གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཉང་ཚང་རྡོ་གཟུགས་དགོན་དགེ་ལྡན་བཤད་སྒྲུབ་ཕུན་ཚོགས་རབ་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

སྤེལ་དུས 2018-07-16 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། ཟམ་ཚའི་དགེ་འདུན་དར་རྒྱས།

           ༄༅། །ཉང་ཚང་རྡོ་གཟུགས་དགོན་དགེ་ལྡན་བཤད་སྒྲུབ་ཕུན་ཚོགས་རབ་རྒྱས་གླིང་ནི།   ཀན་སུའུ་ཞིང་ཆེན་མདོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་གྲུབ་མཐའ་དགེ་ལུགས་པ་ཡིན།
           དེ་ཡང་འཇིག་རྟེན་དབང་ཕྱུག་མི་ཡི་གར་དུ་ཟློས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲུལ་བློན་ཆེན་པོ་མགར་སྟོང་བཙན་གྱི་གདུང་རྒྱུད་ཉང་སྟོད་གཙང་གི་སར་མང་དུ་འཕེལ་བའི་རྒྱུད་དུ་ཉང་ཏིང་འཛིན་བཟང་བོ་བྱུང་།  པཎ་ཆེན་བི་ལ་མི་ཏྲ་དང་ལོ་ཆེན་བཻ་རོ་ཙ་ནའི་ཞབས་ལ་གཏུགས་ཏེ་གསང་སྔགས་ལ་སྦྱངས་པས་ཉམས་རྟོགས་ཁྱད་པར་བ་བརྙེས།  དེའི་རྒྱུད་དུ་ཉང་སྟོན་ཆོས་ཀྱི་འཁོར་ལོའམ་མངའ་བདག་ཉང་ཉི་མ་འོད་ཟེར་སོགས་གསང་སྔགས་འཆད་པ་མང་དུ་བྱོན་པའི་མཚམས་སུ་༧ཉང་དབོན་དཔལ་ལྡན་བཀྲ་ཤིས་མགོན་པོ་འཁྲུངས།  ༧ཉང་དབོན་དཔལ་ལྡན་བཀྲ་ཤིས་མགོན་པོས་ཆུང་དུས་ནས་བླ་མ་འགྲོ་མགོན་འཕགས་པའི་(༡༢༣༥__༡༢༨༠)ཞབས་ལ་གཏུགས་ཤིང་བླ་མ་འགྲོ་མགོན་འཕགས་པའི་ཕྱག་ཕྱིར་ཧོར་ཡུལ་དུ་ཕེབས།  ཧོར་རྒྱལ་བོས་ཉང་དབོན་པོའི་ཆོ་ལོ་གནང་ཞིང་མཆོད་ཡོན་ནས་ཏཱ་དབོན་པོ་དང་ཁོང་རྣམ་པ་གཉིས་མདོ་སྨད་འདི་བོན་གྱིས་བཟུང་བ་ནང་བར་བསྒྱུར་བའི་བཀའ་བབས།  ཁོང་གིས་བླ་མར་གྱེས་རྟེན་དུ་བདོག་པའི་དངོས་པོ་གང་ཡོད་དང་གོས་དམར་བོ་ཁ་དགུ་ཡོད་པ་བླ་མ་འཕགས་པ་རིན་པོ་ཆེར་ཕུལ།  བླ་མས་ལུང་པ་དོག་མོ་ཆུ་ཀླུང་ཆེན་པོ་ཞིག་གི་འགྲམ་དུ་ས་ཉི་ཟླ་ནོར་གསུམ་འབྲང་རྒྱས་འཛོམས་པའི་རི་ངོས་ཤིག་ཏུ་སྒྲུབ་པ་མཛད་ན་གདུང་རྒྱུད་ལ་གྲུབ་ཆེན་མང་དུ་འོང་།  ཁྱད་པར་དུ་གོས་དམར་ཁ་དགུ་ཕུལ་བའི་རྟེན་འབྲེལ་ལས་མཆོག་གི་དངོས་གྲུབ་པ་བརྙེས་པ་དགུ་འབྱོན་པར་འགྱུར་མེད་རྡོ་རྗེ་ཚིག་གིས་ལུང་བསྟན།  དེ་ནས་ཐོག་མར་མན་ཇུ་ཆོས་རྫོང་དུ་སྒྲུབ་པ་མཛད་པའི་མཐར།  སྐུ་ཉིད་ཀྱིས་གཙང་སྐྱའི་གྲྭ་བ་ཟམ་ཚ་དང་ཆོས་འཁོར་སྐྱབས།  སྐྱ་ཚང་སོགས་མང་བོ་ཞིག་ཕྱག་ཕྱིར་ཁྲིད་དེ་བླ་མའི་ལུང་བཞིན་གདན་ས་འཚོལ་གྱིན་ཕེབས་པའི་མོད།  པཎ་ཆེན་རི་ངོས་ནས་གནས་གཟིགས་མཛད་པའི་ཚེ་ས་དཔྱད་ཐམས་ཅད་བླ་མའི་ལུང་བསྟན་དང་མཐུན་པ་བྱུང་བས་ཐུགས་རབ་ཏུ་དགྱེས་ཏེ།  ཆུ་ཀླུང་གིས་བཅད་པའི་ཕར་ཁ་ནས་ཉི་ཟླ་ནོར་གསུམ་འབྲང་རྒྱས་འཛོམས་པའི་སར་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཕྱག་འཛུབ་ཀྱིས་ཡི་གེ་དྲུག་མའི་གཟུགས་བྲིས་ཤིང་བྱིན་རླབས་མཛད་དེ་དགོན་པ་ཕྱག་འདེབས་མཛད་པར་བརྟེན་ས་མིང་དུའང་རྡོ་གཟུགས་མདོ་ཞེས་ཐོགས་སོ།།  དེབ་ཐར་རྒྱ་མཚོར་གདོང་ཟུག་ཅེས་བྲིས་པ་ནོར་རོ།།  ཉང་ཚང་ཞེས་པའི་རུས་ཀྱི་ཁུངས་ནི་ཇོ་ནང་ཐམས་ཅད་མཁྱེན་པ་ཏཱ་ར་ན་ཐས་{མྱང་ཆོས་འབྱུང་།}དུ་གསལ་བར་གསུང་བ་ལྟར་གྱི་རོ་མྱང་བའི་མྱང་།  མྱང་ཡུལ་གསེར་གཞུང་རིང་མོའི་མྱང་སྟོད་ནས་བྱུང་བའི་མྱང་ཡིན་མོད་ཕྱིས་སུ་ཡི་གེའི་གཟུགས་ལ་འགྱུར་བ་བྱུང་སྟེ་ཉང་འབྲི་བཞིན་པ་འདིའོ།།  ཚང་ཞེས་པ་ཞེ་ཚིག་སྦྱར་བ་གོ་སླའོ།།  སྐུ་འཁོར་གྱི་གྲྭ་བ་ཟམ་ཚས་རི་མོ་ཆེ་ཟེར་བའི་སར་གཞི་གཟུང་ནས་རིམ་གྱིས་ཟམ་ཚ་སྲིབ་པ་བྱུང་།  ཆོས་འཁོར་སྐྱབས་ཀྱིས་རྭ་ཆག་སྟེང་ག་ཟེར་བའི་ས་ནས་གཞི་གཟུང་བས་རིམ་གྱིས་ཚོ་བ་བཅུ་གཉིས་བྱུང་།  སྐྱ་ཚང་གིས་ཨུར་སྟེང་ཟེར་བའི་ས་ནས་གཞི་གཟུང་བས་ཟམ་ཚ་བང་ཚང་བྱུང་།  ད་སྐབས་ཇ་ཚོང་ཟེར་མཁན་འགའ་རེ་འབྱུང་བཞིན་པ་ནི་ནོར་བ་ཁོ་ན་ཡིན་ཏེ།  ས་སྐྱ་ཚང་ཟེར་བ་ཚིག་བསྡུ་བྱས་པར་མངོན་ནོ།། ཏཱ་དབོན་པོས་སྤང་མཐུལ་ཟེར་བའི་ས་ནས་གཞི་གཟུང་བས་ཟམ་ཚ་ཉིན་པ་བྱུང་།  བླ་མ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གྲྭ་ཆེན་བཞིའི་ཡ་གྱལ་ཉང་དཔལ་ལྡན་བཀྲ་ཤིས་མགོན་པོའམ་མགོན་པོ་བློ་གྲོས་ཀྱིས་རབ་བྱུང་ལྔ་བའི་མེ་གླང་ལོ་དེ་ཕྱི་ལོ་(༡༢༧༧)་ལ་ཡུལ་སྡེ་ཆོས་ཀྱིས་སྐྱོང་བའི་དབུ་ཚུགས།  གྲུབ་པའི་དབང་ཕྱུག་ཆེན་པོ་ཁོང་གི་རྒྱུད་དུ་ཉང་ཏ་ཐཱ་ག་ཏ།  ཉང་མཉྫུ་ཤྲི།  ཉང་ལོ་ཀེ་ཤྭ་ར།  མྱང་ཨརྱ་དེ་བ།  ཉང་དོམ་ཞུ་ཅན།  ཉང་རལ་བ་ཅན།  ཉང་ཤ་མེད་གངས་དཀར།  ཉང་ཤེས་རབ་འབར།  ཉང་ཉི་མ་རྒྱལ་མཚན་རྣམས་ནི་བླ་མ་འཕགས་པ་རིན་པོ་ཆེས་འབྱུང་འགྱུར་མངོན་སུམ་དུ་གཟིགས་ཏེ་ལུང་དུ་བསྟན་པའི་ཉང་གྲུབ་པ་དགུ་རྒྱུད་དུ་གྲགས་སོ།།  