གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

མདོ་ཁམས་ཏྲེ་ཧོར་རྫ་དགོན་གསར་དགོན་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་།

སྤེལ་དུས 2018-08-27 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། རྫ་བསྟན་འཛིན་ཡེ་ཤེས།
           ༄༅།།མདོ་ཁམས་ཏྲེ་ཧོར་རྫ་དགོན་གསར་དགོན་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་འདི་ཉིད།ད་ལྟར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་རྫ་བར་མ་ཡུལ་ཚོ་ནས་ལེ་བར་གསུམ་ཙམ་དང་དཀར་མཛེས་རྫོང་ནས་ལེ་བར་བརྒྱད་བཅུ་ཙམ། སྡེ་དགེ་རྫོང་ནས་ལེ་བར་བརྒྱ་དང་བདུན་བཅུ་ཙམ་དང་མ་ཎི་གད་འགོ་ནས་ལེ་བར་དྲུག་བཅུ་ཟིན་པའི་ས་(ཡོངས་གྲགས་ལ་རྫ་ཁོག་གམ་རྫ་བ་ཞེས་ཟེར)་ལ་ཆགས་ཤིང་།   རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་སུམ་སྟོང་དྲུག་བརྒྱ་ལྷག་ཙམ་ཡོད་པའི་རྫ་ཆུའི་སྔོན་མོའི་ཉེ་འགྲམ་དུ་མུ་ཏིག་དོ་ཤལ་ས་འགྲེམ་པ་ལྟར་གནས་ཡོད།
           ཕྱག་འདེབས་པ་པོ་ནི་ཧོར་ཆོས་རྗེ་རབ་འབྱམས་པ་ངག་དབང་ཕུན་ཚོགས་དབྱངས་ཅན་དབང་པོའི་སྡེ་ཞེས་མཚན་སྙན་ས་སྟི་ཀའི་སྒྲ་དབྱངས་ཕྱོགས་ཀྱི་མཛེས་མའི་ཐོས་འཛིན་གྱི་རྒྱན་དུ་བྱེད་པ་དེ་ཉིད་ཀྱིས་དགུང་ལོ་ཞེ་བདུན་པ་ཤིང་རྟ་ལོར་རིགས་དྲུག་གྲོང་ཞེས་པའི་ས་ཆར་གྲོང་པ་ཆུང་ངུ་ཞིག་གི་དབུས་སུ་ལྷ་ཁང་ཆུང་ངུ་རྟེན་གསུམ་སོགས་ཕྲན་བུ་ཡོད་པའི་གནས་སུ། ས་དཔྱོད་ལེགས་པ་དང་། སྔོན་ཀུན་མཁྱེན་ལྔ་པ་ཆེན་པོས༑ དཔལ་འཁོར་ལོ་སྡོམ་པའི་གནས་ཡིན་པ་དང་། དགོན་གསར་ཞིག་ཆགས་ན་ལེགས་པའི་ལུང་སྟོན་ཡོད་པ་ལྟར། ཕྱི་ལོ་༡༧༡༤ལོར་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་གི་གནས་གཞི་འདི་ཉིད་གསར་དུ་བསྐྲུན་པར་མཛད། 
           དགེ་འདུན་ཡང་ལྔ་བརྒྱ་ཙམ་འདུ་བ་བྱུང་ཞིང་ལོ་ཟླ་ཞག་གི་དུས་མཆོད་ན་རིམ་གྱིས་ཚུགས་སྒོ། བདེ་འཇིགས་གཉིས་སོགས་ཡི་དམ་དང་ལྷ་མོ་གཙོར་གྱུར་གྱི་ཆོས་སྲུང་སྐོར་གྱི་སྒྲུབ་སྐོར་ལས་ཚོགས་དང་བཅས་སྐབས་སུ་གང་བབས་ཀྱི་ཞལ་འདོན། ཕྱག་ལེན། དབྱངས་བརྡུང་། འཆམ་སོགས་ཀྱི་བཀོད་པ་རྒྱ་ཆེ་བ་བཙུགས། 
