ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

གངས་ལྗོངས་ཀྱི་ཤམ་བྷ་ལ་ངེས་དོན་བསྟན་པའི་འབྱུང་གནས་ཇོ་ནང་རི་ཁྲོད་ཆེན་མོ།

སྤེལ་དུས 2017-08-23 ཡོང་ཁུངས། བོད་ཀྱི་རིག་གནས་ཀུན་འདུས་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།
 
 
 
           དེ་ཡང་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་གནས་གཞི་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང༌། སྒོས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་མཆོག་ཏུ་བྱིན་གྱིས་བརླབས། ཐོག་མར་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་བོད་དུ་བྱོན་པའི་དུས། ཕྱི་ལོ༨༡༠ཡས་མས་སུ་བརྟན་མ་བཅུ་གཉིས་ཀྱི་གནས་རྣམས་སུ་བྱོན་ཞིང༌། ཁྱད་པར་ནགས་རྒྱལ་གྱི་རི་ལ་ལན་མང་དུ་ཕེབས་པ་དང༌། ཇོ་ནང་བའི་སྒྲུབ་ཕུག་གོང་འོག་རྣམས་སུ་བཞུགས་པར་གྲགས།
           གཞན་ཡང་རིག་པ་འཛིན་པའི་ས་ལ་བཞུགས་པ། སྣུབས་ཆེན་ནམ་མཁའི་སྙིང་པོ་དང༌། ངན་ལམ་ཀླུའི་རྒྱལ་མཚན། པ་ནམ་པ་ཚུལ་ཁྲིམས་འབྱུང་གནས་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་པོས་སྒྲུབ་གནས་སུ་མཛད་ཅིང༌། བོད་འདིར་གསང་སྔགས་ཀྱི་བསྟན་པ་ཐོག་མར་བཀའ་དྲིན་ཆེ་བ་འབྲོག་མི་ལོ་ཙཱ་བའི་སློབ་མ། གྲུབ་ཐོབ་མ་བཞིའི་གཙོ་མོ་བཟང་སྒོམ་དཀོན་མཆོག་ཅེས་བྱ་བ་གནས་འདིར་བཞུགས་ཤིང་མཐར་འཇའ་ལུས་སུ་གཤེགས་ཤུལ་ད་ལྟ་ཡང་མཇལ་རྒྱུ་ཡོད། དེ་རྗེས་མ་ཅིག་སངས་རྒྱས་རི་མ་ཡུན་རིང་བཞུགས་ཤིང་བཀའ་གདམས་དང་རྫོགས་ཆེན་གྱི་སྒྲུབ་གྲྭ་བསྐྱངས། དེ་ཉིད་ཀྱི་སྒྲུབ་གྲྭ་མ་སྟོང་བའི་རྒྱུན་ལ། གྲུབ་ཐོབ་འདར་འཕྱར་རིན་ཆེན་བཟང་པོ་ཕེབས་ཏེ། གསང་འདུས་རིམ་ལྔ་གཙོ་བོར་གྱུར་བའི་གསར་རྙིང་གཉིས་འདུས་ཀྱི་སྒྲུབ་གྲྭ་མཛད། སེམས་འགྲེལ་སྐོར་གསུམ་ཉམས་སུ་བཞེས་པས་སྦྱོར་བ་ཡན་ལག་དྲུག་གི་ཉམས་རྟོགས་མཐར་ཕྱིན། འདི་དག་གི་སྐབས