ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

དགེ་ལུགས་པའི་དགོན་ཆེན་སེ་འབྲས་དགེ་གསུམ་རགས་ཙམ་གླེང་བ།

སྤེལ་དུས 2018-02-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
དང་པོ། དགའ་ལྡན་དགོན་པ།
             མཚན་སྙན་གྱི་བ་དན་སྲིད་པའི་རྩེ་ན་གཡོ་བཞིན་པའི་དགེ་ལུགས་པའམ་ཞྭ་སེར་ཅོད་པན་འཆང་བའི་ལུགས་འཁྲུལ་མེད་དུ་འཛིན་པའི་ཐོག་མའི་དགོན་པ་སྟེ། དགའ་ལྡན་དགོན་པ་ཇི་ལྟར་བཞེངས་ཚུལ་མདོ་ཙམ་བརྗོད་ན། དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་ཉིད་དགུང་ལོ་བདུན་བཞེས་པའི་དུས་སུ་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་བར་མ་རབ་བྱུང་གི་ཚུལ་ཁྲིམས་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བློ་བཟང་གྲགས་པ་ཞེས་པའི་མཚན་གསོལ་བར་མཛད་ཅིང་།  བླ་མ་དམ་པ་དེ་ཉིད་ལས་མདོ་སྔགས་ཀྱི་གདམས་པ་མང་དུ་གསན་ཏེ་དགུང་ལོ་བཅུ་དྲུག་བཞེས་པའི་ཚེ་བོད་ལྗོངས་སུ་བྱོན།   བཀའ་ཤག་ས་སྐྱ་ལ་སོགས་པའི་བླ་མ་མང་པོའི་ཞབས་ལ་གཏུགས་ནས། ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པ་མཛད་དེ། སྤྱོད་ཕྱོགས་སློབ་དཔོན་ཐོགས་མེད་ཀྱི་རྗེས་ཞུགས་བཀའ་གདམས་པ་དང་། ལྟ་བ་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལྟར་བསྐྱངས་པས་བཀའ་གདམས་གསར་མ་པའམ།  ཞྭ་སེར་རི་བོ་དགེ་ལུགས་པའི་སྲོལ་འབྱེད་གནང་སྟེ།  ད་ལྟའི་བར་བགྲང་བྱ་ལྔ་བརྒྱ་བརྒྱད་ཅུ་ལྷག་གི་ལོ་རྒྱུས་ལྡན་པ་རེད།  རབ་བྱུང་བདུན་པའི་ས་མོ་གླང་སྟེ་སྤྱི་ལོ1409ལོར་རྗེ་བདག་ཉིད་ཆེན་པོའི་ཞབས་འབྲིང་བུ་སློབ་རྣམས་ཀྱིས་གདན་ས་དབེན་དགོན་ཞིག་གདིང་བའི་ཞུ་བ་སྔར་ནས་ཡང་ཡང་ཕུལ་བ་ལྟར་དང་། སྡེ་བ་དང་བུ་སློབ་ཡོན་བདག་སོ་སོ་ནས་ཀྱང་དགོན་པ་རྙིང་བ་དང་། གསར་བ་འདིང་བར་བདག་རྐྱེན་བྱེད་ཅེས་པའི་གསོལ་བ་འདེབས་མཁན་མང་དུ་བྱུང་བ་ལ།  རྗེ་ཉིད་ནས་ཀྱང་འབྲོག་རི་བོ་རྩེ་ཉིད་དུ་གདན་ས་འདེབས་པའི་དུས་ལ་བབ་པར་མངོན་སུམ་དུ་གཟིགས་ཤིང་མཁྱེན་ནས།  ལོ་དེར་རྒྱལ་བས་ལུང་བསྟན་པ་ལྟར་འབྲོག་རི་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ། སྔ་གཞུག་ཏུ་དྭགས་པོ་གྲྭ་ཚང་དང་། བྱང་རྩེ་གྲྭ་ཚང་། ཉག་རོང་གྲྭ་ཚང་སོགས་བཏབ་ཅིང་། དགེ་འདུན་པ་ཆེས་མང་བའི་སྐབས་སུ་བརྒྱད་སྟོང་བརྒྱད་བརྒྱ་ལ་བུད་མྱོང་ངོ་།   །རྗེ་བདག་ཉིད་ཆེན་པོ་ཁོང་དགུང་ལོ་རེ་གསུམ་པ་ས་མོ་ཕག་གི་ལོར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཕྱིས་སུ།  རྒྱལ་ཚབ་ཐམས་ཅད་མཁྱེན་པ་དང་མཁས་གྲུབ་སྨྲ་བའི་སེང་གེ་རྣམ་གཉིས་སྔ་གཞུག་ཏུ་ལོ་འཁོར་ཉི་ཤུ་ལྷག་ལ་རྗེ་བླ་མའི་ཆོས་ཁྲིར་བཞུགས་ནས་དགེ་ལྡན་བསྟན་པའི་རྐང་ཚུགས་པར་མཛད་དོ། །ལྷ་ལྡན་སྨོན་ལམ་ཆེན་མོའི་མཆོད་རྒྱུན་གྱི་སྲོལ་འཛུགས་པ་ཡང་དགའ་ལྡན་དགོན་པ་འདེབས་པའི་ལོ་དང་དུས་མཉམ་པ་ལགས།
             གཞན་ཡང་དགེ་ལུགས་པའམ་དགའ་ལྡན་པ་ཞེས་པ་ནི་གདན་སའི་མིང་གིས་བཏགས་པ་སྟེ། རྗེ་རིན་པོ་ཆེས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས་སྐུ་ཚེ་སྨད་དུ་དེར་སྟན་ཆགས་པར་བཞུགས་པ་ལ་བརྟེན་ནས། རྗེའི་རིང་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་།   དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལྡན་པ་ཞེས་ཟེར་བ་མ་བདེ་བས། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ཞེས་ལོ་རྒྱུས་ཀྱི་དེབ་ཐེར་མེ་ལོང་ལས་གསལ་བོར་བསྟན་ཡོད་དོ། །
གཉིས་པ། འབྲས་སྤུངས་དགོན་པ།
             དེ་ཡང་མདོ་དབུས་གཙང་གསུམ་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཆོས་སྡེ་ཆེན་པོ་འབྲས་སྤུངས་དགོན་པ་ནི།  གངས་ཅན་བོད་ཀྱི་ལྟེ་བ་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་ཀྱི་སྤྱི་ལེ་བཅུ་གཉིས་ཀྱི་མཚམས་སུ་ལྷང་ངེར་མངོན་འདུག  གྲགས་པའི་རྫ་རྔ་སྲིད་གསུམ་ཁམས་སུ་ཁྱབ་བཞིན་པའི་ཆོས་སྡེ་ཆེན་པོ་འབྲས་སྤུངས་དགོན་པ་དེ།   མདོ་སྔགས་བསྟན་པའི་བདག་པོ་ཤར་ཙོང་ཁ་པ་མཆོག་གི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་རབ་བྱུང་བདུན་པའི་མེ་ཕོ་སྤྲེལ་ཏེ་སྤྱི་ལོ1416ལོར་བཏབ་ཅིང་། ད་ལྟའི་བར་ལོ་འཁོར་ལྔ་བརྒྱ་དོན་གསུམ་གྱི་ལོ་རྒྱུས་ལྡན་པ་རེད། དགོན་པ་དེ་གསར་བཞེངས་མ་གནང་བའི་སྔོན་ལ།    རྗེ་བདག་ཉིད་ཆེན་པོས་འཇམ་དབྱངས་ཆོས་རྗེ་ལ། ཁྱེད་ཀྱིས་ཆོས་སྡེ་ཕུན་སུམ་ཚོགས་པ་ཞིག་ཐོབ་དང་དགོན་པ་ལས་བུ་དགའ་བའི་དར་རྒྱས་ཆེ་བ་འོང་གསུངས་ཤིང་། རྗེ་རང་གིས་དགོན་པ་རི་ནས་གཏེར་བཞེས་པའི་ཆོས་དུང་གནང་།   སྣེའུ་དཔོན་རིན་བཟང་གིས་སྦྱིན་བདག་མཛད་ནས་ཆོས་སྡེ་ཆེན་པོ་འབྲས་སྤུངས་དགོན་གསར་བཞེངས་མཛད།  ད་དུང་རྗེ་རིན་པོ་ཆེས་འཇམ་དབྱངས་ཆོས་རྗེ་ལ།  ཁྱེད་ཀྱིས་པོ་ཏི་བརྒྱ་བློ་ཐོག་ནས་ཤོད་གསུངས་པས།    སྔགས་མཚན་ཉིད་ཀྱི་པོ་ཏི་བརྒྱ་དང་བརྒྱད་ཀྱི་ཚིག་དོན་མཐའ་དག་ཐུགས་ལ་བཟུང་ནས་འཆད་པར་མཛད།  