           དགེ་སློང་རྣམས་ལ་ཆོས་གོས་རྣམ་གསུམ་འདིང་བ་སོགས་དང་། གྲྭ་རིགས་ཡོངས་རྫོགས་ལ་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་ཚུལ་དང་མཐུན་པ་དང་། ཟླ་རེ་བཞིན་གྱི་ཡར་མར་གྱི་གསོ་སྦྱོང་དང་དབྱར་གནས་དགག་དབྱེ་སྟེ་གཞི་གསུམ་གྱི་ཕྱག་ལེན་རྣམ་པར་དག་པ། དབུས་གཙང་གི་དགེ་ལུགས་གྲྭ་ཚང་ཚུལ་ལྡན་རྣམས་ལ་འགྲན་བཟོད་པ་འཛུག་པར་མཛད་ཅིང་། ཁྱད་པར་རྒྱལ་མཆོག་གོང་མ་ངག་དབང་བློ་བཟང་རྒྱ་མཚོའི་དགོངས་རྫོགས་སུ། ཧོར་ཟླ་གཉིས་པའི་སྐོར་ལ་མ་ཎི་རིལ་སྒྲུབ་ཀྱི་ཉིན་ཚོགས་ལྔ་བཅུ། དམ་པ་དེ་ཉིད་ཞི་བར་གཤེགས་པའི་དུས་ཚེས་ཟླ་བ་གཉིས་པའི་ཉེར་ལྔ་ལ་མཆོད་པ་རྒྱ་ཆེན་པོ་དང་འབྲེལ་བའི་ཕྱག་མཆོད་ཡན་ལག་བདུན་པ་སོགས་མཆོད་འབུལ་བྱེད་རྒྱུ་དང་། ཟླ་རེ་བཞིན་ཉིན་ཚོགས་མང་ཉུང་ཅི་རིགས་པའི་བཟང་སྤྱོད། སྨན་བླ། ཆོས་སྤྱོད་ཀྱི་བསྐོར་དང་། ཡི་དམ་གྱི་སྒྲུབ་མཆོད། ཆོས་སྐྱོང་རྣམས་ཀྱི་གསོལ་ཀ། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སྟོན་སོགས་མདོར་ན་མདོ་སྔགས་ཟུང་འབྲེལ་གྱི་ལུགས་སྲོལ་འཛིན་པའི་གྲྭ་ཚང་ཚད་མར་གྱུར་པ་མཛད།
           དམ་པ་ཁོང་སྐབས་ཤིག་དཀར་མཛེས་མཁར་དཀར་པོར་བཞུགས་ཏེ། གཞུང་ས་རིན་པོ་ཆེའི་བཀའ་ཤོག ཏའི་སི་ཏུ་དུ་ཝན་བའི་ལུང་དང་ལས་ཀ་བཟུང་སྟེ་ཧོར་ཁོག་སྟོད་སྨད་ཡོངས་རྫོགས་ཀྱི་ཆོས་སྲིད་གཉིས་ཀའི་ཁུར་བཞེས་འཛིན་སྐྱོང་དང་། གཞུང་ས་དགའ་ལྡན་ཕོ་བྲང་དང་། སོག་པོ་རྒྱལ་པོ་མཆོད་ཡོན་གྱི་ཞབས་འདེབས་བསྒྲུབས་ནས་ལོ་ཁ་ཤས་བཞུགས། ཐམས་ཅད་མཁྱེན་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དང་། མི་དབང་སངས་རྒྱས་རྒྱ་མཚོའི་བཀའ་ཕེབས་པར་བརྟེན། དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་གཏོར་བཟློག་རྒྱས་པ་འཆམ་དང་བཅས་པ་ཞིག་འཛུག་བཞེད་བྱུང་བར་མེ་བྱི་ལོར་གཏོར་བཟློག་རྐྱང་པ་ཞིག་གནང་།
