚེ་སྲང་མདའི་མཐོན་དམན་བཞིན་དུ་མྱུ་གུ་སྐྱེ་བས་དེའི་ཕྱིར་ཆད་པར་མ་ཡིན་ནོ། །ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། གང་གི་ཕྱིར་མྱུ་གུ་ཡང་གཞན་ལ་ས་བོན་ཡང་གཞན། མྱུ་གུ་གང་ཡིན་པ་དེ་ཉིད་ས་བོན་མ་ཡིན་ཏེ། དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་ཅེ་ན། ས་བོན་ཆུང་ངུ་བཏབ་པ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པར་འགྱུར་ཏེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ། །ས་བོན་ཇི་ལྟ་བུ་བཏབ་པ་དེ་ལྟ་བུའི་འབྲས་བུ་མངོན་པར་འགྲུབ་པས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུ་སྟེ། དེ་ལྟར་ཕྱི་རོལ་གྱི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟའོ། །
  དེ་བཞིན་དུ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་གཉིས་ཀྱི་ཕྱིར་འབྱུང་སྟེ། གཉིས་གང་ཞེ་ན། འདི་ལྟ་སྟེ། རྒྱུ་དང་འབྲེལ་པ་དང་། རྐྱེན་དང་འབྲེལ་པའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱ་བའི་བར་དུའོ། །གལ་ཏེ་མ་རིག་པ་མ་བྱུང་ན་འདུ་བྱེད་རྣམས་ཀྱང་མི་མངོན་པ་ཞིག །དེ་བཞིན་དུ་སྐྱེ་བ་མ་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ་ཞིག་ན། འདི་ལྟར་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གིས་འདུ་བྱེད་རྣམས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །
  འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པ་ནས་དེ་བཞིན་དུ་སྐྱེ་བ་ཡང་འདི་སྙམ་དུ་བདག་གིས་རྒ་ཤི་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབས་སོ་སྙམ་དུ་མི་སེམས་པའི་བར་དུ་སྟེ། འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས་དེ་བཞིན་དུ་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པར་བལྟའོ། །
  ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་པོ་འདུས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སའི་ཁམས་གང་ཞེ་ན། གང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ། །གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ། །གང་ལུས་ཀྱིས་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ། །གང་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ། །གང་ལུས་ཀྱི་ནང་སྦུབས་ཡོད་པར་བྱེད་པ་འདི་ནི་ནམ་མཁའི་ཁམས་ཞེས་བྱའོ། །
  གང་མདུང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་ལྔ་འདུས་པ་དང་། ཟག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི། ནམ་ནང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་གྱུར་ལ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ལ་སའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །ཆུའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མེའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ཟོས་པ་དང་། འཐུངས་པ་དང་། འཆོས་པ་དང་། མྱངས་པ་རྣམས་འཇུ་བར་བྱའོ་སྙམ་དུ་མི་སེམས་སོ། །རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །ནམ་མཁའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་ནང་སྦུབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ། །རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་བསྒྲུབ་པོ་སྙམ་དུ་མི་སེམས་སོ། །ལུས་ཀྱང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ། །དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་
  ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན་ཏེ། གཞན་སུའི་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་
  དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་གི་མ་ཡིན།
  གཞན་སུའི་ཡང་མ་ཡིན་ནོ། །དེ་ལ་མ་རིག་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག་པུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུ་ཤེས་པ་དང་། སེམས་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་འདུ་ཤེས་པ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་། བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་འདི་ནི་མ་རིག་པ་ཞེས་བྱའོ། །
  དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་ལ་རྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ། །
  ཆོས་གསུམ་འདུས་པ་ནི་རེག་པའོ། །རེག་པ་མྱོང་བ་ནི་ཚོར་བའོ། །ཚོར་བ་ལ་ཞེན་པ་ནི་སྲེད་པའོ། །སྲེད་པ་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་སྐྱེས་པ་ཡང་སྐྱེད་པའི་ལས་ནི་སྲིད་པའོ། །རྒྱུ་དེ་ལས་ཕུང་པོ་བྱུང་བ་ནི་སྐྱེ་བའོ། །སྐྱེས་ནས་ཕུང་པོ་སྨིན་པ་ནི་རྒ་བའོ། །རྒས་ནས་ཕུང་པོ་ཞིག་པ་ནི་འཆི་བའོ། །འཆི་ཞིང་མྱོས་ཏེ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ། །
  རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ་ལོ། །ཡིད་ལ་བྱེད་པ་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མི་བདེ་བའོ། །གཞན་ཡང་འདི་ལྟ་བུ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ། །དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ། །མངོན་པར་འདུ་བྱེད་པའི་ཕྱིར་འདུ་བྱེད་རྣམས་སོ། །རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ། །རྟེན་པའི་ཕྱིར་མིང་དང་གཟུགས་སོ། །སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ། །རེག་པའི་ཕྱིར་རེག་པའོ། །མྱོང་བའི་ཕྱིར་ཚོར་བའོ། །སྐོམ་པའི་ཕྱིར་སྲེད་པའོ། །ཉེ་བར་ལེན་པའི་ཕྱིར་ལེན་པའོ། །ཡང་སྲིད་པ་སྐྱེ་བའི་ཕྱིར་སྲིད་པའོ། །ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ། །ཕུང་པོ་སྨིན་པའི་ཕྱིར་རྒ་བའོ། །འཇིག་པའི་ཕྱིར་འཆི་བའོ། །མྱ་ངན་བྱེད་པའི་ཕྱིར་མྱ་ངན་ཏོ། །ཚིག་གིས་སྨྲེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ། །ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་བའོ། །སེམས་ལ་གནོད་པའི་ཕྱིར་ཡིད་མི་བདེ་བའོ། །ཉོན་མོངས་པའི་ཕྱིར་འཁྲུག་པའོ། །
  གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་ཤེས་ཏེ་མི་ཤེས་པ་ནི་མ་རིག་པའོ། །དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའོ། །འདི་དག་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ། །དེ་ལ་བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་བ་འདི་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ཕུང་པོ་གཟུགས་ཅན་མ་ཡིན་པ་བཞི་དང་། གཟུགས་གང་ཡིན་པ་དེ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱའོ། །མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད་པ་རྣམས་འབྱུང་སྟེ། དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱའོ། །སྐྱེ་མཆེད་དྲུག་པོ་དག་ལ་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ། །
  ཇི་ལྟ་བུར་རེག་པ་འབྱུང་བ་དེ་ལྟ་བུར་ཚོར་བ་འབྱུང་སྟེ། དེ་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་དེ་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱའོ། །མྱོང་བ་དང་། མངོན་པར་དགའ་བ་དང་། ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པ་ལས་བདག་སྡུག་པའི་ངོ་བོ་དང་། བདེ་བའི་ངོ་བོ་དང་བྲལ་བར་མ་གྱུར་ཅིག་སྙམ་དུ་ཡོངས་སུ་མི་གཏོང་བར་ཕྱིར་ཞིང་སྨོན་པ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ། །དེ་ལྟར་སྨོན་ཅིང་ཡང་སྲིད་པ་སྐྱེད་པའི་ལས་ལུས་དང་། ངག་དང་། ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ། །ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ། །སྐྱེས་ནས་མངོན་དུ་འགྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་ཡོངས་སུ་སྨིན་པ་དང་། འཇིག་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མི་རྟག་པ་མ་ཡིན།འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་པའོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་རྒྱུ་གཞན་དང་གཞན་ལས་བྱུང་བ། རྐྱེན་གཞན་དང་གཞན་ལས་བྱུང་བ། རྟག་པ་མ་ཡིན། མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མེད་པ་མ་ཡིན། རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟད་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ཐོག་མ་མེད་པའི་དུས་ནས་ཞུགས་པ། རྒྱུན་མ་ཆད་པར་ཀླུང་གི་རྒྱུན་བཞིན་དུ་རྗེས་སུ་ཞུགས་མོད་ཀྱི། འོན་ཀྱང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་དག་བསྡུ་བར་བྱ་བའི་རྒྱུར་འགྱུར་རོ། །
  བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པའོ། །དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱི་རང་བཞིན་གྱིས་རྒྱུ་བྱེད་དོ། །ལས་ནི་ཞིང་གི་རང་བཞིན་གྱིས་རྒྱུ་བྱེད་དོ། །མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱིས་རྒྱུ་བྱེད་དོ། །དེ་ལ་ལས་དང་ཉོན་མོངས་པ་དག་ནི་ས་བོན་རྣམ་པར་ཤེས་པ་སྐྱེད་དོ། །དེ་ལ་ལས་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ། །སྲེད་པ་ནི་ས་བོན་རྣམ་པར་ཤེས་པ་རླན་པར་བྱེད་དོ། །མ་རིག་པ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ། རྐྱེན་འདི་དག་མེད་ན་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ། །དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ། །མ་རིག་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་གདབ་བོ་སྙམ་དུ་མི་སེམས་སོ། །
  ས་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་ས་བོན་རྣམ་པར་ཤེས་པ་ལས་ཀྱི་ཞིང་ལ་རྟེན་པ། སྲེད་པའི་རླན་གྱིས་བརླན་པ། མ་རིག་པའི་ལུད་ཀྱིས་བྲན་པ། སྐྱེ་བ་ན་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ། མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉིས་ཀས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རང་བཞིན་ལས་མ་བྱུང་། བྱེད་པ་ལ་རག་ལས་པ་མ་ཡིན། རྒྱུ་མེད་པ་ལས་ཀྱང་མ་སྐྱེས་ཏེ། འོན་ཀྱང་ཕ་དང་མ་ཕྲད་པ་དང་། ཟླ་མཚན་དང་ལྡན་པ་དང་། རྐྱེན་གཞན་ཡང་འཚོགས་ན་བདག་པོ་མེད་པའི་ཆོས། བདག་གི་མེད་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པའི་ས་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་བོ། །
  འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔས་འབྱུང་སྟེ། ལྔ་གང་ཞེ་ན། མིག་ལ་རྟེན་པ་དང་། གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་སྐྱེད་པའི་ཡིད་ལ་བྱེད་པ་ལ་ཡང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་དོ། །གཟུགས་ནི་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱེད་དོ། །སྣང་བ་ནི་མངོན་པའི་བྱ་བ་བྱེད་དོ། །ནམ་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ། །
  དེ་དང་འབྱུང་བ་ཡིད་ལ་བྱེད་པ་ནི་བསམ་པའི་བྱ་བ་བྱེད་དོ། །རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལ། དེ་བཞིན་དུ་གཟུགས་དང་། སྣང་བ་དང་། ནམ་མཁའ་དང་། དེ་དང་འབྱུང་བ་ཡིད་ལ་བྱེད་པ་དག་མ་ཚང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར་ཤེས་པ་འབྱུང་བར་འགྱུར་རོ། །དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །གཟུགས་ཀྱང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །སྣང་བ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མངོན་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །
  ནམ་མཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །དེ་དང་འབྱུང་བའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་བསམ་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ། །མིག་གི་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །
  དེ་བཞིན་དུ་དབང་པོ་ལྷག་མ་རྣམས་ཀྱང་ཅི་རིགས་སུ་སྦྱར་རོ། །དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མེ་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པ་ཡང་ཡོད་དོ། །
  དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ་གཞན་དུ་ཡང་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི།རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ། །
  དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ་གཞན་དུ་ཡང་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པ་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན་མེ་ནི་རྒྱུ་དང་རྐྱེན་མ་ཚང་ན་མི་འབར་གྱི་རྒྱུ་དང་རྐྱེན་འཚོགས་པ་ལས་འབར་རོ། །