དབུ་ཚད་དང་ཕར་ཕྱིན་སོགས་རྗེ་བླ་མའི་རང་ལུགས་ཀྱི་བཤད་སྲོལ་དྲི་མ་མེད་པའི་འཆད་ཉན་རྒྱུན་མི་ཆད་དུ་གནང་བས། གསུང་ལས་སྐྱེས་པའི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་། གསར་དགོན་དེར་གྲྭ་ཚང་སྔ་གཞུག་ཏུ་བདུན་བྱུང་བ་སྟེ།  སྒོ་མང་།  བློ་གསལ་གླིང་། བདེ་ཡངས་པ། ཤག་སྐོར་ཐོས་བསམ་གླིང་ངམ་རྒྱལ་བ། འདུལ་བ། སྔགས་པ་གྲྭ་ཚང་བཅས་སོ། །རྣམ་དཔྱོད་ཀྱི་རིག་པ་ཤིན་ཏུ་ཡངས་པའི་མཁས་དབང་ཆེན་པོ་འཇམ་དབྱངས་ཆོས་རྗེ་མཆོག་གིས་དགོན་པ་གསར་འཛུགས་གནང་བའི་ཕྱིས་སུ།  འབྲས་སྤུངས་མཁན་ཁྲིར་དཔལ་ལྡན་སེང་གེ་དང་།  རིན་ཆེན་བྱང་ཆུབ།  རྗེ་དབོན་བློ་བཟང་ཉི་མ།  རོང་སྟོན་བློ་བཟང་གྲགས་པ།  ཉན་པོ་ཤཱཀྱ་རྒྱལ་མཚན། རྗེ་སྨོན་ལམ་དཔལ། འཇམ་དབྱངས་ལེགས་པ་ཆོས་འབྱོར། སྟོང་སྐོར་ཡོན་ཏན་རྒྱ་མཚོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ། པཎ་ཆེན་བསོད་ནམས་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། ཡོན་ཏན་རྒྱ་མཚོ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།  རྒྱལ་དབང་ལྔ་བ་ཆེན་པོ་སོགས་རིམ་གྱིས་བཞུགས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར།  བསམ་གྱིས་མི་ཁྱབ་པའི་ལྷ་རྟེན་ཆོས་གསུམ་གསར་སྣོན་མཛད་དེ་དགོན་པ་འདི་རྒྱ་ཆེ་རུ་་བཏང་། དགོན་པ་དེར་དགེ་འདུན་པ་ཆེས་མང་བའི་སྐབས་སུ་བདུན་སྟོང་ལྷག་ལ་བུད་མྱོང་། དེ་ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བའི་སྐབས་སུ། རི་བོ་དགེ་ལུགས་པའི་ཆོས་དང་།    བོད་ས་གནས་སྲིད་གཞུང་གི་ཆབ་སྲིད་ལུགས་གཉིས་ཟུང་འབྲེལ་གྱི་སྒོ་ནས་བོད་ལྗོངས་ཡོངས་ལ་དབང་སྒྱུར་བའི་ལམ་ལུགས་དེ་དགོན་པ་འདིའི་དགའ་ལྡན་ཕོ་བྲང་དུ་ཐོག་མར་བཙུགས་པ་ལགས།
གསུམ་པ། སེ་ར་དགོན་པ།
             གངས་རིའི་ལྗོངས་ཀྱི་དགེ་ལུགས་པའི་བསྟན་པ་ལེགས་པར་སྐྱོང་བའི་དགོན་ཆེན་དྲུག་གི་ཡ་གྱལ་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ནི།  མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ལྷ་ལྡན་གྲོང་ཁྱེར་གྱི་བྱང་ཕྱོགས་སྤྱི་ལེ་བདུན་གྱི་མཚམས་སུ་མངོན་པར་ཆགས་འདུག  རྗེ་བདག་ཉིད་ཆེན་པོས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་སྟེ་ལོ་འཁོར་བརྒྱད་པ་ནས་འབྲས་སྤུངས་དགོན་པ་གསར་བཞེངས་མཛད་པ་དང་། དེ་ནས་ལོ་འཁོར་བཅུ་གཅིག་པ་སྟེ། རབ་བྱུང་བདུན་པའི་ས་ཕོ་རྟ་སྟེ་སྤྱི་ལོ་1426ལོར་རྗེ་རིན་པོ་ཆེའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་སེ་ར་དགོན་པ་འདི་བཏབ།  