དགོན་པའི་རྒྱབ་རིའི་ངོས་སུ་ཉང་གྲུབ་པ་དགུ་རྒྱུད་ཀྱི་སྒྲུབ་ཕུག་མ་ཎི་ཡིག་དྲུག་རང་བྱོན་རབ་ཏུ་གསལ་བར་གཏོད་པ་དེང་གི་དུས་སུ་མཇལ་དུ་ཡོད་དོ།། དེ་དག་ལས་ཉང་ཤ་མེད་གངས་དཀར་ནི་རྒྱབ་རིའི་ངོས་སུ་སྒྲུབ་པ་ཡུན་རིང་མཛད་མཐར་རལ་ཁོང་ལུང་བར་མི་མི་ཐར་བའི་བྲག་ལ་སྒྲུབ་ཁང་མཛད།  སྤྲུལ་བའི་བོང་བུ་དཀར་བོ་ཞིག་ལ་ཆུ་ལེན་དུ་བཅུག་ཅིང་བྱ་བཞིན་འཕུར་དེ་གྲུབ་པའི་རྟགས་མཚན་དངོས་སུམ་དུ་བསྟན།  ཉང་ཏ་ཐཱ་ག་ཏ། ཉང་མཉྫུ་ཤྲི།  ཉང་ལོ་ཀེ་ཤོ་ར་རྣམས་ཀྱང་གདོང་ལྟག་ལུང་བར་སྒྲུབ་པ་མཛད་ཅིང་ཤ་ཟངས་མུར་ཟངས་ཀླུའི་ཆབ་བྲག་རལ་ཁོང་ལུང་བ་སོགས་སུ་སྒྲུབ་གནས་སུ་བགྱིས་ཏེ་འཇའ་ལུས་རྡོ་རྗེ་སྐུ་མངོན་དུ་མཛད།  ཉང་གི་གྲུབ་པའི་དབང་ཕྱུག་ཆེན་པོ་འདི་རྣམ་ལས་ཡུལ་ཁམས་གཞན་དག་ཏུ་སྐྱེ་རྒྱུད་དང་གདུང་རྒྱུད་མཆེད་པ་ལོ་བའི་ཉང་ཚང་དང་ཕྱི་ཤོལ་ཉང་ཚང་།  དམེ་ཤུལ་ཉང་ཚང་།  འབོ་རའི་མུ་ཏོ་ཚང་ཡང་ཉང་ཚང་འདི་ནས་མཆེད་པར་བཞེད་པ་སོགས་མང་བོ་ཞིག་ཉང་ཚང་འདི་ནས་མཆེད་པ་ཡིན་ནོ།།  ཉང་དཔལ་ལྡན་བཀྲ་ཤིས་མགོན་པོའམ་མགོན་པོ་བློ་གྲོས་ནི་དགོན་པ་ཕྱག་འདེབས་མཛད་མཁན་སྐུ་ཐོག་དང་བོ་ཡིན་ལ།   
           གཉིས་པ་ཉང་རྣལ་འབྱོར་དབང་ཕྱུག་ཚང་གིས་སྐུ་ཚེ་གང་བོར་ནགས་ཁྲོད་དང་དབེན་པའི་གནས་སུ་སྙོམས་འཇུག་ཟབ་མོའི་བསམ་གཏན་ལ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པས་ཉོན་མོངས་ཟད་པའི་བདེ་སྟོང་ཟུང་འཇུག་གི་འབྲས་བུ་མངོན་དུ་མཛད་དོ།། 
           གསུམ་པ་ཉང་མགོན་པོ་བློ་གྲོས་ཚང་གིས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང་བཙུན་པའི་བྱ་བ་མཁས་བཙུན་བཟང་གསུམ་གྱི་སྒོ་ནས་གདུལ་བྱ་མང་བོ་བསྐྱངས་ཤིང་ཁྱད་པར་དུ་རྟེན་འབྲེལ་ཟབ་མོའི་མན་ངག་གིས་རྒྱུད་རབ་ཏུ་སྨིན་པར་མཛད་དོ།།
           བཞི་བ་ཉང་སངས་རྒྱས་འོད་ཟེར་མཆོག་ནི་ཨུར་སྟེང་སྐྱ་ཚང་ཚོ་བའི་སྐྱ་དགེ་ཚང་ལ་བུ་ལྔ་ཡོད་པའི་ཆེ་བར་འཁྲུངས།  ཁོང་གིས་འཁྲུངས་གཞིས་ཀྱི་རྒྱབ་རི་ལ་སྒྲུབ་པ་མཛད་ཅིང་ཡུན་རིང་བཞུགས་སྟབས་མི་མིང་ཡུལ་ལ་ཆགས་ཏེ་དེང་སང་སངས་རྒྱས་ཀླད་ཅེས་འབོད།  ཁོང་གི་ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེ་བས་ཨ་ལ་དང་སྒྱིས་ཚང་། ཟམ་ཚ་བཅས་རྒྱལ་སྐོར་གསུམ་གྱི་དབུ་བླ་དབང་ཤུགས་ཅན་དུ་གྲགས།  གཞན་ཤིས་ཚང་།  འབོར་ར་དང་ཨ་མཆོག  གཙོས། རྡོ་དཀར།  ལོ་བ། གྱི་ལང་། ཆས་བུ་གཤིས་སོགས་ས་གནས་དུ་མའི་གྱོད་དོན་ཆེ་རིགས་སྣ་ཚོགས་སྐུ་དངོས་ཀྱིས་ཐག་གཅོད་བྱེད་པའི་སྲོལ་ས་ཁྱི་དུས་འཁྲུག་བར་དུ་གནས། གདུགས་རྟ་དར་ཅན་གྱི་བླ་མ་དང་ཁྲིམས་ལྕགས་ཐག་ཅན་གྱི་དཔོན་པོ་ཡིན་ཟེར་དཔེ་དེང་སང་ཡང་གླེང་ངོ་།  ཁྱད་པར་ཅན་དུ་དམ་ཅན་རྡོ་རྗེ་ལེགས་པ་སྲུང་མ་ཧ་ཅང་བཀའ་གཉན་པོར་ཀུན་གྱིས་བརྩི།  གཉན་ཆེན་ཏཱ་རི་དང་ཤ་ཟངས།  མུར་ཟངས་སོགས་ལྷ་མཁར་མང་དུ་བཙུགས།    
           ལྔ་བ་ཉང་བསྟན་པའི་རྒྱལ་མཚན་ཚང་ནི་གདན་ས་རང་དང་འདབ་འབྲེལ་བའི་རྡོ་གཟུགས་སྡེ་བར་འཁྲུངས།  སྐུ་གཞོན་ནུའི་སྐབས་ནས་ཐོས་བསམ་སྒོམ་གསུམ་ཆིག་དྲིལ་དུ་མཛད།  ཁོང་གིས་གདན་ས་འདི་དགེ་ལུགས་པར་བསྒྱུར་ཅིང་ཆོ་ག་ཕྱག་ལེན་ཚང་མ་རྒྱུད་སྨད་ལྟར་བཅོས།  འདུལ་བའི་གཞི་གསུམ་གྱི་ལག་ལེན་ངོས་གཙང་ཚུགས།  ཟམ་ཚ་མཛོད་ཚང་གིས་སྦྱིན་བདག་བྱས་ཏེ་དགའ་ལྡན་ལྔ་མཆོད་ཆེན་མོ་བཙུགས་ཤིང་རྒྱལ་སྐོར་གསུམ་གྱི་གྲྭ་རྒྱུན་གདན་འདི་རུ་མཉམ་དུ་འཚོགས་པའི་སྲོལ་ཕྱེས་ནས་མཚན་ལ་དགེ་ལྡན་བཤད་སྒྲུབ་ཕུན་ཚོགས་རབ་རྒྱས་གླིང་ཞེས་གསོལ།      
           དྲུག་པ་ཉང་དཀའ་རྒན་ཚང་དབུས་སུ་ཡུན་རིང་བཞུགས་ཤིང་གསང་ཕུར་དཀའ་བཅུའི་གྲྭ་སྐོར་མཛད། མདོ་སྨད་ཀྱི་མངའ་ཁོངས་ཀྱི་མི་སྡེ་ཟམ་ཚ་དང་ཨ་ལ་སྒྱིས་ཚང་།  ཤིས་ཚང་།  འབོར་ར།  ཨ་མཆོག  གཙོས།  རྡོ་དཀར། ལོ་བ་གྱི་ལང་སོགས་ལ་དབུས་སུ་སློབ་གཉེར་གནང་ས་རེ་ཡོད་ན་ཕན་པར་དགོངས་ཏེ་དབུས་སུ་འབྲས་སྤུངས་སྒོ་མང་གཞུང་བ་ཁམས་ཚན་(༡༦༥༠་ལོ་ཡས་མས་ལ་གསར་འཛུགས་མཛད།  དཔལ་རྡོ་རྗེ་འཇིགས་བྱེད་ཡི་དམ་དུ་བསྟེན་ཅིང་རྩ་སྔགས་བྱེ་ཆེན་མང་བོ་སོང་བས་བཀའ་བསྒོ་ཙམ་གྱིས་སྨྱོ་འབོག་གི་ནད་སོགས་གྲོལ་བ་དང་གྲི་འདུལ་སོགས་ལ་ནུས་པ་ཆེ།  གདན་སར་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ཤིང་ཁྱད་པར་དུ་འབམ་ལོག་ཁུ་ཚུར་ཙམ་ལ་ཡ་མ་ར་ཛ་བྱེ་བ་རེ་བསྒྲུབས་ཏེ་ལོ་ངོ་དགུའི་ཡུན་དུ་རྒྱལ་བ་བྱམས་པའི་སྐུ་གཟུགས་བཞེངས་པ་རང་བྱུང་གིས་ཡར་ཆེར་སྐྱེས་པས་བྱམས་ཁང་བསྐྱར་བཞེངས་ཐེངས་འགར་བྱས་པར་གྲགས།  དུས་དེ་ནས་བཟུང་ཡུལ་ཁམས་སུ་བཀྲ་ཤིས་ལོ་ལེགས་བྱུང་བར་བཤད།  ཆོས་དཔལ་ཞང་བརྒྱ་མཆེད་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་ཡང་ཕྱག་འདེབས་གནང་།   དགའ་ལྡན་ཁྲི་རབས་ང་ལྔ་བ་ཁྲི་ཆེན་ནམ་མཁའ་བཟང་བོ་སྐུ་ན་ཕྲ་བའི་དུས་སུ་འདུལ་བ་འཛིན་པ་ཉང་དཀའ་རྒན་ཚང་ཁོང་གི་སྐུ་མདུན་ནས་དགེ་བསྙེན་དང་རབ་བྱུང་།  དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས་ཏེ་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་ཞིང་ཡི་གེ་འབྲི་ཀློག བསྟོད་ཚོགས་དང་སྨོན་ལམ་སྒྲུབ་ཐབས་སྣ་ཚོགས་ཐུགས་འཛིན་དང་སྦྱོང་བ་མཛད། ༡༧༠༤་ལོར་དགའ་ལྡན་ཁྲི་རབས་ང་གསུམ་པ་ཁྲི་རྒྱལ་མཚན་སེངྒེ་དང་མཉམ་དུ་དབུས་སུ་ཐུགས་གཉེར་ལ་བྱོན་ནས་འབྲས་སྤུངས་གཞུང་པ་ཁམས་ཚན་འདིར་ཞུགས་ཏེ་སློབ་གཉེར་རྡོ་རུས་ཐུག་པ་གནང་པས་སྨྲ་བ་ཟླ་མེད་དུ་གྱུར་ཅིང་རྣམ་པ་གཉིས་ཀྱིས་དགའ་ལྡན་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བར་མཛད།
           བདུན་པ་ཉང་དཀའ་བཅུ་མཆོག་གྲུབ་ཚང་གིས་གདན་ས་རང་དུ་འཕྲིན་ལས་རྒྱ་ཆེར་སྤེལ་བའི་སྒང་།  ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གསར་ཚུགས་ཀྱི་དུས་འཇིགས་ལྷ་གྲངས་ཀྱི་གྲས་སུ་ཞུགས།  སྒྱིས་ཚང་འགོ་བ་མཁས་བཙུན་གྱིས་མཆོད་གནས་ཞིག་དགོས་ཚུལ་ཞུས་པར་ཉང་དཀའ་བཅུ་མཆོག་གྲུབ་བཀས་གནང་།  བླ་མ་ལུང་དུ་སྒྲུབ་པ་མཛད་ཅིང་ཡུན་རིང་བཞུགས།  འགོ་བ་མཁས་བཙུན་གྱིས་སྦྱིན་བདག་བྱས་ཏེ་རབ་བྱུང་བཅུ་གཉིས་པའི་ས་རྟ་ལོར་(༡༧༣༨)དུང་ཕྲུག་རི་ཁྲོད་པས་བཟུང་བའི་མཐའ་དམར་སྒོམ་ཁང་གི་མདོར་རི་ཁྲོད་བཞི་གཅིག་བསྡུས་ཀྱིས་སྒྱིས་ཚང་སྒར་དགའ་ལྡན་ཆོས་གླིང་ཕྱག་འདེབས་གནང་ཞིང་སྐུ་འཕྲེང་རིམ་པས་ལུགས་གཉིས་ཀྱིས་སྐྱོང་བར་མཛད།    
           བརྒྱད་པ་ཉང་བློ་གྲོས་ཀུན་དགའ་བསྟན་འཛིན་ཚང་ནི་ཅོ་ནེ་ཁྱ་དགེ་འོམ་བུའི་སྡེ་ཁྲོད་དུ་སྐུ་འཁྲུངས།  ཁྱ་དགེ་དཔོན་སློབ་ཚང་གིས་ཡུན་རིང་བསྐྱངས་ཤིང་རབ་བྱུང་ཡང་བསྒྲུབས།  སྔོན་གནས་རྗེས་དྲན་གྱི་རྟགས་ངོ་མཚར་ཅན་བྱུང་བས་གདན་སར་བཀོད།  གདན་ས་རང་དུ་འབྲང་རྒྱས་རི་ཁྲོད་པ་ངག་དབང་བསྟན་འཛིན་གྱི་རྩར་བཞུགས།  དགུང་ལོ་ཉེར་གསུམ་སྟེང་ལ་སོག་ཡུལ་དུ་ཕེབས།  པཎ་ཆེན་རིན་པོོ་ཆེའི་སྐུ་ཚབ་བླ་སྨན་ཞིག་ཡོད་པས་བཀུར་ཏེ་འཕྲིན་ལས་རབ་ཏུ་རྒྱས།  ཉེར་ལྔ་བ་ལ་མཚོ་བདུན་ཁེ་བུན་དུ་རྗེ་དྲུང་བློ་བཟང་དཔལ་ལྡན་རྒྱལ་མཚན་ལ་བསྙེན་རྫོགས་ཞུས།  ཉེར་དགུ་བ་ལ་དབུས་སུ་ཕེབས་ཏེ་གདན་ས་ཁག་ལ་མང་འགྱེད་རྒྱ་ཆེར་བསྒྲུབས།  མན་ཇུ་ཆན་ལུང་གོང་མར་བཀའ་འགྱུར་གྱི་ལུང་གནང་བ་རྐྱེན་དབང་གིས་མཇུག་སྐྱོང་མ་ཐུབ་པར་ལུས།  གོང་མས་ཉང་ཚང་ཧུ་ཐོག་ཐུའི་ཆོ་ལོ་གནང་ཞིང་སོག་ཡུལ་དུ་ཞབས་བརྟན་གྱི་དགོན་པ་བཏབ། སྐབས་དེ་དག་ཏུ་འབྲས་སྒོ་གཞུང་པ་ཁམས་ཚན་གཞི་རྒྱ་བསྐྱེད་དེ་ཁང་མིག་བདུན་ཅན་དེ་ཁང་མིག་སོ་གཉིས་ཅན་སྤྱི་ཁང་ཚོམས་ཆེན་དང་བཅས་པ་གསར་བཞེངས་མཛད།  སྲིད་སྐྱོང་ཚེ་སྨོན་གླིང་བ་རྒྱལ་ཐོག་དང་བོ་(༡༧༧༧ནས་༡༧༨༦)ཚ་རྡོར་ངག་དབང་ཚུལ་ཁྲིམས་ཚང་དང་ཐུགས་ནང་ཧ་ཅང་མཉེས་པས་ཁམས་ཚན་བསྐྱར་བཞེངས་ལ་གཞོགས་འདེགས་གང་ལེགས་གནང་།  ཁམས་ཚན་འདིའི་ཐོབ་ཁུངས་སུ་དགོན་བཅུ་ཕྲག་ལྷག་ཡོད།  སྨད་ནས་ཙན་དན་ཇོ་བོ་དང་བཀའ་འགྱུར་གདན་དྲངས་ནས་ཙན་དན་ཇོ་བོ་གཞུང་བ་ཁམས་ཚན་གྱི་རྟེན་གཙོར་བཞུགས། གསེར་ནག་གི་ཁ་གྲངས་ཀ་སླེངས་པས་གཞུང་བའི་ཐིག་ནག་ཏུ་གྲགས་པ་བྱུང་།  ཀུན་མཁྱེན་འཇིགས་མེད་དབང་བོར་ཐུགས་འབྲེལ་ཆེ་བས་བླ་བྲང་བཀྲ་ཤིས་འཁྱིལ་དང་ཨ་མཆོག་དགོན་དུ་ནང་ཆེན་གྱི་གཞི་བཟུང་།  གདན་ས་འདིར་གདན་དྲངས་པའི་སྐུ་གསུང་ཐུགས་རྟེན་དང་གསེར་དངུལ་སོགས་ཀྱི་མཆོད་ཆས་འགངས་ཆེ་བ་མང་།  པཎ་ཆེན་སྐུ་འཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ཉང་ཚང་ཧུ་ཐོག་ཐུའི་འཁྲུངས་རབས་གསོལ་འདེབས་《བརྟན་བཞུགས་སྨོན་ཚིག་འཁྲུངས་རབས་རྣམས་ཆབས་གཅིག་ཏུ་བསྡེབས་པ།》ཞེས་བྱ་བ་མཛད། ཀུན་མཁྱེན་འཇིགས་མེད་དབང་བོའི་ཆབ་ཤོག་ཏུ་ཉང་ཚང་ཧུ་ཐོག་ཐུ་བློ་གྲོས་ཀུན་དགའ་བསྟན་འཛིན་ལ་སྤྲིངས་པ་《ཤིང་བྱའི་ལོར་ཉང་ཚང་སྐུ་སྐྱེས་ལ་སྤྲིངས་པའི་ཡི་གེ་ངང་མོའི་གླུ་དབྱངས།》ཞེས་བྱ་བ་བཞུགས་ཡོད།  ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ལས་ཟབ་ཆོས་མང་དུ་གསན།  ཕྱོགས་དུ་མར་བཀའ་འགྱུར་གྱི་ལུང་ཚར་བདུན་གནང་།  གསུང་འབུམ་པོཏ་འགའ་བཞུགས་པའི་པར་ཤིང་ཨ་མཆོག་དགོན་དུ་བཞུགས་པ་ཕྱིས་སུ་ཟི་ལང་མཱ་པཱོ་ཧྥང་གི་དམག་གིས་ནང་ཆེན་ཨ་མཆོག་དགོན་པ་བཅས་པ་(༡༩༡༨)མེ་ཕུང་དུ་བསྒྱུར་བ་ཧ་ཅང་ཕངས་པའི་གནས་སོ།། 
