ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > གྲུབ་མཐའ།

ཤེར་སྙིང་བསྡུས་པ་བཞུགས་སོ། །

སྤེལ་དུས 2022-11-22 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
  གསལ་བཤད།
  ཤེར་སྙིང་བསྡུས་པ་འདི་བོད་དུ་འགྱུར་ཡོད་མོད། དར་ཁྱབ་བྱུང་མེད། ད་རེས་ ཏུན་ཧོང་གཏེར་ཡིག་གི་ཤེར་སྙིང་བསྡུས་པ་དང་རྒྱ་ཡིག་གི་ཤེར་སྙིང་བསྡུས་པ་གཉིས་བསྡུར་གྱིས་ཤེས་རབ་སྙིང་བོ་ལས་ཕྱུང་སྟེ་བཀོད་པ་འདི་ཉིད་ཀུན་གྱི་དགའ་སྟོན་དུ་ཕུལ་བ་ཡིན།
  བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ་བཞུགས་སོ། །
  ༄༅། །རྒྱ་གར་སྐད་དུ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏཱ་ཧྲི་ད་ཡ། བོད་སྐད་དུ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ། ཐམས་ཅད་མཁྱེན་པ་ཉིད་ལ་ཕྱག་འཚལ་ལོ། །
  བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་ཕུང་བོ་ལྔ་བོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་བར་རྣམ་པར་བལྟའོ། །
  ཤཱ་རིའི་བུ།གཟུགས་སྟོང་བའོ། །སྟོང་བ་ཉིད་གཟུགས་སོ། ། གཟུགས་ལས་ཀྱང་སྟོང་བ་ཉིད་གཞན་མ་ཡིན། སྟོང་བ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་བའོ། །
  ཤཱ་རིའི་བུ། དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་བ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །
  དེ་ལྟ་བས་ན་སྟོང་བ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་རྣམས་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད། མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །
  མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས་རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ། །
  དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས། མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །
  དུས་གསུམ་དུ་མངོན་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །
  དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། མི་རྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱ་ཧཱ།
  ཤེར་སྙིང་བསྡུས་པ་འདི་ནི་ཏུན་ཧོང་གཏེར་ཡིག་གི་ཤེར་སྙིང་བསྡུས་པ་དང་རྒྱ་ཡིག་གི་ཤེར་སྙིང་བསྡུས་པ་གཉིས་བསྡུར་ནས་ཤེར་རབ་སྙིང་བོ་ལས་ཕྱུང་སྟེ་བཀོད་པའོ།།