           སྔོན་དུ་བླ་མ་ཉིད་སྐུ་ཞབས་གྲྭ་ཚང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་གྲས་སུའང་བཞུགས་མྱོང་བས་ཕྱག་ལེན་རྣམས་ཐུགས་རྟོགས་བརྗེད་གསོས་མཛད་ནས། གྲྭ་རིགས་རྣམས་ལ་འཆམ་གྱི་རིམ་པ་རྣམས་གང་འོས་སུ་བསླབས། ཞལ་འབག་དང་། འཆམ་གོས། སྔགས་ཞྭ། ཕྱག་མཚན། རྒྱན་དང་སྙན་ཤལ་ལ་སོགས་པ་རྒྱ་ཆེར་བཟོས་ཤིང་། འདི་ནས་ཞལ་འབག་ཤིང་ལ་བསྐོས་པ་བཟོ་བཀོད་ལེགས་ཤིང་། ཁྲོ་ཆགས་རྔམས་བརྗིད་ཀྱི་ཉམས་འགྱུར་རྨད་དུ་བྱུང་བ། ཉིད་ཀྱི་སྐུ་མཆེད་དཔོན་མདོ་མང་བཀྲ་ཤིས་ཀྱིས་ཕྱག་བཟོ་མཛད་པ་ད་ལྟའི་བར་དུ་བཞུགས་པ་འདི་རྣམས་ཡིན་འདུག
           དེ་ལྟར་ཆས་རྣམས་ལེགས་པར་ཚགས་སུ་བཙུད་ནས་མེ་གླང་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་བདུན་ནས་དུས་མཆོད་འཛུགས་རྒྱུའི་སྔོན་འགྲོར་ཆེད་དམིགས་ཀྱི་དམ་པ་ཉིད་སྐུ་མཚམས་ཟླ་གཅིག་ཙམ་གནང་བའི་སྐབས་སུ། གཟིམ་ལམ་སོགས་ནས་ལྟས་ཡ་མཚན་པ་མང་པོ་དང་། ཁྱད་པར་ཟླ་བ་བཅུ་གཉིས་ཚེས་བརྒྱད་ཀྱི་སྲོད་ཐུན་ལ། སྒྲུབ་ཁང་དུ་སྤོས་སོགས་ལ་མ་ལྟོས་པའི་དྲི་ཞིམ་པོ་འཐུལ་བ་དང་། མཚམས་གཡོག་པ་རྣམས་ཀྱང་ཟིལ་ཆེན་པོའི་བསྔངས་བསྐྲགས་ཀྱིས་གཟིམ་ཆུང་དེར་བསྡད་མི་ནུས་པ་བྱུང་བའི་ནུབ་མོར་གཟིམ་ལམ་དུ་བུད་མེད་མཛེས་མ་ཤ་མདངས་དཀར་ལ་སྨུག་པ་ཞིག་གིས་ཐོད་པ་ཆང་བཟང་པོས་བཀང་བ་ཞིག་དང་། བདུད་རྩི་ཡིན་ཟེར་བའི་འོ་མ་ལྟ་བུས་ཁ་དོག་དཀར་པོ་ཉུང་ངུ་ཞིག་ཕུལ་ནས། ཁྱོད་ཀྱི་ཚེ་རབས་སྔོན་མ་རྣམས་ནས་བོས་པའི་མཐུས་ད་རེས་འདི་ཁྱོད་ལ་སྦྱིན། རྟག་པར་དམ་ཚིག་ལ་གནས་པ་གལ་ཆེ་སྔར་བཞིན་དམ་ཚིག་ལ་གནས་པ་གྱིས་བླ་མ་ལ་གསོལ་བ་ཐོབ། ངའི་ལས་ཚོགས་ད་ལྟ་ཡོད་པ་ལྟར་མི་བརྗེད་པའི་གཟུངས་བྲིས། དམ་ཚིག་ཉམས་ན་མི་རུང་ཟེར་བ་བྱུང་བས་ལོ་དེའི་འཇུག་ནས་གཏོར་བཟློག་དང་འབྲེལ་བའི་འཆམ་འཛུགས་པར་མཛད། འཆམ་གྱི་ཡི་གེ་ཞིབ་རྒྱས་ཀྱང་བཀོད་དེ་ནས་བཟུང་ད་ལྟའི་བར་དུ་མ་ཆད་པ་འདིའོ།  །
           