           དགུ་བ་ཉང་བློ་གྲོས་ཀུན་དགའ་བསྟན་འཛིན་མཆོག་ནི།  ཅོ་ནེ་རུ་སྐུ་འཁྲུངས་ཤིང་སྒྱིས་ཚང་དགེ་སློང་ཟེར་བའི་འདུལ་འཛིན་ཞིག་ཡོད་པ་དགེ་རྒན་དུ་བསྟེན།  ལམ་རིམ་བདེ་ལམ་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་ཞུས།  ཤིང་བྱི་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་པས་ཐུགས་གཉེར་ལེགས་པོ་ཐོན།  སྨད་སོག་ཨ་ཝ་གར་གདན་དྲངས་ཤིང་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས།  ལྕང་སྐྱ་སྐུ་འཕྲེང་བཞི་བ་ཡེ་ཤེས་བསྟན་པའི་རྒྱལ་མཚན་དང་ཐུགས་འདྲིས་ཆེ་ཞིང་ཆུ་བཟང་ཇོ་ཁང་དུ་སངས་རྒྱས་སྟོང་སྐུ་གསར་བཞེངས་ལ་ཞབས་འདེགས་ཞུས།      
           བཅུ་བ་ཉང་དཀོན་མཆོག་བསྟན་འཛིན་རྒྱལ་མཚན་ནི་ཉང་འབན་མགོན་པོ་ཚེ་བརྟན་གྱི་སྲས་སུ་སྐུ་འཁྲུངས།  བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཐའ་ཆོད་པ་གནང་ཞིང་སྨད་སོག་ཏུ་གདུལ་བྱ་རབ་རྒྱས་པའི་སྒང་དེར་ཞི་བར་གཤེགས།       
           བཅུ་གཅིག་པ་ཉང་དཀོན་མཆོག་ཚུལ་ཁྲིམས་རྒྱ་མཚོ་ཚང་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་ཡོངས་སུ་རྫོགས་པའི་བདག་པོར་གྱུར་ཅིང་ཁྲིམས་ལྡན་ངུར་སྨིག་འཛིན་པའི་སྡེ་འདི་ཉིད་ཆོས་དང་མཐུན་པར་ཚུལ་བཞིན་སྐྱོང་བར་མཛད།        
           བཅུ་གཉིས་པ་ཉང་བློ་གྲོས་ཡོན་ཏན་ཐུབ་བསྟན་ཉི་མ་ཚང་གི་དབུ་མའི་ལྟ་བར་གཤར་སྒོམ་དང་རྡོ་རྗེ་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་དོ།།        
           བཅུ་གསུམ་པ་ཉང་བློ་བཟང་འཇིགས་མེད་སེང་གེ་ཚང་བླ་རི་འགུལ་མདོ་བར་ཡུམ་ལྷ་མོ་འཚོའི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ལྕགས་རྟ་(༡༨༧༠)ལོར་ལྟས་བཟང་ཁྱད་པར་བ་དང་བཅས་ཏེ་སྐུ་བལྟམས།  བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་མཐའ་ཆོད་པ་གནང་ཞིང་ཤིས་ཚང་སྒར་སར་དགོན་པའི་ཁྲི་རབས་སོ་གཅིག་པ་དང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གི་ཁྲི་རབས་བཅུ་གཅིག་པ།  རྒན་གྱའི་བྲག་དཀར་དགོན་པའི་ཁྲི་བ་སོགས་ལ་བཞུགས།  ཁོང་གི་སྐུ་རིང་ལ་གདན་ས་རང་གི་འདུ་ཁང་ལ་མེ་སྐྱོན་ཐེངས་གཉིས་བྱུང་བའི་གཅིག་སྐུ་ན་ཕྲ་བའི་དུས་སུ་བྱུང་པས་རྒྱལ་སྐོར་གསུམ་གྱིས་འདུ་ཁང་བསྐྱར་བཞེངས་མཛད་སྐབས་སྒྱིས་དགེ་ཚང་རྒྱལ་སྐོར་གསུམ་གྱི་གཙོ་གྲས་ཞིག་ཡིན་སྟབས་སྒྱིས་དགེ་དབོན་པོས་བརྩིགས་པའི་ལས་འགན་ཁུར་ཡོད་པའི་སྐབས་དེར།  ཁ་སོས་དལ་སྒྱིས་དགེ་དབོན་པོ།།རྡོ་ཤར་ཤར་མདོང་མདོང་དཀོན་གི།།ཟེར་ནས་བུད་མེད་ཅིག་གིས་ནགས་ནས་ལྐོག་གཞས་འཐེན་པ་དེང་སང་གླེང་གིན་འདུག  གཉིས་པ་དགུང་ལོ་སོ་ལྔ་(༡༩༠༠)་ལ་ཁེལ་བས་སྐུ་ཚེ་གང་བོར་རྟེན་བཞེངས་དང་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་དང་སྨན་གྱི་འཕྲིན་ལས་ཀྱིས་སེམས་ཅན་ཉམས་ཐག་རྣམས་བསྐྱངས་ཏེ་དུས་འདའ་བར་མཛད་ཅིང་དགུང་གྲངས་ང་གཉིས་བཞེས་པ་རབ་བྱུང་བཅོ་ལྔ་བའི་ལྕགས་བྱའི་སྣྲོན་ཟླའི་ཚེས་གསུམ་(༡༩༢༡.༥.༣)་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད།    
           བཅུ་བཞི་བ་ཉང་བློ་བཟང་བསྟན་འཛིན་རྒྱ་མཚོ་ནི་རྒན་གྱ་གོང་མ་རུ་ཡབ་མཁའ་འགྲོ་སྐྱབས་དང་ཡུམ་མཁར་མོ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་(༡༩༢༢)འཁྲུངས།  དགུང་ལོ་བདུན་གྱི་སྟེང་ཁྲི་འདོན་མཛད་ཅིང་བཀྲ་ཤིས་འཁྱིལ་དུ་ཆོས་གྲྭར་ཞུགས་ཏེ་སྙན་གྲགས་ཚང་སྐུ་འཕྲེང་བཞི་བ་བློ་བཟང་སྙན་གྲགས་ཚང་དང་འཛིན་གྲྭ་གཅིག་པ་དང་འཛིན་གྲྭའི་བླ་མ་མཛད།  མཁས་པའི་དབང་བོ་དམུ་དགེ་བསམ་གཏན་ཚང་སྐབས་དེར་འཛིན་གྲྭའི་སྐྱོར་དཔོན་ཡིན།  དགེ་བའི་བཤེས་གཉེན་ཆེན་མོ་ལྷ་མོའི་ཚུལ་ཁྲིམས་དར་རྒྱས་ཚང་དགེ་རྒན་དུ་བསྟེན་ནས་ཐུགས་གཉེར་གནང་བཞིན་པའི་སྒང་གློ་བུར་དུ་དགུང་ལོ་བཅུ་གཉིས་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་(༡༩༣༣)ལ་ཞི་བར་གཤེགས་པས་གདུང་རྒྱབ་རིའི་དབུ་རྩེ་ནས་ཞུགས་འབུལ་ཞུས།  དེའི་རྗེས་སུ་འཛིན་གྲྭའི་བླ་མ་སྙན་གྲགས་ཚང་གིས་མཛད།  ཉང་གི་ལོ་རྒྱུས་ཅུང་རྒྱས་པ་ཞིག་ཡོད་པ་ས་ཁྱི་ལོའི་དུས་འཁྲུག་རྗེས་སུ་མེ་ལྷའི་ཞལ་དུ་བསྟབས་པས་སྐུ་འཕྲེང་འགའ་རེ་ལ་གསལ་ཆ་ཆེར་མ་བྱུང་བ་ཡིད་ཕམ་པའི་གནས་སོ།།