་སུ་སྒྲུབ་པ་གཙོ་བོར་འཛིན་པའི་གནས་མཆོག་ཅིག་ཡིན། སྒྲུབ་པའི་གནས་མཆོག་འདི་ནི་རིགས་ལྡན་སྤྲུལ་པའི་སྐུ། གྲུབ་ཐོབ་ཆེན་པོ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཕྱི་ལོ༡༢༩༣ལོར་གདན་ས་བསྐྱངས་པས་གནས་མིང་ཆོསརྒྱུད་ལ་ཐོགས་ནས་དཔལ་རྒྱལ་བ་ཇོ་ནང་བ་ཞེས་གྲགས་པའི་སྙན་པ་སྲིད་པའི་རྩེ་མོར་གཡོ་བའི་གདན་ས་ཁྱད་པར་ཅན་དེ་ཉིད་ལགས། གདན་ས་འདིར་ཀུན་མཁྱེན་དོལ་པོ་བ་ལ་སོགས་པའི་གདན་རབས་པ་སུམ་ཅུའི་རིང་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་རྒྱ་ཆེར་སྤེལ་པས་མཁས་གྲུབ་མང་པོ་བར་མ་ཆད་པར་བྱོན་ཞེས་གཏམ་སྙན་ལྷ་ཡི་རོལ་མོ་ཕྱོགས་ཀྱི་བུ་མོའི་མཛེས་རྒྱན་དུ་དུས་ད་ལྟའི་བར་དུ་མ་རྙིང་བར་སྤུད་ནས་ཡོད། གནས་འདིའི་མཐོང་གྲོལ་ཆེན་མོ་གནས་ཀྱི་ལྟེ་བར་བྱས་ནས་རྒྱབ་རིའི་གཡོན་ཕྱོགས་ཉི་བསྟན་ལ། ཆོས་རྗེ་ཡབ་སྲས་བཞིའི་བཞུགས་གནས་རྡོ་རྗེ་ཕག་མོའི་གནས་སྐྱིད་ཕུག་བདེ་ལྡན་འོད་གསལ་བྲག དེའི་གཡས་ཕྱོགས་ན་རིན་པོ་ཆེ་ཤེས་རབ་འབུམ་དང༌། མཁས་མཆོག་ཉ་དབོན་ཀུན་དགའ་དཔལ། རྒྱལ་སྲས་དངུལ་ཆུ་ཆོས་རྫོང་བའི་ཐུགས་སྲས་རྒྱ་མ་པ་ཡོན་ཏན་འོད་སོགས་ཀྱི་བཞུགས་གནས། ཤུག་པ་གནམ་ཕྱང་བདེ་ཆེན་བྲག་དེའི་སྟོད་ན་མཁས་གྲུབ་ཨོ་རྒྱན་དཀོན་མཆོག་གྲགས་པའི་བཞུགས་གནས། ཕུག་པ་གོང་འོག་གཉིས་ཡོད་པའི་གོང་མ་ན་སློབ་དཔོན་པད་འབྱུང་གི་བཞུགས་གནས། ཕྱིས་གྲུབ་ཐོབ་འདར་འཕྱར་བ་ཡུན་རིང་བཞུགས་ནས་སློབ་དཔོན་གྱིས་ཞལ་མངོན་སུམ་དུ་གཟིགས། སྐྱིད་ཕུག་གི་འོག་ན་དགེ་སློང་བཀྲ་ཤིས་བཟང་པོའི་བཞུགས་གནས་དང༌། རྡོ་རྗེ་གདན་དང༌། པདྨ་གདན་ཞེས་པའི་ཕུག་པ་གཉིས་ནི་ཆོས་རྗེས་འཛིན་པ་མཐར་ཕྱིན་པའི་གནས་ཡིན། ཐོག་མའི་བླ་མ་རྣམ་གསུམ་ཡུན་རིང་བཞུགས་པའི་གཟིམ་ཁང་དང་རྟ་མགྲིན་གྱིས་ཞལ་མངོན་སུམ་དུ་གཟིགས། སྒྲུབ་གནས་དེ་དག་རྒྱས་པར་ཤེས་འདོད་ན་རྗེ་བཙུན་གྱིས་མཛད་པའི་ཇོ་ནང་བའི་གནས་བཤད་ལ་གཟིགས་པར་ཞུ།