ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཁྲི་ཀའི་ཡུལ་གྱི་གནས་ཆེན་བརྒྱད་ཀྱི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-03-05 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རམས་ཚེ་བྷོ།

            མདོ་སྨད་རྟེན་རྫོང་དུ་གྲགས་པའི་ཁྲི་ཀ་གསེར་སྨུག་ལྗོངས་ཞེས་པ་འདི་ཉིད་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལྷོ་ཕྱོགས་ན་གནས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་རྫོང་ལྔ་ཡོད་པའི་ནང་ཚན་དུ་གཏོགས་ཤིང་།  ཆུ་བོ་གསེར་གྱི་མངལ་ལྡན་རྨ་ཀླུང་རིང་མོ་ས་དབྱིབས་ནོར་བུ་དགའ་འཁྱིལ་དུ་འབབ་པའི་ཁུགས་པ་དང་པོའི་ནང་ངོས་སུ་ཆགས་ཡོད་ལ།  ཡུལ་འདིར་ཁྲི་ཀ་ཞེས་ཐོགས་ཚུལ་ལ་ངག་རྒྱུན་དང་འདྲེས་པའི་བཤད་ཚུལ་དུ་མ་མཆིས་ཤིང་།  ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་ཡ་གྱལ་འཕགས་མཆོག་ཕྱག་ན་རྡོ་རྗེ་མིའི་རྒྱལ་བོའི་རྣམ་པར་རོལ་བ།  བཙན་པོ་ཁྲི་རལ་བ་ཅན་མདོ་སྨད་དུ་དམག་ལ་བྱོན་ཏེ་ཁྲི་ཀའི་ཡུལ་འདིར་ཡུན་རིང་ཙམ་བཞུགས་སྐབས་སྔར་གྱི་མི་ཉག་མཆོད་རྟེན་དུ་ཉིད་ཀྱི་དབུ་སྐྲ་སྙིང་བོར་བཞུགས་སུ་བཅུག་ནས་མི་ཉག་མཆོད་རྟེན་དཀར་པོ་བཞེངས་པས་ན་ཁྲི་ཀ་ཞེས་ཐོགས་ཚུལ་དང་།  གཞན་རྨ་ཀླུང་སྒེག་མོ་གཡས་འཁྱིལ་དུ་འབབ་པའི་ཁུགས་པ་ལ་གཡུ་འབྲུག་ཆུ་གཟིགས་སུ་སྣང་བའི་གཉན་པོ་གདོང་གསུམ་གྱི་ཡ་གྱལ་ཤ་འབུམ་གདོང་སྣ་ཞེས་པའི་ཐང་ཆེན་དེ་ཁྲི་ཀའི་ཨ་མྱེས་ཡུལ་ལྷར་བཞུགས་ཁྲི་བརྒྱབ་པ་ལྟར་སྣང་བས་ཁྲི་ཀ་ཞེས་ཐོགས་ཚུལ་གྱི་གཏམ་རྒྱུད་མང་དུ་སྣང་ཡང་།  དོན་དངོས་སུ་ཡུལ་མིང་འདི་ནི་བོད་བཙན་པོའི་རྒྱལ་རབས་མ་ཉམས་པའི་དུས་སུ་མདོ་སྨད་འདིར་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་གནས་པར་གྲགས་པ་མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀ་ཡུལ་འདིར་ཡོད་སྟབས་ཁྲི་སྡེ་སྟོང་གི་ཡུལ་གྲུ་ཞེས་ཁྲི་ཀའི་མིང་ཐོགས་པ་མིང་རྒྱལ་རབས་སྐབས་ཀྱི་ཁྲི་དཔོན་གྱི་ཐམ་ག་ཞིག་ད་ལྟའི་བར་དུ་ཡོད་པ་ལས་གསལ་བོར་རྟོགས་ཐུབ།  ཡུལ་འདིའི་བསྣོད་བཅུད་ཀྱི་བཀོད་པ་ནི་ཁྲི་སྡེ་སྟོང་གི་མཐའ་འཁོར་གངས་རི་ར་བས་ལེགས་པར་བརྒྱན་ཅིང་ཁོ་ར་ཁོར་ཡུག་ལྗོན་ཤིང་དང་འབྲས་ལྡན་འཁྲི་ཤིང་སྣ་ཚོགས་ཀྱིས་ཡོངས་སུ་བཀླུབས་པས་ཡིད་འོང་གི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡིན་ལ།ས་འདིར་ས་གཤིས་བཟང་ཞིང་གནམ་གཤིས་ཀྱི་དྲོད་གྲང་སྙོམས་པ།  མཁའ་དབུགས་གཙང་བ་བཅས་དགེ་མཚན་མང་དུ་ཤར་བས་མདོ་དབུས་མཐོ་སྒང་གི་བརླན་ས་ཆེན་མོའམ་ཀྲུང་གོའི་ནུབ་རྒྱུད་ཀྱི་དབྱར་གནས་སྐྱིད་པོ་ཞེས་ཆོ་ལོ་མང་དུ་བསྩལ་ཡོད།  ལོ་འདི་གའི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་མཚོ་སྔོན་གནས་སྐོར་ལྗོངས་རྒྱུའི་ལས་གཞིའི་རྣམ་གྲངས་མང་དུ་སྤྱད་ནས་མི་རིགས་རིག་དངོས་སྲུང་སྐྱོང་གི་བྱེད་སྒོ་ཇེ་ཆེར་བཏང་སྟེ་རྟེན་རྫོང་ཕྱུག་མོའི་ཡུལ་གྱི་བཀོད་པ་རྣམ་པར་རྒྱས་ཤིང་བཅུད་ཀྱི་སེམས་ཅན་བདེ་བར་རོལ་བ་ཞིག་ཏུ་འཛུགས་སྐྲུན་བྱས་དང་བྱེད་མུས་སུ་ཡོད།

            ཇོ་ཇོ་ལྷ་ཁང་བྱིན་འོད་འབར་བ།
            མདོ་སྨད་ཁྲི་ཀའི་ཡུལ་དུ་བཙན་པོ་ལྷ་གསུམ་དང་གཉན་པོ་གདོང་གསུམ།  འགངས་ཆེན་རྟེན་བཞི་ཡོད་པའི་དཔལ་ཕུན་སུམ་ཚོགས་པའི་ཡུལ་འདིའི་སའི་སྙིང་བོར་བྱིན་རླབས་ཀྱི་ཚན་ཁ་མཆོག་ཏུ་འབར་བ་ལས་མི་ཉག་མཆོད་རྟེན་དཀར་པོ་མཐོང་བ་དོན་ལྡན་དང་།  ཇོ་ཇོ་ལྷ་ཁང་བྱིན་འོད་འབར་བ།  ལྷ་དཀར་པོ་བྱམས་པ་རང་སྐྱེས།  གདོང་སྣ་ཐུགས་རྗེ་ཆེན་པོ་བཅས་ལ་འགངས་ཆེན་རྟེན་བཞི་ཞེས་བྱིན་རླབས་མི་ཟད་པའི་གཏེར་དུ་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་ན་བརྗིད་པར་གནས་པ་ལས།  ཇོ་ཇོ་ལྷ་ཁང་བྱིན་འོད་འབར་མ་ནི།  ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་དང་བྱིན་རླབས་མཉམ་པར་གྲགས་ལ།  ཁྲི་ཀ་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སར་བཞེངས་ཡོད།  ཇོ་བོ་འདི་ནི་ཨ་མདོའི་ཇོ་ཆེན་བརྒྱད་ཀྱི་ནང་གི་གཅིག་ཡིན་ལ།  རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་ལམ་ནས་མདོ་སྨད་ཡུལ་དུ་ཇོ་ཆེན་བརྒྱད་བཞེངས་པར་གྲགས་པའི་གཅིག་ཡིན་ཡང་ཟེར།  ལོ་རྒྱུས་ཡོངས་གྲགས་སུ།  རབ་འདོད་ཆུ་སྟག་སྟེ་སྤྱི་ལོ1782ལོར་ཧོར་ཇིང་གིར་རྒྱལ་པོའི་གདུང་རྒྱུད་མདོ་སྨད་ལང་གྲུའི་ཕྱོགས་ཀྱི་ཁམས་ཀྱི་རྒྱལ་མཚན་གདན་འདྲེན་སྐབས་པཎ་ཁུ་དཔོན་ཕེབས་ཤིང་མི་ཉག་མཆོད་རྟེན་ལ་རབ་གནས་མཛད།  ཧོར་རྒྱལ་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས་དེར་གཞིར་བྱས་ལྷ་ཁང་གི་རྟེན་བརྟེན་པ་བཞེངས།  འདིར་ཇོ་ཇོ་ཟེར་བ་ནི་རྒྱ་སྐད་ཀྱིས་མུ་ཏིག་ལ་ཀྲིན་ཊུ་ཟེར་བ་ཆགས་པར་གྲགས་ཀྱང་ཇོ་ཇོ་དང་ཇོ་བོ་སོགས་ནི་བོད་རང་གི་མིང་བརྡ་རྣལ་མ་ཞིག་ཡིན་པ་ལས་ཟུར་ཆགས་ཀྱི་མིང་དུ་མི་སེམས་སོ།།  ཡང་གཅིག་བཤད་ན།  སི་ཁྲོན་དཀར་མཛེས་ཁུལ་ལྷ་སྒང་ཡུལ་གྱི་ཇོ་བོ་མི་འགྲོ་གསུང་འབྱོན་ཀྱང་ས་སྐྱ་པཎ་ཆེན་གྱིས་བཞེངས་པར་གྲགས་ལ།  ལྷ་ཁང་འདི་ཉིད་བཞེངས་སྐྲུན་གྱི་དུས་མཉམ་པས། འཇམ་མགོན་བླ་མ་ཁོང་ཉིད་ཀྱིས་མདོ་ཁམས་ཡུལ་དུ་རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་།  ཡུལ་དེའི་དད་ལྡན་མང་ཚོགས་མཇལ་བདེ་བའི་ཆེད་དུ་བཞེངས་པར་སྙམ་མོ།།  འདི་དག་བྱིན་རླབས་ཅན་གྱི་རྟེན་བཞི་ཟེར་བར་བརྟག་ན།  བཞེངས་པའི་དུས་ཧ་ཅང་སྔ་བའི་ཆ་ནས་བཏགས་པ་འདྲ་སྟེ།  ཐོག་མར་བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་མ་སོང་བའི་སྐབས་དག་ཏུ་བཞེངས་པ་ཡིན་ནམ་སྙམ་ཡང་བརྟག་པར་བྱ།  མདོ་སྨད་ཆོས་འབྱུང་དུ།  འདི་དང་པོར་ཆར་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པའི་ལོ་རྒྱུས་སྣང་ཞེས་ཀྱང་འབྱུང་ངོ་།།
            རབ་བྱུང་བཅུ་བདུན་པའི་ས་འབྲུག་སྟེ་སྤྱི་ལོ1988ལོའི་ཟླ་བརྒྱད་པར་ཆོས་དད་མང་ཚོགས་ཀྱི་རེ་བ་ལྟར་མཚོ་ལྷོ་ཁུལ་སྲིད་གཞུང་དང་ཁྲི་ཀ་རྫོང་འབྲེལ་ཡོད་སྡེ་ཁག་གིས་ཐོག་མར་ཇོ་ཁང་འདིའི་ཆོས་སྒོ་འབྱེད་རྒྱུར་ཆོག་མཆན་བཀོད་པ་དང་།  གཞུང་ཐོག་ནས་སྒོར་ཆིག་འབུམ་བཏང་བ་དང་དད་ལྡན་མང་ཚོགས་ཀྱི་ཞལ་འདེབས་བཅས་བསྡོམས་པས་སྒོར་སུམ་འབུམ་བཞི་ཁྲིས་འགྲོ་གྲོན་བཏང་ནས་ཇོ་ཁང་སླར་གསོ་བྱས།  རབ་རྒྱན་ལྕགས་རྟ་སྤྱི་ལོ1990ལོའི་ཧོར་ཟླ་དགུ་བའི་ཚེས་གསུམ་ལ་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པ་ཅན་ལྟ་བས་མཆོག་མི་ཤེས་པ་ལེགས་པར་བཞེངས་གྲུབ་བྱུང་བས།  རྗེ་དགེ་འདུན་ལེགས་བཤད་བསྟན་པ་རྒྱ་མཚོས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་རབ་གནས་ཞིབ་རྒྱས་མཛད་པས་དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་ཏོ།།

            མི་ཉག་མཆོད་རྟེན་དཀར་པོ།
            ས་གསུམ་ན་རྙེད་པར་དཀའ་བའི་རྟེན་མཆོག་མདོ་སྨད་ཁྲི་ཀའི་མི་ཉག་མཆོད་རྟེན་དཀར་པོ་ནི། སྔོན་ཆོས་རྗེས་མྱ་ངན་མེད་ཀྱིས་གནོད་སྦྱིན་རྣམས་ལས་ལ་བསྐུལ་ནས་རྒྱལ་བའི་རིང་བསྲེལ་སྙིང་བོར་བཞུགས་པའི་ཞག་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་པའི་གྲས་ཀྱི་གཅིག་ཡིན་ཟེར་བའི་ངག་རྒྱུན་ཡོད་ལ། ཁྲི་ཀའི་ཡུལ་འདི་བཙན་པོའི་དུས་ནས་བཟུང་མདོ་ཁམས་སྨད་ཀྱི་ཆབ་སྲིད་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པས་ན། གངས་ཅན་བཙན་པོ་རྣམས་ཀྱི་དབུས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུ་དང་ཕུ་དུད་ཀྱིས་བཀུར་བ་ལ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྒྱལ་བོ་རལ་བ་ཅན་མདོ་སྨད་དུ་དམག་ལ་བྱོན་ཏེ་ཁྲི་ཀའི་ཡུལ་འདིར་ཡུན་རིང་བཞུགས་སྐབས། སྔར་གྱི་མཆོད་རྟེན་དེར་ཉིད་ཀྱིས་དབུ་སྐྲ་སྙིང་བོར་བཞུགས་སུ་བཅུག་ནས་བོད་ལུགས་ལྟར་མི་ཉག་མཆོད་རྟེན་གསར་བཞེངས་མཛད། དེའི་རྗེས་གངས་ཅན་མཁས་པའི་ཁྱུ་མཆོག་འཇམ་མགོན་ས་པ࿄་ཡབ་སྲས་ཧོར་རྒྱལ་བོས་གདན་ཞུས་ལྟར་ཧོར་ཡུལ་དུ་ཕེབས་པའི་ལམ་བར་དུ་རྟེན་མཆོག་འདི་ཉིད་རྩད་ཆོད་དེ་ཁྲི་ཀའི་ཡུལ་དུ་ཞབས་པད་བསྒྱུར་ཏེ་མི་ཉག་དགུ་ཐོག་ཏུ་བཞུགས་གནངས་མཛད་དེ། རྒྱུ་འབྱོར་གྱི་མཐུན་རྐྱེན་སྤེལ་ནས་རྟེན་མཆོག་འདི་ཉིད་སླར་ཡང་ཉམས་གསོ་གནངས། དེ་ནས་བཟུང་རྗེ་མི་ཉག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་རྗེ་ཞྭ་དམར་བ། མགྲོན་མགོན་སྙེ་རིན་པོ་ཆེ་རྣམས་ཀྱིས་སྔ་གཞུག་ཏུ་ཐེངས་འགའ་ལ་ཉམས་གསོ་དང་བསྟི་སྟངས་མཛད། 1941ལོར་སྐྱབས་རྗེ་མི་ཉག་རྡོ་རྗེ་འཆང་ངག་དབང་ལེགས་བཤད་རྒྱ་མཚོས་རྒྱུ་འབྱོར་འགྲོ་གྲོན་དཔག་པར་དཀའ་བ་བཏང་སྟེ་སླར་ཡང་ཉམས་གསོ་དང་རྒྱ་བསྐྱེད་གནང་། རིག་གསར་གྱི་དུས་སུ། རྟེན་མཆོག་འདི་ཉིད་འགས་སྨན་གྱིས་བཅོམས་ཏེ་རྡུལ་གྱི་ཕུང་བོ་ཞིག་ཏུ་བཏང་ན་ཡང་། 1987ལོར། སྐྱབས་རྗེ་མོ་ཡོག་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་འོད་ཟེར་རྒྱ་མཚོས་ཐིག་བཏབ་ལྟར་མཆོད་རྟེན་གསར་བཞེངས་ཀྱི་དབུ་བརྩམས་པ་དང་། དམ་པའི་སྐྱེ་བོ་དང་དད་ལྡན་རྣམས་ཀྱི་གཏོང་བ་ཡངས་པོའི་མཐུན་རྐྱེན་སྦྱར་འོག་རྟེན་མཆོག་འདི་ཉིད་བསྐྱར་བཞེངས་མཛད། 2010ལོར། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་ཤུལ་བཞག་རིག་གནས་དར་སྤེལ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ་དམངས་སྒོར་ས་ཡ་གཅིག་ལྷག་འགྲོ་གྲོན་བཏང་ནས་མཁྱེན་རབ་ཀྱི་དབང་ཕྱུག་སྐེ་བའི་སྔགས་རིམ་པ་མཆོག་སྤྲུལ་རིན་པོ་ཆེ་དག་དབང་འཇམ་དབྱངས་རྒྱ་མཚོ་གཙོ་བྱས་སྔོན་གྱི་མཁས་ཆེན་དུ་མའི་གསེར་གྱི་བཀའ་ལུང་སྤྱི་བོར་བསྩལ་ནས། ཡུལ་ཀུན་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་དད་པའི་མེ་ཏོག་རྣམ་པར་བཞད་ཆེད་རིང་བསྲེལ་རྣམ་བཞི་ལེགས་པར་ཕུལ་ནས་བཀྲ་ཤིས་པའི་རྟེན་འབྲེལ་རྟགས་མཚན་དང་བཅས་བསྐྱར་བཞེངས་མཛད་བཞིན་པའི་སྒང་ཡིན། 
            མཆོད་རྟེན་འདིའི་སྙིང་བོར་བཞུགས་པའི་རྟེན་དང་རིང་བསྲེལ་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་བཀྲ་ཅན་བཅུ་གཉིས། མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དབུ་ཞྭ། གོང་ས་སྐྱབས་མགོན་ལྔ་བའི་ཚོགས་ཞྭའི་ཚལ་བུ།རྒྱལ་བ་སྐལ་བཟང་རྒྱ་མཚོའི་གདུང་ཚ། པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚ། རྗེ་གསེར་ཁ་བའི་དབུ་ལོ། འབྲུག་པ་ཀུན་ལེགས་ཀྱི་གདུང་རུས། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའི་ཚལ་བུ།  མདོ་མཁྱེན་བརྩེ་དབང་བོའི་དབུ་སྐྲ་བཅས་རྒྱལ་བའི་བཀའ་བསྟན་སྐུ་གསུང་ཐུགས་རྟེན་བྱེ་ཕྲག་དུ་མའི་ནང་བཞུགས་གྱ་ནོམ་པ་འདུས་ཡོད། 

            གདོང་སྣ་ཐུགས་རྗེ་ཆེན་པོ།
            རང་རེ་བོད་ཡུལ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རྒྱལ་བ་ཉིད་ཀྱི་ལུང་གིས་ཟིན་ཅིང་།  དོན་ལ་གནས་པས་ཡུལ་གྲུ་ཀུན་ཏུ་འཕགས་པ་ཡབ་ཡུམ་གྱི་གཟུགས་སྐུ་དང་གཟུངས་སྔགས་ཡིག་འབྲུ་རང་བྱོན་མཐོང་རྒྱུ་ཡོད་པ་ནང་བཞིན།  ཁྲི་ཀ་རྫོང་སྲིད་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གསུམ་གྱི་སའི་ཆར་གདོད་མ་ནས་རྡོ་ལས་གྲུབ་པའི་འཕགས་པའི་སྐུ་བརྙན་རང་བྱོན་དུ་ཡོད་པས་གནའ་ནས་བཟུང་གདོང་སྣའི་ཐུགས་རྗེ་ཆེན་པོ་རང་བྱོན་ཞེས་འབོད་དོ།།  འདི་ནི་ཁྲི་ཀའི་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་གཅིག་ཡིན་ཞིང་དེ་ཡང་ངག་རྒྱུན་ལ་བོན་པོའི་བླ་མ་མི་རྩེ་གསེར་ཐང་ཞེས་པ་ཁྲི་ཀའི་ཡུལ་འདིར་ཕེབས་ཏེ།  གདོང་སྣའི་བྲག་ཕུག་ཅིག་ལས་སྒྲུབ་སྦྱོང་མཛད།  