           བཅོ་ལྔ་བ་ཉང་བསྐལ་བཟང་ཀུན་དགའ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི་དེང་སྐབས་རེབ་གོང་གི་ཁོངས་གཏོགས་ཐེ་བུ་ཚོ་བ་གསུམ་གྱི་ཡ་གྱལ་རྣམ་རྒྱལ་བྱམས་སུ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པ་ཡབ་བསོད་ནམས་རྒྱ་མཚོ་དང་ཡུམ་འབྲུག་མོ་རྒྱལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་(༡༩༣༤)ལོའི་ཧོར་ཟླ་བཅུ་གཉིས་པའི་བཅོ་ལྔ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།  པཎ་ཆེན་སྐུ་འཕྲེང་དགུ་བ་དང་ཀུན་མཁྱེན་ལྔ་བ་ཆེན་པོ་རྣམ་གཉིས་ཀྱིས་ངོས་འཛིན་གནང་བ་གཞི་གཅིག་ཏུ་བབས་ཏེ་དགུང་ལོ་བདུན་གྱི་སྟེང་(༡༩༤༠)སྤྲུལ་སྐུ་གདན་འདྲེན་པའི་ལམ་དུ།  ཟླ་དགུ་བའི་བཅོ་ལྔ་ལ་ཁྱུང་རྩེ་ཐང་དུ་ཨ་ཁུ་རིན་པོ་ཆེ་ལྷ་མོའི་ཚུལ་ཁྲིམས་ཚང་གི་སྐུ་མདུན་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་པས་ཐུགས་ཀྱི་བུམ་བཟང་ཚུལ་ཁྲིམས་ཀྱི་བཅུད་ཀྱིས་ཡོངས་སུ་གཏམས་པར་གྱུར་བའི་དུས་དེ་ནས་བཟུང་སྟེ་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པའི་འདུལ་བའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་དབུ་བརྩམས།  ཟམ་ཚ་མཛོད་ཚང་གཙོ་བྱས་ཏེ་ཨ་ལ་དང་སྒྱིས་ཚང་བཅས་རྒྱལ་སྐོར་གསུམ་གྱི་དགོན་གྲོང་ཡོངས་ཀྱིས་ཆིབས་བསུ་ཇ་ཐབ་ཟབ་རྒྱས་དང་བཅས་ཟླ་དེའི་ལྷ་བབས་དུས་ཆེན་ལ་རྡོ་གཟུགས་དགོན་དུ་ཁྲི་སྟོན་རྒྱ་ཆེར་མཛད།  བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བརྩོན་འགྲུས་ཚང་དང་ཆོས་དཔལ་ཞིང་གི་ཨ་ཁུ་འཇིགས་མེད་ཚང་རྣམ་གཉིས་ཡོངས་འཛིན་དུ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཅིང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་སྤྱི་དང་ཁྱད་པར་དུ་མཚན་ཉིད་ཀྱི་གཞུང་ལ་སྦྱངས།  ཆོས་གྲྭར་ཕེབས་སྐབས་སུ་བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་དངོས་གཞི་འཛིན་གྲྭ་གཅིག་པ་དང་རྗེ་དགེ་འདུན་རྒྱ་མཚོ་ཚང་མར་བབས་དཔེ་གཟིགས་འཛིན་གྲྭ་གཅིག་པ་གནང་ནས་ལོ་ངོ་བཅུ་གཉིས་ལ་སློབ་གཉེར་མཐའ་ཆོད་པ་གནང་ཞིང་དགུང་ལོ་ཉི་ཤུ་སྟེང་རིགས་སྨྲ་འབུམ་སྡེའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག་པར་མཛད།  ཁོང་ཨ་ཁུ་རིན་པོ་ཆེ་ལྷ་མོ་ཚུལ་ཁྲིམས་ཚང་དང་ཨ་ལགས་རིན་པོ་ཆེ་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ།  རྡོ་རྗེ་འཆང་དངོས་རྒྱ་ཞབས་དྲུང་ཚང་སོགས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་མའི་ཞབས་ཀྱི་པད་མོ་ལ་གུས་པས་གཏུགས་ཏེ་དབང་ལུང་རྗེས་གསུམ་ཁྲིད་མན་ངག་མང་དུ་གསན་པས་ཟབ་རྒྱས་གདམས་པའི་གཏེར་མཛོད་དུ་གྱུར།  དགུང་ལོ་ཉེར་གཅིག་སྟེང་ནས་ཨ་མཆོག་ལམ་རིམ་ཁྲི་བ་དང་མཛོད་དགེ་སྒར་རྙིང་དགོན་པའི་ཁྲི་ལ་བྱོན་ནས་སོ་སོའི་འཆད་ཉན་བཤད་སྒྲུབ་ཀྱི་བྱ་བ་འགྲིག་ལམ་ཕྲ་རགས་སོགས་ལ་ཞིབ་མོས་ནན་ཆེར་སྐྱོང་བར་མཛད། 
           ས་ཁྱིའི་དུས་འཁྲུག་(༡༩༥༨)ལོར་དགུང་ལོ་ཉེར་ལྔའི་སྟེང་བཀྲ་ཤིས་འཁྱིལ་དུ་དམར་དམག་གིས་འཛིན་བཟུང་བྱས།  (༡༩༦༢)ལོར་མདོ་ལྷོ་ཁུལ་སྲིད་གྲོས་སྐབས་གསུམ་པའི་ཨུ་ཡོན་ལ་འདེམས་པ་དང་ཆབས་གཅིག་ཏུ་ཁུལ་སྲིད་གྲོས་ཆབ་སྲིད་སློབ་གྲྭ་ལས་སློབ་སྦྱོང་གནང་།  དེའི་ཞོར་དུ་བསང་ཆུ་རྫོང་སྲིད་གྲོས་ཀྱི་དྲུང་ཡིག་གཞོན་པའི་འགན་བཞེས།  (༡༩༦༤)ལོར་ལན་ཀྲུའུ་ནས་སློབ་སྦྱོང་གནང་སྟེ་ལོ་གཅིག་ལ་བཞུགས།  བླ་བྲང་རིག་གྲྭའི་ཐང་ནས་སྲིད་གྲོས་ལ་ལོ་གཅིག་ལྷག་ལ་ཞུགས།  འདུག་ས་འདན་ཚང་གི་ནང་དུ་བསྡད།  དེའི་རྗེས་སུ་དུས་འཁོར་འདུ་ཁང་གི་སྟེང་འོག་ཕྱེས་ནས་དེར་བཀག་མའི་རྣམ་མ་པར་བཞུགས།  ཡང་དེའི་རྗེས་སུ་བླ་བྲང་ནང་དུ་འདུག་དགོས་བྱུང་ལ།  ༡༩༧༠་ལོའི་ཟླ་དང་བོའི་ཚེས་བཅུ་གསུམ་ཉིན་ནས་མན་དཀར་བཙོན་ཁང་དུ་བཅུག  ༡༩༧༢་ལོའི་དགུ་བའི་བཅོ་ལྔའི་ཉིན་བཙོན་གྲོལ་བཏང་རྗེས་ཀྱང་ནག་ཅན་གྱི་ཞྭ་མོ་གོན་ཏེ་སྐུ་ཡུལ་དུ་ལོ་དགུའི་ཡུན་ལ་དཀའ་ངལ་ཤིན་ཏུ་ཆེ་བའི་ངལ་རྩོལ་སྣ་ཚོགས་མཛད་ཅིང་བཞུགས།      
           (༡༩༨༡)ལོར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཟླ་བ་གཟའ་ལས་གྲོལ་བ་བཞིན་ཡང་དར་བསྟན་པའི་སྒོ་འཕར་ཡངས་པོར་ཕྱེས་པས།  སྐུ་གཅུང་ཨ་ཁུ་སྙན་གྲགས་དང་མཉམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྒྱུད་སྟོད་ཀྱི་ཐེ་བོ་བརྩོན་འགྲུས་ཀྱི་ཁྱམས་རར་བཞུགས།  ལོ་འདིའི་སྟོན་ཟླ་བརྒྱད་པའི་ཚེས་གཅིག་ལ་བཅིབ་གོང་ནས་གདན་ས་རང་དུ་ཆིབས་བསྒྱུར་བསྐྱངས་ཏེ་མི་ལོ་ཉེར་གསུམ་གྱི་ཡུན་ལ་མཇལ་མ་ཐུབ་པའི་བླ་མའི་ཞལ་རས་ཉི་མའི་དཀྱིལ་འཁོར་དངོས་སུ་མཇལ་བས་དད་ལྡན་འགྲོ་བ་མང་བོའི་ཡིད་ཀྱི་དྲན་གདུང་སྡུག་བསྔལ་གྱི་མུན་པ་གཞི་ནས་དྭངས།  སྐབས་འདིར་སྔོན་ཆད་འདུ་ཁང་ལ་མེ་སྐྱོན་ཐེངས་གཉིས་བྱུང་བ་དང་ད་ལྟའི་ཆག་འཇིག་དང་ལན་གསུམ་ཡིན་པས་འདུ་ཁང་ལ་གསར་དུ་ས་རྟགས་གནང་སྟེ་འདུ་ཁང་གསར་བཞེངས་དང་དགོན་པ་བསྐྱར་བསྐྲུན་གྱི་དབུ་བཟུང་། 