མདོ་དབུས་གཙང་གསུམ་གྱི་དགོན་ཆེན་དྲུག་གི་ཡ་གྱལ་དུ་གྱུར། རབ་བྱུང་བདུན་པའི་ས་ཕོ་བྱི་སྟེ་སྤྱི་ལོ་1408ལོར་བྱམས་ཆེན་ཆོས་རྗེ་ཁོང་ཉིད་རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་རྒྱ་ཡུལ་དུ་་བྱོན་ནས་ཡུང་ལོ་དང་དེའི་སྲས་ཟོན་ཏེ་རྒྱལ་པོ་གཉིས་ཀྱི་བླ་མར་མཛད་ཅིང་། རྒྱ་ནག་གི་ཡུལ་གྲུར་རྗེ་བླ་མའི་རང་ལུགས་དར་བའི་དབུ་བཙུགས། བོད་དུ་བྱོན་ནས་རྗེ་བདག་ཉིད་ཆེན་པོའི་བཀའ་བཞིན་སེ་ར་ཐེག་ཆེན་གླིང་བཏབ་སྟེ་སླར་ཡང་རྒྱ་ཡུལ་དུ་འབྱོན་སྐབས་མཁན་ཁྲིར་དཀའ་བཅུ་བ་དར་རྒྱས་བཟང་པོ་བསྐོས།   དེའི་རྗེས་སུ་མཚུངས་མེད་ཆོས་རྗེ་ཞེས་གྲགས་པ་གུང་རུ་རྒྱལ་མཚན་བཟང་པོ་བཞུགས།  སྐབས་དེར་གསུང་ལས་སྐྱེས་པའི་སློབ་མ་ཡང་མཁས་གྲུབ་དཔལ་ལྡན་སེང་གེ་རིན་ཆེན་བྱང་ཆུབ་སོགས་མང་དུ་བྱོན།  དེའི་རྗེས་སུ་པཎ་ཆེན་བསོད་ནམས་གྲགས་པ། ཆོས་གྲགས་བཟང་པོ། རྒྱལ་བ་བསོད་ནམས་རྒྱལ་མཚན། སྟོང་སྐོར་ཡོན་ཏན་རྒྱ་མཚོ། རྒྱལ་བ་ཡོན་ཏན་རྒྱ་མཚོ། པཎ་ཆེན་བློ་བཟང་ཆོས་རྒྱན།  རྒྱལ་དབང་ལྔ་བ་ཆེན་པོ་རྣམས་སྔ་གཞུག་ཏུ་བཞུགས་ཤིང་། དེ་ནས་བཟུང་སྐུ་རིམ་བྱོན་གྱིས་དགོན་པ་འདིར་འཛིན་བདག་མཛད།  གཞན་ཡང་བྱམས་ཆེན་ཆོས་རྗེ་མཆོག་རྒྱ་ཡུལ་ནས་ཕྱིར་ལོག་སྐབས་རྟེན་སྐལ་དུ་བསྣམས་ཕེབས་པའི་གསེར་ཆོས་བཀའ་འགྱུར་དང་ཙན་དན་གྱི་གནས་བརྟན་བཅུ་དྲུག་བཅས་པ་གསར་དགོན་འདིའི་རྟེན་འགངས་ཆེན་དུ་གྱུར་ཡོད་དོ། །
             སེ་ར་ཐེག་ཆེན་གླིང་ལ་ཐོག་མར་གྲྭ་ཚང་ལྔ་ཡོད་ཀྱང་ཕྱིས་སུ་དགོས་མཁོའི་དབང་གིས་བྱམས་པ་གྲྭ་ཚང་དང་སྨན་པ་གྲྭ་ཚང་གཉིས་སུ་བསྒྲིལ་བ་དང་། དགེ་འདུན་པ་ཆེས་མང་བའི་སྐབས་སུ་ལྔ་སྟོང་ལྔ་བརྒྱ་ཡོད་ཅེས་སེམས་ཅན་ཀུན་གྱིས་གླེང་བཞིན་གདའ།  དགོན་པ་དེར་ཕྱག་མཇལ་ལྟ་སྐོར་དུ་ཕེབས་པའི་དད་ལྡན་སྐྱེ་བོ་བགྲང་ལས་འདས་པ་ཆུ་བོའི་རྒྱུན་བཞིན་གནའ་ནས་ད་ལྟའི་བར་དུ་ཟམ་ཆད་མ་མྱོང་ངོ་། །
             དེ་ལྟར་གདན་ས་ཆེན་པོ་རི་བོ་དགེ་ལྡན་གྱི་གཟི་དཔལ་ལ་བརྟེན་ནས་སེ་ར་དགོན་དང་འབྲས་སྤུངས་དགོན་པ་གཉིས་དང་། དེ་ནས་བུ་དང་ཚ་བོ་ཡང་ཚའི་ཚུལ་གྱིས་བཤད་སྒྲུབ་ཀྱི་ཆོས་སྡེ་མང་དུ་སྤེལ་ནས་རྗེ་བླ་མ་རིན་པོ་ཆེའི་རང་ལུགས་གསེར་ལྡན་འཛིན་མའི་ལྗོངས་ཡོངས་སུ་བར་མེད་དུ་ཁྱབ་པ་ལགས་སོ། །