རབ་བྱུང་ལྔ་བའི་ནང་སོག་པོ་རྒྱལ་པོའི་རྒྱུད་དེ་མིང་ལ་སྤྲེལ་ལྤགས་ཅན་ཟེར་བ་ཞིག(ལུས་ལ་སྤྲེལ་ལྤགས་གྱོན་ཡོད་པས་གོས་ཀྱི་ཆ་ནས་མིང་བཏགས)ཁྲིམས་འགལ་གྱིས་གནས་དབྱུང་བཏང་བ་ཕྱོགས་འདིར་ཕེབས་པས་རྟ་རྫི་སོགས་ཀྱིས་གཞན་ལ་གཡོག་བྱས།  ཁོང་གིས་རྟ་འཚོ་སྐབས་མེ་ལོང་ལུང་བར་འབོད་པའི་གནས་དེར་བྲག་ཕུག་གཅིག་ཏུ་སྒོམ་ཆེན་པ་ཞིག་མཐོང་བ་ཏིང་ངེ་འཛིན་ལས་བསླངས། དེའི་རྐྱེན་གྱིས་ལུང་བ་འདིར་སྔོན་ཆད་གཉིད་ལོག་ལུང་བ་ཞེས་བརྗོད་པར་གྲགས།  སྒོམ་ཆེན་འདི་པ་ནི་བོན་གྱི་བླ་མ་མི་རྩེ་གསེར་བཟང་ཞུ་བ་དེ་ཡིན་སྐད།  འདི་བས་སོག་པོ་སྤྲེལ་ལྤགས་ཅན་སྣོད་རུང་དུ་མཐོང་ནས་རྗེས་སུ་བཟུང་སྟེ་མིང་ལ་ཁྲིམས་འབར་ཚུལ་ཁྲིམས་ཞེས་བཏགས།  དེ་ནས་བླ་སློབ་གཉིས་གདོང་སྣར་གནས་སྤར་ནས་ཉམས་ལེན་བྱས་ཏེ་མཐར་བླ་མས་གཟུགས་སྐུའི་བཀོད་པ་བསྡུས།  དེ་ལ་བླ་མའི་འཁྲུངས་འདས་དང་ཁྲིམས་འབར་ཚུལ་ཁྲིམས་ཡུལ་གང་དུ་གྱར་བ་སོགས་ཀྱི་ལོ་ཚིགས་དང་གནས་ཚུལ་གསལ་བོར་མི་ཤེས་ཀྱང་།  དུས་དེ་ནས་བཟུང་ཡུལ་འདི་ལ་བོན་པོ་གདོང་སྣ་ཟེར།
            ཡང་བཤད་རྒྱུན་ཞིག་ལ།  མིང་རྒྱལ་རབས་ཀྱི་དུས་དཀྱིལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བའི་སྐུ་གསང་སྔགས་གཏེར་སྟོན་མཁན་པོ་མཁས་གྲུབ་ཆེན་མོ་ར་གཱ་ཨ་སྲས་རིན་པོ་ཆེ་སྐུ་ཚེ་སྨད་དུ་ཁྲི་ཀའི་ཡུལ་དུ་བྱོན་ནས་ཆོས་འཁོར་བསྐོར་བའི་སྒང་ལ།  ཡུལ་དེར་མཛེ་ནད་བྱེར་འགྲེམས་སུ་སོང་སྟེ་བཅོས་ཐབས་མ་བྱུང་བ་ན།  ར་གཱ་ཨ་སྲས་རིན་པོ་ཆེ་རང་ཉིད་ཀྱིས་སྐུའི་བཀོད་པ་བསྡུས་པའི་ཐུགས་འདུན་བསྟན་ཞིང་།  ཐུགས་ཀྱི་སྲས་པོ་རྣམ་ལ་ཁོང་གི་སྐུ་གདུང་གདོང་སྣེ་ཐུགས་རྗེ་ཆེན་པོའི་འདབས་རོལ་གྱི་ཀླུ་བདུད་ཆུ་མགོ་རུ་ཐུར་དུ་འདེབས་པར་ཞལ་ཆེམས་གནངས། དེ་ལྟར་ཁོང་གི་སྐུ་གདུང་གནས་དེར་བཏབས་པས་ན་ཀླུ་བདུད་དམ་ལ་བཏགས་ཤིང་ཡུལ་དེའི་མཛེ་ནད་ཀྱང་རིམ་གྱིས་ཞི་བར་གྱུར་ཏོ་ཞེས་ངག་རྒྱུན་ཡོད་པར་མ་ཟད།  ཁོང་གི་སྐུ་གདོང་མཆོད་རྟེན་དེ་ད་ལྟ་གདོང་སྣེ་དེའི་འདབས་ཏག་ཏག་ན་བཞེངས་གྲུབ་བྱུང་ཡོད།  དེའི་ཕྱིར་བོན་པོའི་བསྟན་པ་སྐྱོང་མཁན་ཕྱི་རབས་པ་རྣམས་དང་སྔགས་པ་རྣམས་ཀྱིས་ཡུལ་འདི་ནི་མི་རྩེ་གསེར་བཟང་ལ་རྟོགས་པ་བརྙེས་ས་ཡིན་ཟེར་ནས།  སྒྲུབ་སྦྱོང་བྱེད་མཁན་ལོ་རེར་རྒྱུན་མི་ཆད་དོ།།
            དེ་ནས་རབ་བྱུང་བདུན་པའི་ནང་མིན་རྒྱལ་རབས་ཀྱི་སྐབས་སུ་དམག་དཔོན་ཆེན་པོ་ཀྲུའུ་ཡོན་ཀྲང་ཟེར་བ་ཞིག་ཁྲི་ཀར་ཡོང་ནས་རྒྱ་མཁར་བརྩིགས།  ཉིན་ཞིག་དམག་དཔོན་འཁོར་དང་བཅས་གདོང་སྣར་སྤྲོ་གསེང་ལ་ཕེབས་དུས་རྒྱུ་རྡོ་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་རང་བྱོན་ཚུན་ལྔ་ཅན་ཞིག་རྙེད།  དམག་དཔོན་ཆེན་མོས་མ་ཧ་ཙི་ནའི་ཡུལ་གྱི་སྤྱན་རས་གཟིགས་ཀྱིས་བདག་གི་མཁར་བརྩིགས་པ་ལ་རམ་འདེགས་ཀྱི་རྟེན་འབྲེལ་དུ་བསྒྲིགས་ནས།  གདོང་སྣར་ལྷ་ཁང་འགའ་བཞེངས།  དེའི་ནང་དུ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་བྱས་གྲུབ་ཆེན་བརྒྱད་ཅུ་དང་ཆོས་སྐྱོང་སྣ་ཚོགས་བཞེངས་མོད།  ང་བརྒྱད་དང་རིག་གསར་སྐབས་སུ་མིང་གི་ལྷག་མ་ཙམ་དུ་བཏང་ཡང་།  1985ལོར་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དང་ས་གནས་ཆོས་དད་མང་ཚོགས་ཀྱིས་སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་དགྲ་བཅོམ་ལྷ་ཁང་སོགས་མང་དུ་བཞེངས་ཏེ་ལུས་ཅན་ཡོངས་ཀྱི་བསོད་ནམས་ཀྱི་ས་བོན་བསྐྲུན་པའི་ཞིང་སར་གྱུར་ཡོད།  2010ལོའི་ཟླ5པ་ནས་བཟུང་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་དང་རྒྱ་ནག་དགེ་བསྙེན་མ།  ཡུལ་ཀུན་དད་ལྡན་མང་ཚོགས་རྣམས་ཀྱིས་ཞལ་འདེབས་དང་རོགས་སྐྱོར་འོག་བྱམས་སྐུ་ཆུ་གཟིགས་མ་མཐོ་ཚད་ལ་སྨིས30ཅན་ཞིག་བཞེངས་འགྲུབ་བྱུང་སྟེ་ནང་བཞུགས་ལ་རྒྱལ་པོའི་བཀའ་བསྟན་བྱེ་ཕྲག་དུ་མ་ཕུལ་ནས་རྟེན་འབྲེལ་གྱི་རྟགས་མཚན་ངོ་མཚར་བའི་ངང་ལེགས་འགྲུབ་བྱུང་ཡོད།