           ༼༡༩༨༡་ལོར་དད་མོས་གུ་ཡངས་བྱུང་ནས་དགོན་པར་གྲྭ་བ་དག་འདུ་སྐབས་གྲྭ་བ་རྒན་པ་ཞལ་བཞུགས་པ་ནི། (མགར་བརྒྱའི་ཆོས་ལྡན་ཚང་།༡༩༠༤-༡༩༨༢ འཇིགས་བྱེད་བསྙེན་ཆེན་སོགས་མཚམས་དང་བསྙེན་པ་མང་དུ་སོང་ཞིང་ཆོས་སྒོ་གསར་འབྱེད་སྐབས་བླ་མ་གཞུང་ལས་པའི་ཁུར་ཡང་བཞེས།) (དགོན་ཆགས་ཀྱི་བློ་བཟང་རྒྱ་མཚོ་ཚང་།༡༩༡༨-༡༩༩༨ནི་རྟ་མགྲིན་དང་ཐུགས་རྗེ་ཆེན་པོའི་ལོ་མཚམས་ལ་བཞུགས། དབུ་མཛད་དང་དགེ་བསྐོས་སོགས་ལས་ཁུར་ཕལ་ཆེར་སྐུ་ན་ཆུང་སྐབས་ནས་ཕུད། གཞན་མཚམས་བསྙེན་པ་མང་བོ་སོང་ཞིང་རྡོ་གཟིགས་དགོན་པའི་འདོན་དབྱངས་རྟ་ཕྱག་ལེན་ཚང་མ་སླར་གསོ་གནང་མཁན་ཁོང་ག་ཁོ་ན་ཡིན་པས་སྐུ་དྲིན་ཤིན་ཏུ་ཆེ། བླ་མ་གཞུང་ལས་པར་ལོ་བཅུ་ཕྲག་ལྷག་ལ་བཞུགས།) (རྡོ་གཟུགས་ཆོས་ལྡན་ཚང་། ༡༩༢༡-༡༩༩༦ཆོས་སྒོ་ཕྱེས་ནས་བཟུང་སྟེ་དགོན་པའི་དོ་དམ་ཁང་གི་ཕྱག་ལས་གནང་ཞིང་ཧ་ཅང་རང་ཚུགས་བརྟན་པོ་ཅན་ཞིག་ཡིན་གཤིས་སྒྲིག་ཁྲིམས་དམ་འཛིན་གྱི་ཕྱག་ལས་ལ་བཀའ་དྲིན་ཆེ། ) (རྡོ་གཟུགས་ཀྱི་ཨ་ཁུ་ངག་དབང་སྦྱིན་པ་ཁོང་ཚང་།༡༩༣༡-༢༠༠༣་བསྟན་པ་ཉག་ཕྲ་བའི་སྐབས་འདིར་དབུ་མཛད་དང་དགེ་བསྐོས་སྤྱི་བ་གཉིས་གཅིག་ལྕོགས།  བླ་མ་གཞུང་ལས་པ་བཅས་ལ་ཡུན་རིང་བཞུགས་ཤིང་འདོན་རྟ་ཕྱག་ལེན་དག་གི་རྒྱུན་བསྐྱངས།  དགོན་པའི་འདུ་ཁང་བསྐྱར་བཞེངས་དང་བྱམས་པ་བྱམས་ཁང་།  དབུས་ཀྱི་བཀའ་འགྱུར་གདན་དྲངས་པ་སོགས་སྐབས་དེའི་སྐུ་གསུང་ཐུགས་རྟེན་ཕལ་ཆེར་ཁོང་གིས་བཞེངས།) (རྡོ་གཟུགས་བཟོད་པ་ཚང་།༡༩༢༨-༡༩༩༣) (གཡུ་ལའི་དཀོན་མཆོག་རྒྱལ་མཚན་ཚང་།༡༩༢༩-༢༠༠༣) (ལོ་ཙོའི་བསོད་དགའ་ཚང་༡༩༤༦ལ་འཁྲུངས། ཐོག་མའི་འདུ་ཁང་བསྐྱར་བཞེངས་ཀྱི་ལས་པའི་ཟ་མ་བཏང་བ་དང་དམ་ཅན་རྡོ་རྗེ་ལེགས་པའི་བཙན་ཁང་བཞེངས།)བཅས་གྲྭ་བ་བདུན་ལས་མ་མཆིས།༽ ས་ཁྱི་༡༩༥༨་ལོར་གྲྭ་བ་བདུན་ཅུ་བཞུགས།
           ཨ་ལགས་ཚང་ཁོང་གིས་ནམ་ཡང་དགོན་པའི་རྟེན་བཞེངས་འཛུགས་བསྐྲུན་གལ་ཆེན་དུ་མི་འཛིན་པར་གྲྭ་བ་ཞིག་ཡིན་ཕྱིན་དོན་ཉུང་བྱ་ཉུང་དང་ཆོག་ཤེས་ལ་གནས་དགོས་པའི་བཀའ་སློབ་བསླབ་བྱ་དང་གསོ་དགག་དབྱར་གསུམ་གཙོ་བོར་གྱུར་བའི་གྲྭ་ཚང་རང་ལ་གང་ཡོད་ཀྱི་ཆོས་ཐོག་རྣམས་ཀྱི་ཆོ་ག་ཕྱག་ལེན་སྒྲིག་ལམ་ཕྲ་རགས་ཀུན་ལ་ནན་ཏན་གནང་།  (༡༩༨༥)ལོར་བཀྲ་ཤིས་འཁྱིལ་གྱི་ནང་ཆེན་གསར་བ་འགྲུབ་པས་དེར་སྤོར་བ་དང་པཎ་ཆེན་ཐམས་ཅད་མཁྱེན་པ་དང་ཀུན་མཁྱེན་རིན་པོ་ཆེའི་བཀའ་གསུང་ལྟར་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་གསར་འཛུགས་ཀྱི་ལས་ལ་གཙོ་བོའི་ཐུགས་འགན་ཁུར་ཏེ་ས་རྡོ་ཡར་སྐྱེལ་མར་འདྲེན་དང་གཉེར་བའི་ཚུལ་དུ་ལྡེ་མིག་སོགས་ལའང་དོ་དམ་ནན་མོ་གནང་བཞིན་སློབ་གྲྭའི་ཅོའོ་ཧྲུའུ་དང་དགེ་རྒན་ཆེན་མོ་གཞོན་པའི་སློབ་གནས་བཞེས།  སློབ་སྟོན་ཁང་གཙོ་སྐྱོང་བའི་མཚན་སྟེང་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་༧རྗེ་འཇམ་དབྱངས་རྒྱ་མཚོ་ཚང་དང་༧རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ་ཚང་།  རྔ་བ་གྲགས་པ་ཚང་སོགས་དང་མཉམ་དུ་ལོ་ངོ་བཅུ་ཕྲག་ལྷག་ལ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་གྱི་ཕྱོགས་ལ་ཐུགས་ཀྱི་དགོངས་པ་གཏད་དེ་སློབ་གསོའི་དོ་དམ་སོགས་ལ་ཕྱག་རྗེས་བླ་ན་མེད་པ་འཇོག་པར་གནང་བ་དང་མཉམ་དུ་སྲིད་གྲོས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་ཡང་བཞེས་དགོས་བྱུང་།    མེ་ཁྱི་(༢༠༠༦)ལོར་དགོན་པའི་སྔོན་གྱི་འབུམ་ཁང་ཁེ་ཁའི་འབུམ་ཁང་གི་ས་མལ་དུ་བདུད་འདུལ་མཆོད་རྟེན་བཞེངས།   མེ་ཕག་(༢༠༠༧)ལོར་ནང་བའི་སྒོ་ཞིང་ནང་གི་འབུམ་ཁང་གི་ས་དེར་བྱང་ཆུབ་མཆོད་རྟེན་ཆེན་མོ་བཞེངས་གྲུབ་བོ།།
           ༢༠༠༦་ལོ་ནས་ཀུན་མཁྱེན་རིན་པོ་ཆེར་ཞུས་ཏེ་དགེ་བའི་བཤེས་གཉེན་དམ་པ་༧རེབ་རྩ་བ་དགེ་འདུན་ཚང་གདན་དྲངས་ཏེ་ལོ་ལྟར་སྐྱབས་ཁྲིད་དང་ལམ་རིམ་བདེ་ལམ།  འཇམ་དཔལ་ཞལ་ལུང་།  གླང་སྨྱོན་འདུལ་བའི་ལྕགས་ཀྱུ།  སྡོམ་གསུམ་བསླབ་བྱ་སོགས་རེས་ཀྱིས་གྲྭ་ཚང་ལ་འཆད་འཁྲིད་གནང་།  དེ་དག་གི་ཞོར་དུ་ཁྱིམ་པ་ཕོ་མོ་ན་གཞོན་མང་བོ་ལ་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་གནང་བ་དང་།  གྲྭ་གྲོང་གཉིས་ཆར་ལ་སྐབས་སུ་གང་མཁོའི་ཁ་ཏོན་དང་ཆོས་སྤྱོད་སྨོན་ལམ་སོགས་ལུང་རབ་ཏུ་མང་བོའི་བཀའ་དྲིན་སྐྱོང་བར་མཛད་བཞིན་པའོ།།     
