གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཀླུ་ཤོད་དགོན་བཤད་སྒྲུབ་བསྟན་དར་གླིང་གི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-06-29 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རྔ་རྒོད་ཐུབ་བསྟན
            དགོན་པ་འདི་ནི་སྔོན་གྱི་དགོན་རྙིང་བཞི་གཅིག་བསྡུས་མཛད་པ་ཡིན་ཏེ།གླང་གྱའི་མུ་ཏོ་ཚང་གིས་ཕྱག་འདེབས་མཛད་པའི་མུ་ཏོ་དགོན་བཀྲ་ཤིས་བསམ་གཏན་གླིང་དང་འབྲོག་ཏིའི་བླ་མ་དགེ་འདུན་རྒྱ་མཚོས་བཏབ་ཅིང་སྒོ་མང་མཁན་སྤྲུལ་བློ་བཟང་དཀོན་མཆོག་ཆོས་དར་ཚང་ལ་ཕུལ་ནས་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པའི་ཨ་མཆོག་བཀྲ་ཤིས་གཡུ་ལུང་འཁྱིལ་བ། རྔ་རྒོད་དཀའ་བཅུ་བ་ཨ་མདོ་ཤེས་རབ་རྒྱ་མཚོས་རྔ་རྒོད་བསེ་མཁར་སྒང་དུ་རི་ཁྲོད་བཏབ་ཅིང་སྐུ་ཕྲེང་གསུམ་པ་རྔ་རྒོད་ནམ་མཁའ་སེང་གེས་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་སྤྱི་ལོ་༼1741༽ལོར་བཏབ་པའི་རྒྱུད་སྟོད་གྲྭ་ཚང་བཀྲ་ཤིས་བཤད་སྒྲུབ་གླིང་དང་། སྐྱི་ཐང་མ་ཎི་བ་བློ་བཟང་བསྟན་འཛིན་གྱིས་པདྨའི་སྟེང་གི་དགོན་པ་བཏབ་པ་འདི་བཞི་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྟེ་སྤྱི་ལོ་༼1943༽ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་མཆོག་གིས་ཁྱུང་རི་ཐང་གི་གནས་འདིར་ཕྱོགས་གཅིག་ཏུ་བསྡུས་ཏེ་ཀླུ་ཤོད་ཁྱུང་རི་ཐང་བཤད་སྒྲུབ་བསྟན་དར་གླིང་ཞེས་པའི་དགོན་འདི་ཉིད་ཕྱག་འདེབས་མཛད་ཅིང་དམེ་ཤུལ་མུ་ཏོ་སྐུ་ཕྲེང་བཞི་བ་རྗེ་སྐལ་བཟང་སྦྱིན་པ་རྒྱ་མཚོ་དགོན་འདིའི་བདག་པོར་བསྐོས།
            ཁོང་གིས་དགུང་གྲངས་རེ་གསུམ་པ་ཤིང་སྤྲེལ་༼1944༽ལོར་རྒྱུ་ཡོན་ཕུལ་ནས་འདུ་ཁང་ཀ་རིང་བརྒྱད་ཅན་གསར་དུ་བཞེངས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ཇི་བཞིན་བཙུགས་ཤིང་དགེ་འདུན་པ་ཉིས་བརྒྱ་དང་བདུན་ཅུ་ལྷག་བཞུགས། ཆོས་ཐོག་ལ་ཟླ་བ་དང་བོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཉིན་བཅུ་དང་། གཉིས་པར་དཔྱིད་ཆོས་ཆེན་མོ་ཉིན་བདུན། གསུམ་པར་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་གི་སྒྲུབ་མཆོད། བཞི་བར་སྨྱུང་གནས་ཆོ་ག་དང་རྒྱུད་ཐམས་ཅད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་སྒྲུབ་མཆོད། དྲུག་པར་རབ་གནས་ཆེན་མོ། བརྒྱད་པར་སྟོན་ཆོས་ཆེན་མོ། དགུ་བར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་མཆོད་དང་སྨྱུང་གནས་ཆོ་ག བཅུ་བར་དགའ་ལྡན་ལྔ་མཆོད་ཆེན་མོ། བཅུ་གཅིག་པར་དགུན་ཆོས་ཆེན་མོ་བཅས་ཆོས་ཐོག་བཅུ་ཡོད། 
            དུས་འཁོར་ངག་དབང་བཀྲ་ཤིས་དང་ཁྱ་དགེ་དཔོན་སློབ་རིན་པོ་ཆེ།བྲག་དཀར་དཀོན་མཆོག་སེང་གེ་བཅས་དགོན་འདིའི་ཁྲིར་བཞུགས་ཤིང་དགོན་བདག་རིན་པོ་ཆེ་ཁོང་གིས་བདེ་གསང་འཇིགས་གསུམ་སོགས་དབང་ལུང་བཀའ་ཆོས་མང་དུ་བསྩལ་བ་དང་།འཁོར་ཆེན་ལྷ་ཁང་།དམ་ཅན་རྡོ་རྗེ་ལེགས་པའི་བཙན་ཁང་།མ་ཎི་ཁང་།རུང་ཁང་སོགས་ལེགས་པར་བཞེངས།
            སྐུ་གསུང་ཐུགས་རྟེན་ལ་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཀྱཱ་མུ་ནེ་དང་ཙནྡན་ཇོ་བོ་གཉིས།འཇིགས་བྱེད་བློས་བསླངས།ཅོ་ནེའི་བཀའ་འགྱུར་དང་བསྟན་འགྱུར།རྔ་རྒོད་ནམ་མཁའ་སེང་གེ་དང་རྔ་རྒོད་དཔོན་སློབ་བྱམས་པ་རབ་རྒྱས།ཨ་ཁྱུང་ངག་དབང་མཁྱེན་རབ་གསུམ་གྱི་གསུང་འབུམ་དང་དཔར་ཤིང་སོགས་ཡོད་མོད་རིགས་གསར་སྐབས་ཡོངས་སུ་འཇིག
            དེ་ནས་ལོ་རབས་བརྒྱད་ཅུ་བའི་ནང་སླར་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་དང་ཀུན་མཁྱེན་རིན་པོ་ཆེ་སོགས་ཀྱི་ཐུགས་རྗེ་བཀའ་དྲིན་ལས་དགོན་པ་འདི་ཉིད་སླར་གསོ་བྱས་ཏེ་ཡུལ་ཁམས་འདིའི་བསྟན་པའི་མེ་རོ་གསོས་ཤིང་ཁྲི་ཆེན་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པ་མཆོག་གིས་དབང་ལུང་གི་ཆོས་སྤྱིན་གྱིས་ཡུལ་ལུང་འདིའི་སེར་སྐྱ་ཐམས་ཅད་ཆོས་ཀྱིས་ཚིམ་པར་མཛད་དེ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་།
            ད་ལྟ་སྡེ་འདིར་དགེ་འདུན་པ་བརྒྱ་དང་ལྔ་བཅུ་ལྷག་ཞལ་བཞུགས་ཤིང་དགོན་བདག་བླ་མ་དམེ་ཤུལ་མུ་ཏོ་སྐུ་ཕྲེང་ལྔ་བ་བློ་བཟང་འཇིགས་མེད་ཡེ་ཤེས་རྒྱ་མཚོས་སྐྱོང་བཞིན་པ་ལགས་སོ།།