            ལྷ་དཀར་པོ་བྱམས་པ་རང་སྐྱེས།
            ལྷ་ཁང་འདི་ནི་ཁྲི་ཀ་རྫོང་མཁར་ཤར་ནས་ཤར་བྱང་གི་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་གིས་ཆོད་པའི་སར་གནས་ཏེ།  དེང་གི་ཆུ་ཤར་ཤང་ཚྭ་མཐའ་སྡེ་བ་ནས་ཤར་བྱང་དུ་སྤྱི་ལེ་གཅིག་གི་སའི་རྨ་ཀླུང་རིང་མོའི་འགྲམ་རྒྱུད་དེར་ཆགས་ཡོད།  འདི་ལ་ལྷ་རང་སྐྱེས་ཀྱང་ཟེར།  ལྷ་ཁང་འདི་ནི་ཁྲི་ཀའི་བྱིན་རླབས་ཅན་གྱི་རྟེན་བཞིའི་གྲས་ཡིན་ལ།  ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་མ་ངེས་ཀྱང་རབ་བྱུང་བཅུ་གཅིག་པའི་ཡར་སྔོན་དུ་ཡོད་པ་ལོ་རྒྱུས་དག་ཏུ་གསལ།  ལྷ་ཁང་ཆེ་ཆུང་གཉིས་ཡོད་པའི་ཆེ་བའི་ནང་རྟེན་དུ།  ཕ་བོང་དཀར་པོ་ཞིག་ལ་དགེ་སློང་ཆོས་གོས་གྱོན་པ་ཞིག་ཐིམ་པ་དང་།  སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ནང་བཞུགས་ཀྱི་བྱམས་སྐུ་བྱོན་ལེགས་ཤིག་དང་།  ལྷ་ཁང་ཆུང་བའི་ནང་དུ་བྱམས་པ་ཆུ་གཟིགས་མར་གྲགས་པའི་ཞལ་རྨ་ཆུའི་ཁུགས་པར་གཏད་པ་བཅས་བཞུགས།  དེ་རུ་བྱམས་ཁང་བཞེངས་དུས་བྱམས་སྐུ་ཉིན་རེ་ལས་ཉིན་རེ་ཇེ་མཐོ་ནས་ཇེ་མཐོར་སྐྱེས་སྟབས།  ཤིང་བཟོ་ཐབས་ཟད་དེ་ཤིང་ལྷམ་ཞིག་བཟོས་ཏེ་སྐུའི་མགོར་བསྐོན་པས་བྱམས་ཁང་ཉིས་ཐོག་ཅན་ཞིག་ལས་བཞེངས་མ་དགོས་ཞེས་པའི་ངག་རྒྱུན་དང་འདྲེས་པའི་གཏམ་རྒྱུད་ཅིག་ཡོད།  ལྷ་ཁང་འདིར་རབ་བྱུང་བཅུ་བཞི་བ་སྟེ་སྤྱི་ལོ1807ལོར་མེ་སྐྱོན་བྱུང་ལ།  སྤྱི་ལོ1851ལོར་རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཞིག་གསོ་དང་།  རྗེ་ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་རབ་གནས་མཛད།  དེ་དུས་ཕ་བོང་སྟེང་དུ་ཡིག་འབྲུ་གསུམ་རང་བྱོན་དུ་ཡོད་པ་ཀུན་གྱིས་མཐོང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་ལ།  ཨོཾ་ཨཱ་ཧཱུྃ་སྟེ་མཚན་མོ་འོད་འཕྲོ་བའི་རང་བྱོན་གྱི་ཡིག་འབྲུ་འདི་གསུམ་མི་སེར་གང་མང་གིས་མཐོང་བར་གྲགས།  བྱམས་ཁང་གཉིས་ཡོད་པའི་གོང་མ་རྗེ་གསེར་ཁང་པས་ཞིག་གསོ་བྱས་ཏེ་རྟེན་དང་བརྟེན་པ་གསར་དུ་བཞེངས་ལ་རྙེ་རིན་པོ་ཆེའི་ཞལ་སྔ་ནས་རབ་གནས་གནང་བའི་ལོ་རྒྱུས་ཀྱང་མཆིས།  ལྷ་ཁང་དུ་བྱམས་པ་གཉིས་ལས་གཞན་འཇིགས་བྱེད་ལྷ་བཅུ་གསུམ་མམ།  མགོན་ཆོས་ལྷ་གསུམ། རྗེ་བླ་མ་དང་རྗེ་གསེར་ཁང་བའི་སྐུ་བརྙན།  གནས་བརྟན་བཅུ་དྲུག་དང་ཞིང་བཀོད་འགའ་རེ་བཅས་ཡོད་ཀྱང་ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར།
            རབ་རྒྱན་ཆུ་སྤྲེལ(སྤྱི་ལོ1992)ལོར་ལྷ་ཁང་འདི་ཉིད་བསྐྱར་བཞེངས་མཛད་པས་དད་ལྡན་ཀུན་གྱི་བསོད་ནམས་བསགས་པའི་ཞིང་ས་བླ་ན་མེད་པར་བསྐྲུན་ཡོད།
            མཆོད་རྟེན་དྲིལ་གསིལ་མ།
            མཆོད་རྟེན་དྲིལ་གསིལ་མ་ནི་དམེ་རྒྱ་སྡེ་བའི་བྱང་ཕྱོགས་ཀྱི་མཆོད་རྟེན་སྐེ་ཞེས་པའི་ཞིང་དཀྱིལ་ན་བཞུགས།  མདོ་སྨད་ཆོས་འབྱུང་དུ།  རྒྱ་གར་ཕ་དམ་པ་རི་བོ་རྩེ་ལྔར་ཕེབས་སྐབས་འདིར་བྱོན།  ནམ་མཁར་འཕུར་བ་སོགས་རྫུ་འཕྲུལ་སྣ་ཚོགས་བསྟན་པ་རྒན་པོ་ཞིག་གིས་མཐོང་།  ཁོ་དད་དེ་བསྙེན་བཀུར་ཞུས་པས།  རྣལ་འབྱོར་པས་དབྱུག་པ་རྟེན་སྐལ་དུ་བཞག  དེར་བརྟེན་ནས་དབྱུག་པ་དང་སངས་རྒྱས་བྱང་སེམས་དུ་མའི་སྐུ་གདུང་།  ཆོས་སྐུའི་རིང་བསྲེལ་མང་དུ་བསགས་པ་ནང་བཞུགས་ཀྱིས་མཆོད་རྟེན་འདི་བཞེངས་ཏེ།  རྣལ་འབྱོར་པ་ཆོས་གཡུང་དྲུང་བྱ་བས་རབ་གནས་མཛད་ཟེར།  ཕྱིས་སུ་གུང་རི་མཁའ་འགྲོ་མས་ཞིག་གསོ་བགྱིས་ཏེ་སྐུ་དཀར་གསོལ།  མཆོད་འབུལ་དང་སྨོན་ལམ་གནང་བས་འཇའ་དང་མེ་ཏོག་གི་ཆར་དང་ངོ་མཚར་བའི་ལྟས་བྱུང་།  ལོ་རྒྱུས་རྣམས་མངོན་ཤེས་ཀྱིས་གཟིགས་ནས་གསུངས་ཞེས་ལི་རྒྱ་དབོན་པོ་ཤེས་རབ་དཔལ་བཟང་གི་དཀར་ཆག་ལས་བྱུང་།  