           ཆུ་སྦྲུལ་(༢༠༡༣)ལ་ཁོང་དགུང་གྲངས་བརྒྱད་ཅུ་བཞེས་པའི་དགའ་སྟོན་དུ་ཧོར་ཟླ་དང་བོའི་བཅོ་ལྔ་ལ་སྒྱིས་ཚང་ལུང་བས་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ལ་མང་ཇར་སྐུ་འགྱེད་སྒོར་བརྒྱ་རེ་ཕུལ་ཞིང་གཞན་སྒྱིས་ཚང་དགོན་དང་རྡོ་གཟུགས་དགོན་ལའང་དེ་བཞིན་སྐུ་འགྱེད་བཏང་།  རྡོ་གཟུགས་སྡེ་བས་རྒྱལ་སྐོར་གསུམ་གྱི་དགོན་ཁག་ལྔ་དང་སྒྱིས་ཚང་སྤང་རི་དགོན་དགའ་ལྡན་ཆོས་གླིང་བཅས་ལའང་དེ་ལྟར་སྐུ་འགྱེད་སྒོར་བརྒྱ་རེ་དང་།  གཞན་ཇ་མར་དང་རྩམ་པའི་འགྱེད་བཏང་།  ནང་གཡུ་བླ་དགོན་ཆགས་དང་མགར་བརྒྱ།  སྐྱི་ལོ་ཙོ་བཅས་ཀྱིས་ཀྱང་རང་རང་ས་ནས་ཅི་ནུས་ཀྱིས་སྐུ་འགྱེད་བཏང་།  གྲྭ་རྒྱུན་ཧ་ཅང་དཀོན་པའི་སྐབས་འདིར་བརྒྱད་ཅུའི་གྱ་སྟོན་ལ་གྲྭ་རྒྱུན་བཅུ་བདུན་བྱུང་བ་ཡང་ཁོང་གི་ཐུགས་རྗེ་ཉག་གཅིག་ཏུ་འཁུམས། 
           ༢༠༡༤་ལོར་ཀུན་མཁྱེན་རིན་པོ་ཆེ་ཀླུ་ཆུའི་དགོན་ཁག་སོ་སོར་ཆིབས་བསྒྱུར་སྐྱོང་སྐབས་ཧོར་ཟླ་བདུན་པའི་བཅུ་གསུམ་ཉིན་ཞོགས་པ་ཆུ་ཚོད་བདུན་པར་དགོན་པའི་འདུ་ཁང་ནས་གྲྭ་ཚང་ལ་མཇལ་ཁ་དང་གསུང་བཤད་གནང་སྐབས་སུ་ང་ད་ཐེངས་ཕྱོགས་འདིར་ཐོན་ན་དགོན་པ་ཚོ་རྒྱ་ཕིབས་སོགས་ཀྱིས་སེར་ལམ་ལམ་དང་ཁྲ་ལམ་ལམ་བྱས་འདུག་པ་ཡག་པོ་མ་རེད།  འཆད་ཉན་བཟང་རབས་ལབ་མོད་དེ་དཀའ་མོ་ཡིན།  རྟེན་བཞེངས་དང་ལྷ་ཁང་གཙོ་བོ་མ་རེད།  བསྟན་པ་ཧ་ཅང་ཉག་ཕྲ་བའི་སྐབས་ཡིན།  ང་རང་ཚོས་འབད་ཐུབ་ན་ད་རུང་རེ་བ་ཡོད།  ཨ་ལགས་ཚང་གི་བཀའ་དྲིན་ལས་དགོན་པ་འདི་ཡག་པོ་ཡོད་ཚོད་རེད།  ཁྱོད་རང་ཚོས་ཁོང་གི་བཀའ་དྲིན་ཤེས་དགོས།  དགོན་པའི་འདོན་རྟ་ཕྱག་ལེན་ལ་ཞིབ་ཆ་ཐོན་དགོས།  གཤར་སྦྱོང་བཟང་བོ་གནང་དགོས།  གཞན་ལམ་རིམ་གྱི་འཆད་ཉན་དང་རིག་གནས་སྣ་ཚོགས་ལ་སྦྱོང་ཐུབ་ན་ཡག་པོ་ཡོད།  དགེ་རྒན་རེ་གདན་དྲངས་ན་བཟང་ཞེས་ཐུགས་དལ་དལ་གྱིས་གལ་ཆེན་གྱི་བསླབ་བྱ་གསུང་བཤད་འདི་འདྲ་དགོན་པ་གཞན་དག་ལ་མ་གནང་བར་རྗེས་སུ་གཞན་གྱིས་གླེང་།
           འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་མོ་སོག་པོ་བསྟན་འཛིན་ཚང་གིས་གཞུང་བ་ཁམས་ཚན་ལ་ཐུགས་རེ་ཆེན་པོས་བསྐུལ་བ་ལྟར་འབོར་ར་བ་ཚུལ་ཁྲིམས་རྒྱ་མཚོ་དང་སྐལ་བཟང་ཤེས་རབ།  ཤིས་ཚང་བསམ་འགྲུབ།  ཨ་མཆོག་ཝ་སྣ་བ་བློ་བཟང་བསམ་གཏན་བཅས་ཀྱིས་ཨ་ལགས་རྡོ་གཟུགས་ཉང་ཚང་ཁམས་ཚན་འདི་ཐོག་མར་ཕྱག་འདེབས་གནང་མཁན་དང་བདག་པོ་དངོས་ཡིན་པས་ངེད་ཅག་ལ་རོགས་འདེགས་དང་གསུང་བཀོད་ལམ་སྟོན་ཞུས་པར་ལྟར།  ཁོང་ག་དུས་ནམ་ཡང་གཉོམ་ཆུང་ཚུལ་མཐུན་འདོད་ཆུང་ཆོག་ཤེས་ལ་གནས་ཤིང་གཞན་གྱིས་བྱ་དཀའ་བའི་ངན་ངོན་གྱི་འཚོ་བ་ལ་གོམས་ཤིང་ལྷག་པར་གཞན་ལ་སློང་མོ་བྱེད་པའི་རིགས་ལ་གཏན་ནས་ཐུགས་མི་དགྱེས་མོད།  མ་འོངས་པར་བསྟན་པ་ལ་ཕན་དུ་རེ་བའི་དགོངས་པ་བཞེས་ཏེ་(༢༠༠༨)ལོར་རྡོ་གཟུགས་དགོན་པའི་ཀྲུའུ་རིན་དགེ་འདུན་དར་རྒྱས་ཆེད་མངགས་ལྟར་ཟམ་ཚའི་རོང་གི་རུ་སྡེ་སོ་སོར་དཀར་ཐིགས་རེ་བསྡུས་པ་སྒོར་༢༨༩༨༦༡་འདུས་པ་དང་།   ཨ་ལགས་ཟམ་ཚ་ཚང་གིས་སྒོར་༡༠༠༠༠་  ཨ་ལགས་སྒྱིས་ཚང་གིས་སྒོར་༡༠༠༠༠་  རྒྱལ་ཚང་གིས་སྒོར་༣༠༠༠་  དབལ་མང་ཆེ་བ་ཚང་སྒོར་༡༠༠༠་  དབལ་མང་ཆུང་བ་ཚང་སྒོར་༥༠༠་  སྒང་ཁ་ཚང་སྒོར་༡༠༠༠་  གུང་རུ་རྒན་ཕུན་ཚོགས་འོད་ཟེར་གྱིས་སྒོར་༡༢༠༠༠་ ཞབས་དྲུང་ཚང་གིས་སྒོར་༡༠༠༠་  མུ་ཏོ་ཚང་གིས་སྒོར་༡༠༠༠་  ཧོར་གཙང་ཚང་གིས་སྒོར་༡༠༠༠་  ཤིས་ཚང་ཚོ་བ་བཅུ་གཉིས་ལ་འགོ་བ་རྣམ་རྒྱལ་དང་ཨ་ལགས་ཡིག་བརྒྱ་ཚང་གིས་རོགས་སྐྱོར་འོག་ནས་སྒོར་༡༡༤༠༠༠ལྷག་འདུས།  ཨ་མཆོག་སྟོད་ཀྱི་ཚོ་བ་བརྒྱད་ལ་འབོར་རའི་ཨ་ལགས་སྒྱིས་ཚང་གིས་རོགས་མཛད་ནས་སྒོར་༦༤༩༤༢་འདུས།   འབོར་ར་ཚོ་བ་བཞི་ལའང་ཨ་ལགས་སྒྱིས་ཚང་གིས་སྒོར་༧༤༠༠༠་བསྡུས།  སྨད་ཀྱི་ཚོ་བ་བརྒྱད་ལ་སྒོར་༡༨༠༠༠་འདུས་པ་དམེ་ཤུལ་མུ་ཏོ་ཚང་གི་ནང་ཆེན་ནས་ཚུར་འཕྲོད་ཡོང་།  གཙོས་དགོན་པས་སྒོར་༡༠༠༠་དང་ཁ་བཏགས་ཉིན་བདེ་ཞིག་འབྱོར།  གཙོས་དགེ་སློང་བསམ་འགྲུབ་ཀྱིས་སྒོར་༡༠༠༠༠༠་  རྡོ་དཀར་ནས་སྒོར་༢༠༠༠་འབྱོར།  སྒྱིས་ཚང་སྤང་རི་དགོན་གྲོང་གཉིས་ལ་སྒོར་༢༨༠༠  ། གྱི་ལིང་ཕྱོགས་ནས་སྒོར་༢༣༠༠་ཚོང་བ་ཞིག་བརྒྱུད་ནས་ལྷ་སར་འཕྲོད།  ལྷ་སའི་ཨ་མཆོག་གི་ཚོང་བ་རྣམས་ཀྱིས་སྒོར་༩༢༥༠༠་  ལྷ་སའི་འབོར་རའི་ཚོང་བ་རྣམས་ཀྱིས་སྒོར་༣༠༥༥༠་  ནག་ཆུ་གཙང་སོགས་སུ་ཡོད་པའི་བླ་བྲང་ཕྱོགས་ཀྱི་ཚོང་བ་ཡོངས་ཀྱིས་སྒོར་༥༣༢༨༠་འབྱོར།  དེ་དག་ལས་སྒོར་༦༥༠༠༠༠་བླ་བྲང་གི་ནང་ཆེན་དུ་རེ་རེ་ནས་ཝ་སྣ་བ་བློ་བཟང་བསམ་གཏན་གྱིས་ཨ་ཁུ་སྙན་གྲགས་ཀྱི་ཕྱག་ཏུ་འབྱོར་བ་ཚང་མ་དངུལ་ཁང་དུ་བཅོལ་ཏེ་(༢༠༠༩.༧.