  དེ་བཞིན་དུ་བདག་པོ་མེད་པའི་ཆོས། བདག་གི་མེད་པ། འཛིན་པ་མེད་པ། ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་སྐྱེ་བའི་གནས་ཉིང་མཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བོན་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བསྐྱེད་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། དེ་ལྟར་ན་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ། །
  དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པ་ལྔར་བལྟ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུའོ། །
  ཇི་ལྟར་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ། སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་བའི་ཕུང་པོ་གང་ཡིན་པ་དེ་ཉིད་སྐྱེ་བའི་ཆར་གཏོགས་པ་རྣམས་མ་ཡིན་གྱི། ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགག་ལ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ། །
  ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས་སྔོན་འགགས་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན། མ་འགགས་པ་ལས་ཀྱང་མ་ཡིན་གྱི། ཐ་མའི་འཆི་བའི་ཕུང་པོ་རྣམས་ཀྱང་འགགས་ལ། དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་སྲང་མདའི་མཐོན་དམན་བཞིན་འབྱུང་བར་འགྱུར་ཏེ། དེའི་ཕྱིར་ཆད་པར་མ་ཡིན་ནོ། །
  ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་པ་མཉམ་པའི་སྐྱེ་བར་སྐྱེ་བ་མངོན་པར་སྒྲུབ་པས་དེའི་ཕྱིར་འཕོ་བར་མ་ཡིན་ནོ། །ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ། དེའི་ཕྱིར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མངོན་པར་འགྲུབ་པོ། །ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ། །
  བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅོམ་ལྡན་འདས་ཀྱིས་ཡང་དག་པར་གསུངས་པ་འདི་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་སྲོག་མེད་པ་དང་། སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོགས་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། ནད་དང་།འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི་ཅི་བདག་འདས་པའི་དུས་ན་འབྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག །བདག་འདས་པའི་དུས་ན་ཅིར་གྱུར་པ་ཞིག །བདག་འདས་པའི་དུས་ན་ཇི་ལྟ་བུར་གྱུར་པ་ཞིག་གུ་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ། །
  ཅི་མ་འོངས་པའི་དུས་ན་འབྱུང་བར་འགྱུར་རམ། འོན་ཏེ་མ་འོངས་པའི་དུས་ན་འབྱུང་བར་མི་འགྱུར། །མ་འོངས་པའི་དུས་ན་ཅིར་འགྱུར། མ་འོངས་པའི་དུས་ན་ཇི་ལྟ་བུ་ཞིག་ཏུ་འགྱུར་སྙམ་དུ་ཕྱི་མའི་མཐའ་ལ་མི་རྟོག་གོ། །འདི་ཅི་ཞིག །འདི་ཇི་ལྟ་བུ་ཞིག །ཅི་ཞིག་ཡོད། ཅིར་འགྱུར། སེམས་ཅན་འདི་དག་གང་ནས་འོངས། འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་ད་ལྟར་བྱུང་བ་ལ་ཡང་མི་རྟོག་གོ། །
  འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེ་དག་གི་ལྟ་བར་སོང་བ་ཐ་དད་པ་གང་དག་ཡོད་པ་འདི་ལྟ་སྟེ། བདག་ཏུ་སྨྲ་བ་དང་ལྡན་པའམ། སེམས་ཅན་དུ་སྨྲ་བ་དང་ལྡན་པའམ། སྲོག་ཏུ་སྨྲ་བ་དང་ལྡན་པའམ། གང་ཟག་ཏུ་སྨྲ་བ་དང་ལྡན་པའམ། དགེ་མཚན་དང་བཀྲ་ཤིས་སུ་སྨྲ་བ་དང་ལྡན་པ་དག་ཀྱང་རུང་སྟེ། ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དེ་དག་དེའི་ཚེ་ན་དེས་སྤངས་པར་འགྱུར་ཏེ། ཡོངས་སུ་ཤེས་ནས་རྩ་བ་ནས་བཅད་དེ། ཏ་ལའི་མགོ་བཞིན་མི་སྣང་བའི་རང་བཞིན་དུ་ཕྱིས་མི་སྐྱེ་མི་འགག་པའི་ཆོས་ཅན་དུ་འགྱུར་རོ། །
  བཙུན་པ་ཤཱ་རིའི་བུ་གང་ལ་ལ་ཆོས་ལ་བཟོད་པ་འདི་ལྟ་བུ་དང་ལྡན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའང་ཡང་དག་པར་ཁོང་དུ་ཆུད་ན་དེ་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །
  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་སྐད་ཅེས་སྨྲས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་བཤད་པ་ལ་མངོན་པར་བསྟོད་དོ། །
  འཕགས་པ་སཱ་ལུའི་ལྗང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།།