ནམ་མཁའ་ནས་དྲིལ་ཆུང་གི་སྒྲ་བྱུང་བར་ཡུལ་མི་རྣམས་ཀྱིས་བལྟས་པས་ཕ་དམ་པ་རྫུ་འཕྲུལ་གྱིས་གཤེགས་པའི་ལོ་རྒྱུས་དང་།  ད་ལྟ་ཡང་དུས་བཟང་རྣམས་སུ་དྲིལ་བུའི་སྒྲ་ཐོས་རྒྱུ་ཡོད་པས་མཆོད་རྟེན་དྲིལ་གསིལ་མར་གྲགས།  ཡང་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཞག་གཅིག་ལ་མཆོད་རྟེན་རྩ་བརྒྱད་རྫུ་འཕྲུལ་གྱིས་བཞེངས་པར་གྲགས་པའི་ནང་ཚན་ཡིན་ལ་འབྲས་སྤུངས་སྐོར་ལམ་དུ་ཡང་འདི་འདྲ་ཞིག་ཡོད་ཅེས་ཐར་ཤུལ་དཔོན་སློབ་འདི་བས་གསུངས་ཞེས་ཐོས།  མཆོད་རྟེན་འདི་ནམ་བཞེངས་ཀྱི་ལོ་ཚིགས་གསལ་བོར་འགོད་རྒྱུ་དཀའ་ནའང་།  གོང་གི་ལོ་རྒྱུས་ཀྱི་དོན་ལ་བསྟུན་ཏེ་རིགས་འདེད་བྱས་ན།  ཕ་དམ་པ་རྒྱ་ནག་དང་བོད་དུ་ཕེབས་པའི་བཤད་ཚུལ་མི་མཐུན་པ་སྣང་ཡང་རྗེ་མི་ལ་དང་དུས་མཉམ་ཡིན་པ་རྗེ་བཙུན་གྱི་རྣམ་ཐར་དུ་གསལ་བས་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བའི་ནང་ཡིན་པ་གསལ་བོར་ངེས།  
            མཆོད་རྟེན་གྱི་མདུན་དུ་རྟེན་རྡོ(རྡོ་ལེབ་ཆུང་ངུ་ཞིག)ཞིག་ཡོད་པའི་སྟེང་དུའང་གོང་སྨྲས་ལོ་རྒྱུས་དང་ཇི་འདྲ་བར་བརྐོས་ཡོད་པ་ད་ལྟའང་བཞུགས།  དམ་པ་དུ་མའི་བཤད་རྒྱུན་ལ།  སྔོན་དུས་ཀྱི་མཆོད་རྟེན་གྱི་རྣམ་པ་ནི་དང་ཐོག་ཁང་བ་ཆུང་ཆུང་ཞིག་ཡིན་ལ།  ནང་རྟེན་གཙོ་བོ་ཡང་རྒྱ་གར་ཕ་དམ་པའི་སྦ་དབྱུག་དང་སངས་རྒྱས་དང་བྱང་སེམས་མང་པོའི་རིང་བསྲེལ་དང་འཕེལ་གདུང་མང་པོ་བཞུགས་པ་རྐུན་ཇག་གི་གནོད་པས་མ་ཐར་ཏེ།  ས་ཕག་བརྩིགས་ཏེ་འདམ་གྱིས་ཞལ་བ་བྱས།  ཕྱིས་རེབ་གོང་སྐུ་གཞོགས་ཆེན་མོ་ཨ་རོལ་ལུང་རིགས་རྒྱ་མཚོ་དང་སྐུ་གཞོགས་སྒོ་མང་གཉིས་ཀྱིས་བསྐྱར་བཞེངས་བྱེད་རྩིས་བྱས་ཀྱང་རྐྱེན་དབང་གིས་རང་སོར་ལུས།  རིན་ཐང་གཞལ་དུ་མེད་པའི་རིག་དངོས་རྩ་ཆེན་འདི་ལ་ང་བརྒྱད་དང་རིག་གསར་གྱིས་གནོད་རྐྱེན་ཅི་ཡང་མ་ཐེབས་པར་ད་ལྟ་ཡང་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་བཞུགས་ལགས་སོ།།  འདིར་ཁོ་བོས་རྟེན་མཆོག་འདི་ཉིད་ཁྲི་ཀའི་གནས་ཆེན་བརྒྱད་དུ་བགྲང་བ་དང་ལོ་རྒྱུས་སོར་བཞག་ཏུ་འཇོག་དོན་ཡང་། དེ་སྔོན་སྐེ་བའི་སྔགས་རིམ་པ་ངག་དབང་འཇམ་དབྱངས་རྒྱ་མཚོའི་ཞལ་ནས།  མཆོད་རྟེན་འདི་ཉིད་ཁྲི་ཀའི་ཡུལ་གྱི་མཆོད་རྟེན་ཐོག་མའམ་མདོ་ཁམས་ཡུལ་ན་འགྲན་ཟླ་བྲལ་བའི་མཆོད་རྟེན་མཆོག་ཅིག་ཡིན་པས།  ད་ལྟ་བསྐྱར་བཞེངས་བྱེད་མ་ནུས་པ་ནི་ཤིན་ཏུ་ནས་ཕངས་སོ་གསུང་བ་ལ་ཡིད་སེམས་རབ་ཏུ་གདུང་བས་ལགས་སོ།

            མི་ཉག་དགུ་ཐོག་ཆེན་མོ།
            མི་ཉག་དགུ་ཐོག་ཆེན་མོའམ་ཆོས་རྒྱལ་ལྷ་ཁང་ནི་ཁྲི་ཀའི་རྒྱ་མཁར་གྱི་དཀྱིལ་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་དང་གྲོང་ངེར་བཞེངས་ཡོད་ལ།  ལྷ་ཁང་འདི་རུ་དམ་ཆེན་ཆོས་རྒྱལ་གྱི་སྐུ་བཞེངས་མྱོང་བས་ན་ཆོས་རྒྱལ་ལྷ་ཁང་ཞེས་འབོད་ཅིང་།  ལྷའི་དབང་བོ་རྒྱ་བྱིན་གྱི་སྐུ་བཞེངས་ཡོད་པས་ན་བརྒྱ་བྱིན་ལྷ་ཁང་ཞེས་ཀྱང་འབོད།  འཇམ་མགོན་བླ་མ་ས་སྐྱ་པན་ཆེན་ཧོར་ཆེན་པོས་གདན་ཞུས་ལྟར་ལམ་བར་ནས་ཁྲི་ཀའི་ཡུལ་དུ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དུས་སུ་ཁྲི་ཀའི་རྟེན་མཆོག་མི་ཉག་མཆོད་རྟེན་ལ་རབ་གནས་བྱེད་སྐབས་མི་ཉག་དགུ་ཐོག་ཏུ་བཞུགས་གནང་མཛད་མྱོང་ཞེས་པ་མདོ་སྨད་ཆོས་འབྱུང་དུ་གསལ་ཞིང་།  སྐབས་དེར་ལྷ་ཁང་འདི་ལ་མི་ཉག་དགུ་ཐོག་ཅེས་འབོད་པ་དང་།  ཕྱིས་སུ་ལྷ་ཁང་འདིའི་ནང་རྟེན་ཕྱི་འགྱུར་བའི་དབང་གིས་སྐུ་རྟེན་གྱི་མཚན་ལྷ་ཁང་ལ་གསོལ་བ་ཡིན།  རྒྱའི་ཡིག་ཚང་དག་ན་མི་ཉག་དགུ་ཐོག་གམ་བརྒྱ་བྱིན་ལྷ་ཁང་འདི་ཉིད་མིན་རྒྱལ་རབས(སྤྱི་ལོ1368ནས1644ལོའི་བར)ཀྱི་གོང་མ་མིང་ཧྲིན་ཙུང་གི་ཝན་ལི་ཁྲི་ལོ་ཉི་ཤུ་བར(སྤྱི་ལོ1592ལོར)ཐོག་མར་བཞེངས་ཤིང་།  ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པར(སྤྱི་ལོ1867ལོར)དུས་འགྱུར་ནང་འཁྲུག་དབང་གིས་ལྷ་ཁང་འཇིག་པར་གྱུར་ཞིང་།  ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བསྐྱར་བཞེངས་ཀྱི་འགོ་བརྩམས་ཤིང་།  ཀྲུང་ཧྭ་མིན་གོའི་རྒྱལ་རབས་ཀྱི་སྲིད་ལོ་གཉིས་པར(སྤྱི་ལོ1913ལོར)གཞི་ནས་ལེགས་འགྲུབ་བྱུང་།  འདིའི་མཐོ་ཚད་ལ་སྨིས25དང་།  རྒྱ་ཁྱོན་ལ་ས་མུའུ3.8དང་ཐོག་སོ་རིམ་པ་གསུམ་བཅས་ཡོད་དེ།  ཁྲི་ཀའི་རྫོང་མཁར་གྱི་ཕྱོགས་བཞིའི་ཡུལ་ལྗོངས་ཧྲིལ་བོ་པང་དུ་བླངས་པ་བཞིན་མིག་ལམ་དུ་གསལ་ལྷང་ངེར་འཆར་འོངས།  1986ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་གྲས་སུ་བཞག་སྟེ།  ལོ་འདི་གའི་རིང་ལ་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་ནས་ལྷ་ཁང་བསྐྱར་གསོ་དང་རྒྱ་མཁར་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད།

            ཡུལ་ལྷའི་ཕོ་བྲང་།
            རྗེ་བཙུན་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་ཡུལ་ལྷའི་རྒྱལ་པོ་ཝུན་ཁྲང་ལོ་ཡེ་ཕོ་བྲང་ནི་ཁྲི་ཀ་རྫོང་མཁར་ནས་ནུབ་ཀྱི་སྤྱི་ལེ་གཉིས་ལྷག་གི་ས་གཉན་པོ་གདོང་གསུམ་གྱི་ཡ་གྱལ་ཤ་འབུམ་གདོང་སྣ་ཞེས་པའི་གནས་སུ་བཞེངས་ཡོད།  ལྷ་ཁང་འདི་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་བཞེངས་པ་ཞིག་ཡིན་ལ།  གསེར་ཁྲི་རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི་མ་གོང་མའི་དབུ་བླར་བཞུགས་སྐབས།  ཡུལ་ལྷའི་གོང་མའི་བློན་པོ་ཞིག་གི་ཚུལ་བསྐྱངས་ཏེ་དབུ་བླར་བསྡོངས་གྲོགས་མཛད་གྲགས་ལ།  རེ་ཞིག་བདུད་བློན་ཞིག་གིས་གོང་མར་བླ་མས་མཁྱེན་དང་དགྲོང་འདོད་ཀྱིས་སྨྱུག་ཁྲོད་ཏུ་གྲི་བཅུག་འདུག་ཅེས་ཕྲག་དོག་གིས་སྙ་ཕྲ་ཞུས་པས།  གོང་མས་བླ་མའི་སྨྱུག་ཁྲོག་གི་ཁ་ཕྱེས་ནས་སྨྱུག་གུ་སར་བྱོ་བ་ན།  ཡུལ་ལྷས་སྨྱུག་ཁྲོག་གཤོག་གྲི་བཀག་སྟེ་སྨྱུག་ཁྲོག་ལས་གྲི་སར་མ་ལྷུང་།  བློན་པོ་དེས་ཡང་གོང་མར་ད་རེབ་ཁོས་དོགས་ཟོན་གྱིས་གྲི་མ་བཟུང་བ་ཡིན་ལ།  ཁོས་དོགས་ཟོན་བྱས་མེད་དུས་ཁྱེད་ཀྱིས་གློ་བུར་དུ་གཟིགས་ཤིག་ཅེས་ཞུས་པ་ན།  ཉིན་ཞིག་གོང་མའི་ཁོང་གི་སྨུག་ཁྲོག་ལས་གྲི་ཡོད་པ་མཐོང་བས་བླ་མ་བཙོན་དུ་བཅུག  བླ་མས་ཡུལ་ལྷ་ད་ནི་བདག་ལ་བསྡོངས་གྲོགས་མཛོད་དང་ཁྲི་སྡེ་ཞིག་གི་སྲུང་མར་བཀུར་རྒྱུ་ཞལ་བཞེས་གནང་བ་ན།  ཡུལ་ལྷའི་གོང་མའི་བཙུན་མོ་འདང་ཅན་ཞིག་ཡོད་པ་དེའི་མཁལ་རྩ་བ་ནས་བཟུང་བས་ན་ཟུག་དྲག་པོས་བཟོད་ཐབས་བྲལ།  སྨན་དབྱངས་ཀྱིས་མ་ཕན་པས་གོང་མའི་བསམ་པར་བདག་གི་བླ་མར་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་དགོངས་ནས་ཁོང་གདན་དྲངས་པ་ན།  བླ་མས་བཙུན་མོའི་གཟིམ་ཁང་གི་སྒོ་ཁ་ནས་ཡུལ་ལ་བསྟོད་ཚིག་ཅིག་གསུངས་ནས་འབྲུ་ཟན་སྟོར་བས་བཙུན་མོ་འཕྲལ་དུ་ནད་ལས་མཐར།  གོང་མ་བླ་མར་ལྷག་པར་དད་ནས་ཕོ་བྲང་དུ་ཡུན་རིང་བཞུགས་པར་ཞུས་ཀྱང་ཁོང་བཞུགས་མ་འདོད་པར་མདོ་སྨད་དུ་ཕེབས།  རེ་ཞིག་གྲུ་བརྒྱབ་ནས་རྨ་ཆུར་བསྐྱོད་སྐབས་གྲུ་ཆུང་ཆུ་དཀྱིལ་ནས་བགྲོད་མ་ཐུབ་པས་ཁོང་གི་ཐུགས་སུ་སྔོན་གྱི་ཞལ་བཞེས་དེ་དྲན་ཏེ“ཀྱེ་ཀྱེ།  ཁྲི་ཀའི་ཡུལ་གནས་ལྷ་གཉན་ཐུ་བོ་ཆེ།།  རྒྱ་ནག་ཤིང་མ་ཐེན་ཙི་ཞེས་གྲགས་ཁྱོད།།  མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ།།  བསང་བསུར་བཞེས་ལ་འདོད་པའི་དོན་ཀུན་སྒྲུབས།།”ཞེས་བསང་མཆོད་བཀྲ་ཤིས་གཡས་འཁྱིལ་མ་འདི་གསུངས་ཏེ་ད་ལྟའི་ཡུལ་ལྷའི་ཕོ་བྲང་གི་ཤུལ་གྱི་ཕ་བོང་དཀར་པོ་དེར་ཡུལ་ལྷ་བསྟིམས་པར་མཛད་ཅེས་གསེར་ཁྲི་རིན་པོ་ཆེས་གསུངས་ཡོད།