༥)་ཉིན་ལ་ཨ་ལགས་ཚང་གི་དབོན་པོ་ཨ་ཁུ་སྙན་གྲགས་ཀྱིས་ཤིས་ཚང་བསམ་འགྲུབ་དང་འབོ་ར་ཚུལ་ཁྲིམས་རྒྱ་མཚོ།  འབོར་ར་བ་སྐལ་བཟང་ཤེས་རབ་གསུམ་ལ་འཕྲོད་ཅིང་ཨ་ལགས་ཚང་ཁོང་རང་ངོས་ནས་སྔ་ཕྱིར་སྒོར་ཁྲི་བརྒྱད་གནང་ནས་གསུང་བཀོད་གནང་བ་ལྟར་འབོར་རའི་སྐལ་བཟང་ཤེས་རབ་དང་ཚུལ་ཁྲིམས་རྒྱ་མཚོ་གཉིས་ཀྱིས་ལས་འགན་བཞེས་ནས་གཞུང་བ་ཁམས་ཚན་ལས་འགོ་བརྩམས་ཏེ་ཕྱིའི་བཞེངས་པ་(༢༠༡༤)གྲུབ་ཅིང་། སྐུ་གསུང་ཐུགས་རྟེན་གྱི་སྤྱིན་བདག་དག་ནི།   གཙོ་སྐུ་གསེར་ཟངས་ལས་གྲུབ་པའི་སྟོན་པའི་སྐུ་བརྙན་ཆེ་ཚད་མུའུ་དོ་ཅན་རྒྱབ་ཡོལ་དང་བཅས་པའི་སྦྱིན་བདག་སྐྱིད་འཛོམས།  ཉན་ཐོས་མཆོག་ཟུང་དང་འཇམ་དབྱངས་མུའུ་དོ་ཅན་གྱི་སྦྱིན་བདག་སྒོ་མང་དགེ་བསྟན་པ་ནོར་བུ།  གསེར་ཟངས་ལས་གྲུབ་པའི་རྗེ་ཡབ་སྲས་གསུམ་མུའུ་དོ་ཅན་གྱི་སྦྱིན་བདག་འབོར་རའི་དཀོན་མཆོག་རྒྱ་མཚོ་།   སྤྱན་རས་གཟིགས་མུའུ་དོ་ཅན་གྱི་སྦྱིན་བདག་ཆུང་བདག་ཡིན།  ཕྱག་རྡོར་གྱི་སྐུ་མུའུ་དོ་ཅན་གྱི་སྦྱིན་བདག་སྐལ་བཟང་ལྷ་མོ།  སྒྲོལ་མའི་སྐུ་མུའུ་དོ་ཅན་གྱི་སྦྱིན་བདག་ཚེ་རིང་རྡོ་རྗེ་དང་ཟླ་བ་སྒྲོལ་དཀར་ཡིན།  རྒྱལ་བ་བྱམས་པའི་སྦྱིན་བདག་སྒོ་མང་ངག་དབང་རབ་དཀར།  འོད་དཔག་མེད་ཀྱི་སྐུའི་སྦྱིན་བདག་ཚེ་རིང་སྒྲོལ་དཀར།    ཚེ་ལྷ་རྣམ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུའི་སྦྱིན་བདག་སྐལ་བཟང་ལྷ་མོ།  ལྷ་བཅུ་གསུམ་མའི་སྐུའི་སྦྱིན་བདག་རྒན་བསྟན་པ་ནོར་བུ།  མགོན་པོ་ཆོས་རྒྱལ་གཉིས་ཀྱི་སྐུའི་སྦྱིན་བདག་འཕན་པོ་ངག་དབང་རབ་དཀར།  ལྷ་མོའི་སྐུའི་སྦྱིན་བདག་ངག་དབང་ཁྲི་ཆེན།  རྣམ་སྲས་ཀྱི་སྐུའི་སྦྱིན་བདག་འབོར་རའི་དགེ་སློང་ཚུལ་ཁྲིམས་རྒྱ་མཚོ།  དམ་ཆེན་མགར་ནག་འཇིམ་སྐུའི་སྦྱིན་བདག་བདེ་སྐྱིད་དང་ལྷག་པ་གཉིས་ཡིན།  ལྡེབ་རིས་ལས་མཛད་པ་བཅུ་གཉིས་ཀྱི་སྦྱིན་བདག་ཚེ་བརྟན་སྒྲོལ་དཀར་ཡིན།  བཤགས་ལྷ་སོ་ལྔའི་སྦྱིན་བདག་སྟོད་ལུང་ངག་དབང་བློ་བཟང་།  སྒྲོལ་མ་ཉེར་གཅིག་གི་སྦྱིན་བདག་འཕན་པོ་ངག་དབང་རབ་དཀར།  མགོན་པོ་དང་ཆོས་རྒྱལ་གཉིས་ཀྱི་སྦྱིན་བདག་སྐལ་བཟང་ལྷ་མོ།  རྣམ་སྲས་ཀྱི་སྦྱིན་བདག་ཐུབ་བསྟན་བསོད་ནམས།  ལྷ་མོ་དང་གནས་ཆུང་དམ་ཅན་བཅས་ཀྱི་སྦྱིན་བདག་སྐྱིད་འཛོམས་ཡིན།   བཀའ་འགྱུར་གྱི་སྦྱིན་བདག་སྒོ་མང་ངག་དབང་བཤད་སྒྲུབ།  ཐིག་ནག་རྩེ་གསུམ་གྱི་སྦྱིན་བདག་རྨ་ཆུའི་རྨ་ཁུག་རྟ་རའི་རུ་ཁག་ལྔ་བའི་རྣམ་རྒྱལ་དང་རྟ་མགྲིན་རྡོ་རྗེ།  དེ་ལྟར་བརྟེན་དང་རྟེན་པ་བཅས་པ་ཡོངས་སུ་(༢༠༡༦)གྲུབ་ཟིན་པའོ།།  གཞུང་པ་ཁམས་ཚན་གྱི་རྒན་སྒྱིས་ཚང་ཡེ་ཤེས་ཀྱིས་(༡༩༨༥)ལོར་གཞུང་པའི་སྐུ་གསུང་ཐུགས་རྟེན་མང་བོ་ཐོ་བརྒྱབས་ནས་འབྲས་སྤུངས་ཚོགས་ཆེན་ལ་བཅོལ་ཏེ་སྔོན་གྱི་གཞུང་པའི་རྟེན་གཙོ་ཙན་དན་ཇོ་བོའང་ད་སྐབས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་སྟེང་གི་མི་དབང་ལྷ་ཁང་དུ་བཞུགས།   
           ད་སྐབས་རྒྱལ་སྐོར་གསུམ་དང་ཁྱད་པར་དུ་རྡོ་གཟུགས་སྡེ་བ་དང་སྐྱི་ལོ་ཙོ།  གཡུ་བླ་དགོན་ཆགས།  མགར་བརྒྱ།  སྒྱིས་ཚང་སྤང་རིའི་རུ་སྡེ་སོ་སོ་ལའང་རང་མོས་ལྟར་ཨ་ལགས་ཚང་གིས་ལབ་ཙེ་བརྩིགས་བསྟོད་དང་རི་གཏེར་ཁྱིམ་གཏེར་འབུལ་བ་སོགས་གང་ལ་གང་འདོད་དུ་རེ་བ་སྐོང་བཞིན་སྒར་གྲོང་ཐམས་ཅད་བཀའ་དྲིན་ཆེན་པོས་སྐྱོང་བཞིན་དགོང་གྲངས་གྱ་བཞི་བཞེས་པའི་སྐབས་ལགས་སོ།།  
           ཆོས་ཐོག་གི་རིམ་པ་ལ།  འདུལ་བའི་གསོ་དགག་དབྱར་གསུམ།  དུས་མཆོད་དུས་ངཟང་།  རྒྱུད་སྨད་ལྟར་གྱི་བདེ་བསང་འཇིགས་གསུམ་དང་ཀུན་རིག་བཅས་ཀྱི་བདག་འཇུག་སྒྲུབ་མཆོད།  ཆོ་འཕྲུལ་སྨོན་ལམ།  བསྟན་འགྲོ་སྤྱིའི་ཞབས་བརྟན།  བཞི་བའི་སྨྱུང་གནས།  དགའ་ལྡན་ལྔ་མཆོད།   འཇིགས་བྱེད་བསྙེན་སྒྲུབ།   མགོན་ཆོས་ལྔའི་གཏོར་སྒྲུབ་གཞན་དང་ཐུན་མོངས་མ་ཡིན་པ།  རྒྱུན་ཚོགས་རྒྱུན་བསྐང་སོགས་ཡོད་དོ།།
           དགོན་ས་འགྲོ་མག྄ོན་ཆོས་རྒྱལ་འཕགས་པས་ལུང་དུ་བསྟན་པ་ལྟར་ས་ལ་ཉི་ཟླ་ནོར་གསུམ་འཛོམས་ཏེ་སྨད་ཀྱི་ཐང་ཟླ་ཚེས་དང་དགོན་པ་ཆགས་སའི་སྒང་ཉི་མའི་དཀྱིལ་འཁོར།  རྒྱབ་རི་ནོར་བུ་གསུམ་བརྩེགས་ཀྱི་རྣམ་པ་གཅིག་ལས་གཅིག་མཐོའི་རི་བརྒྱུད་རིང་དུ་སོང་བ་དང་།  ཉེ་འཁོར་དུ་ཉང་གྲུབ་པ་དགུ་བརྒྱུད་ཀྱི་སྒྲུབ་ཕུག་མ་ཎི་རང་བྱོན་རབ་ཏུ་གསལ་བར་བཏོད་པ།  གྲུབ་དབང་ཤར་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་དང་སྒྲུབ་ཆུ།  འབྲང་རྒྱས་རི་ཁྲོད་དང་བར་སྐབས་ཤིག་གི་དགོན་ཤུལ།  དགོན་པའི་སྤྲོ་སྐྱིད་གླིང་གར་ལྷ་ཤིང་ཤུག་སྡོང་ཧ་ཅང་མཐོང་དཀོན་པ་མང་བོ་སོགས་ཡོད་དོ།།