            ཕོ་བྲང་འདི་བཞེངས་པའི་སྐོར་ལ།  རྒྱའི་ཡིག་ཚང་ཏུ་ལྷ་ཁང་འདི་ཐོག་མར་ཡོན་རྒྱལ་རབས་ཀྱི་དུས་མགོར་ཕལ་ཆེར་སྤྱི་ལོ1179ལོ་ནས་འགོ་བརྩམས་ཁང་མིག་གསུམ་བཞེངས་པ་དང་རིམ་གྱིས་རྒྱ་བསྐྱེད་དེ་མིང་རབས་ཀྱི་དུས་སུ།  སྤྱི་ལོ1368ལོར་ཡོངས་གྲུབ་བྱུང་མོད།  ཆིང་རྒྱལ་རབས་ཀྱི་གོང་མ་ཆིང་མུའུ་ཙུང་གི་ཐུང་ཀྲི་ཁྲི་ལོ་དྲུག་པ་སྤྱི་ལོ1867ལོར་མེ་དགྲ་ཆེན་མོ་ཞིག་གི་ཁྲོད་དུ་འཇིག་པར་གྱུར།  ཐུང་ཀྲི་ཁྲི་ལོ་གསུམ་པར་སྤྱི་ལོ1874ལོར་བསྐྱར་དུ་བཞེངས་འགོ་བརྩམས་ཏེ་གོང་མ་ཆིང་ཏེ་ཙུང་གི་ཀོང་ཞུས་ཁྲི་ལོ་གཉིས་པར་སྤྱི་ལོ1876ལོར་ཡོངས་སུ་གྲུབ།  ང་བརྒྱད་དང་རིག་གསར་སྐབས་སུ་སླར་ཡང་ཆག་འཇིག་བྱུང་ནའང་སྤྱི་ལོ1982ལོར་སྔོན་གྱི་ཤུལ་ནས་སྔར་གྱི་གཞི་ཁྱོན་ཇི་བཞིན་ད་ལྟའི་ཕོ་བྲང་འདི་ཉིད་བསྐྱར་དུ་བཞེངས།
            ཁྲི་ཀའི་ཨ་མྱེས་ཡུལ་ལྷ་རུ་གྲགས་པའི་ལྷ་གཉན་འདི།  ལ་ལས་ཅིན་རྒྱལ་རབས་ཤར་མའི་སྤྱི་ལོ317ནས420ལོའི་བར་དུ་བྱོན་པའི་ཙི་ཐུང་ལྷ་གཉན་གྱི་རྣམ་སྤྲུལ་ཀྲང་ཡ་ཙི་ཟེར་བའི་བློན་ཆེན།  ད་ལྟ་ཟི་ཁྲོན་ཙི་ཐུང་ས་ཆ་ནས་ཀུན་གྱི་མཆོད་བཀུར་བྱེད་པའི་ཙི་ཐུང་ལྷ་གཉན་གྱི་ལྷ་ཁང་དེ་ཡུལ་ལྷའི་ལྷ་ཁང་གི་ཐོག་མར་ངོས་འཛིན་གྱིན་ཡོད་མོད།  དེ་ནི་ཁྲི་ཀའི་ཨ་མྱེས་ཡུལ་ལྷའི་བློན་ཆེན་གཉིས་ལས་ཤན་པ་ཙི་ཐུང་དང་ཤན་པ་ར་མགོ་ཞེས་པ་ལ་ཙི་ཐུང་ལ་ངོས་བཟུང་ན་འགྲིག
            ཆིན་རྒྱལ་རབས་ཀྱི(སྤྱི་ལོ1644ནས1911ལོའི་བར)སྐབས་སུ།  རིག་ལྡན་སྐར་མའམ་ཝུན་ཁྲང་ལྷ་ཆེན་འདི་ཉིད།  སྐབས་དེའི་ཆིང་གོང་མའི་སྲིད་གཞུང་གི་དྲང་བདེན་སྐྱོང་བའི་འཁོར་བློན་ཞིག་གི་སྐུའི་སྐྱེ་བ་བཞེས་དུས།  བདུད་བློན་གྱི་དབྱེན་ཕྲའི་དབང་གིས་ཁོང་ལ་གོང་མའི་བཀའ་ཆད་ཕོག་སྟེ་སྐུ་སྲོག་ཤོར་བར་གྱུར།  སྐྱེ་བ་དེའི་རྗེས་སུ་ཁོང་གིས་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་པའི་མཐུ་རྩལ་ཅན་ཞིག་གི་སྐུའི་སྐྱེ་བ་བཞེས་པའི་སྐབས།  ཆིང་གོང་མའི་དབུ་བླ་སྟེ་དགའ་ལྡན་གསེར་ཁྲི་བྱ་རྩེ་ནག་པ་བློ་གྲོས་རྒྱ་མཚོའམ་འཇམ་དབྱངས་བསྟན་པའི་ཉི་མ་ཚང་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཁོང་ལ་གྲོགས་དང་འཕྲིན་ལས་བསྒྲུབས་པར་གྲགས།  རྗེས་སོར་ཁྲི་རྒྱ་ནག་པ་ལང་མདོ་སྨད་ཡུལ་དུ་བྱོན་སྐབས་གོང་མར་ལྷ་གཉན་དེ་ཁྲི་ཀ་ས་ཆའི་བསྟན་བསྲུང་དུ་འགོད་པར་ཞུས་ཏེ་ཁྲི་ཀའི་ཡུལ་ལྷ་གཉན་པོ་བྱུང་ངོ་།།

            བྲག་དམར་སྟོང་སྐུ་རང་བྱོན།
            བྲག་དམར་སྟོང་སྐུ་རང་བྱོན་ནི་ཁྲི་ཀ་རྫོང་དཀར་བརྗིད་ཤང་གི་མངའ་ཁོངས་ཨ་སྐོང་སྡེ་བར་གཏོགས་ཤིང་།  ཨ་སྐོང་ཞེས་པ་ཡང་དེ་རུ་བྲག་ཕུག་ཅིག་ཡོད་པ་དང་དེའི་ངོས་སུ་བོད་ཡིག་གི་ཨ་ཡིག་རང་བྱོན་ཅིག་སྐུང་ཡོད་པས་ན་ཨ་སྐོང་ཞེས་ཐོགས་ཚུལ།  སྡེ་བ་དེའི་བྲག་རི་རྣམ་ཤིན་ཏུ་གཟར་ཞིང་བྲག་ལ་རྩྭ་སྐྱེས་མེད་པར་མདོག་དམར་སེར་ལྡན་ལ།  བྲག་རིའི་རྣམ་པ་ངོ་མཚར་ཞིང་ཡིད་དུ་འོང་ལ།  མིའི་གཟུགས་ཅན་དང་ལྷ་སྐུའི་གཟིགས་ཅན།  གླང་ཆེན་གྱི་འགྱིངས་ཉམས།  སྟག་སེང་གི་མཆོང་སྟངས།  བྱ་ཆེན་གྱི་གཤོག་འགྱུ་བཅས་རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱི་མིག་དབང་འཕྲོག་པར་མ་ཟད།  ཡུལ་དེ་རུ་བྲག་དམར་གྱི་སྒོ་ཆེན་ཕྱེས་འདྲ་ཞིག་ཡོད་པ་ལ་དམངས་ཁྲོད་དུ་བྲག་རྒྱ་སྒོ་ཟེར་ཞིང་།  བྲག་རྒྱ་སྒོ་དེ་སངས་རྒྱས་སྟོང་གི་མཆོད་བཤམས་ཡིན་པར་གྲགས་ལ།  བྲག་ངོས་ནས་མཐོ་ཚད་མི་འདྲ་བའི་ལྷ་སྐུ་རང་བྱོན་སྟོང་ཕྲག་མང་པོ་བབས་ཡོད་པས་བྲག་དམར་སྟོང་སྐུ་རང་བྱོན་ཞེས་ཟེར།  བྲག་དམར་སྟོང་གི་བླ་རི་འདི་ལ་ད་ལྟ་རྒྱའི་ས་གཤིས་མཁན་པོ་རྣམས་ཀྱིས་མཚམས་སྤྲིན་ས་དབྱིབས་ཞེས་འཛམ་གླིང་ན་མཐོང་དཀའ་བའི་ས་གཤིས་ཤིག་ཏུ་ངོས་འཛིན་གྱིན་ཡོད།
            བྲག་དམར་སྟོང་སྐུ་རང་བྱོན་ནས་བྱང་གི་སྤྱི་ལེ་གཉིས་ཀྱི་མཚམས་ན་ཤན་པ་དམེ་རུའི་རྫོང་མཁར་མཛོ་མོ་རུ་རྫོང་དང་ཤན་པའི་བླ་རི་ཅོག་ལ་མཚར་རྩེ་ཡོད་པས་དཀར་བརྗིད་ཤང་ནི་ཤན་པའི་རུ་རྫོང་དུ་ངོས་འཛིན་གྱིན་ཡོད།  དེ་ནས་བྱང་ངོས་ཀྱི་སྤྱི་ལེ་གཉིས་ཀྱི་མཚམས་ན་ཚེ་དགུ་མཁར་ཐོག་གམ་དཀར་བརྗིད་དཔོན་ཚང་ཡོད།  །