དེ་ལྟ་བུའི་བསྟན་འཛིན་གྱི་སྐྱེས་བུ་ཁོང་གིས་དགོན་གནས་འདི་ཉིད་ཐོག་མར་བཏབ་ཅིང་དེའི་རྗེས་སུ་ལོ་མང་པོའི་བར་དུ་ཞིག་གསོས་རིགས་རྒྱ་ཆེར་བྱེད་མ་ཐུབ་པས་འདུ་ཁང་རྟེན་དང་བརྟེན་པ་ཅུང་ཉམས་པ་ལ། སྐུ་ཕྲེང་གསུམ་པ་བློ་བཟང་བསྟན་འཛིན་མཐུ་སྟོབས་མཆོག་ལ་བསྟན་སྲུང་བཙན་རྒོད་ཆེན་པོར་སྤྱི་སྒེར་གྱི་དྲི་བ་ཅི་རིགས་ཞུས་པར་འདུ་ཁང་ལོ་གསུམ་ཚུན་ཞིག་གསོས་བྱས་ན་ལེགས་ཚུལ་བྱུང་བ་བཞིན། ལྕགས་སྟག་ཟླ་བ་དང་པོའི་ཚེས་ཉེར་གཉིས་ཀྱི་ཉིན་གྲྭ་མང་ལ་སྙན་སྒྲོན་ཞུས་ཏེ། ལས་དཔོན་དུ་དགེ་སློང་བློ་བཟང་དང་། པདྨ་བསམ་འགྲུབ། རྟ་མགྲིན་གསུམ་བསྐོས་ནས་ཟླ་བ་གཉིས་པའི་ཚེས་གཉིས་ཉིན་ལས་ཀ་དངོས་སུ་འགོ་འཛུགས་བྱས། འདི་སྐབས་ཁ་ཆར་ཆེ་བའི་རྐྱེན་གྱིས་ཉེ་ཉ་ནས་ལྕམ་མའི་ཡལ་ག་ཤིན་ཏུ་ཆེ་བ་གཅིག་ཆག་འདུག་པས་སྦྱར་བརྐོས་གང་དགོས་ཐམས་ཅད་འདངས་བས་དཀར་སྐྱོང་རྣམས་ཀྱིས་མཐུན་རྐྱེན་བསྒྲུབས་པའོ། ཆུ་འབྲུག་ཧོར་ཟླ་དགུ་པའི་ཚེས་མགོར་ཕལ་ཆེར་ལེགས་པར་གྲུབ་པའོ།།
           དགོན་འདི་ལ་ལྷ་དང་སྲུང་མ་ཐམས་ཅད་རང་འཁོར་སུ་ཡོད་པ་དང་། དུས་འགྱུར་གྱི་རྗེས་སུ་གཟིམ་ཆུང་རྡོ་རྗེ་གྲུབ་པའི་ཕོ་བྲང་དུ་དཔལ་ལྡན་ལྷ་མོ་དངོས་སུ་བཞུགས་པའི་རྟགས་མཚན་དང་དྲེའུ་ཁང་སྟེང་དུ་ཕེབས་པ་སོགས་ཡ་མཚན་པའི་ལྟས་དུ་མ་བྱུང་།  རང་དགོན་གྱི་དགེ་བསྐོས་ཚོགས་གཏམ་གྱི་ཡིག་རྙིང་དང་། རྒན་རབས་རྣམས་ཀྱི་ངག་རྒྱུན་སོགས་ལ་དགོན་པ་འདི་ཧོར་དགོན་སྡེ་བཅུ་གསུམ་གྱི་མ་དགོན་ཡིན་ཞེས་ཡོངས་སུ་གྲགས། གནམ་ལོ་གསར་བཞད་ཀྱི་ཚེས་གཅིག་འདོད་ཁམས་བདག་མོའི་ཚེས་གཏོར་ཉིན་གཅིག། སྨོན་ལམ་བོད་ཟླ་དང་པོའི་ཚེས་གཉིས་ནས་བཅོ་ལྔ་བར་དང་ཚེས་བཅུ་བཞི་ཉིན་དགོང་ཚིག་གྲོལ་ནས་གནང་ཆེན་དང་བཅོ་ལྔ་ཉིན་བྱམས་པའི་ཆོས་བསྐོར་ཡིན།  བོད་ཟླ་དང་པོའི་ཚེས་ཉེར་གཅིག་ ནས་ཉིན་བདུན་རིང་ཉེར་དགུ་བར་ལྕགས་མཁར་གཏོར་སྒྲུབ་ལ་བསྙེན་ཆེན་པ་རྣམས་དང་། མཆོད་དཔོན།  མཆོད་གཡོག་གཅིག་བཅས་ཀྱིས་བསྒྲུབ་དགོས། ཚེས་ཉེར་དགུ་གང་ཡོད་ལ་དགུ་གཏོར། ཡང་མ་ཎི་གཉེར་ཆེན་དྲུག་གིས་ཉིན་བརྒྱད་རེ་དང་གཉེར་ཆུང་དྲུག་གིས་ཉིན་གཉིས་རེ་བཅས་ཕྱིས་སུ་བསྡོམས་ཉིན་ཚོགས་དྲུག་ཅུ་དང་།  མ་ཎིའི་ཚེར་ཉིན་རེ་ཞོགས་ཆོས་དང་ཉིན་ཆོས་དགོང་ཆོས་བཅས་ཐེངས་གསུམ་རེ་དང་། དེའི་རིང་ལ་རྩོད་རྒྱུགས་དང་རྩིས་བཞག་ཚོགས་ལངས་སོགས་ཀྱང་ཚད་ལྡན་ཡོད།མ་ཎིའི་རྗེས་ལ་འདས་མཆོད་ཧོར་ཟླ་ལྔ་པའི་ཚེས་བཅུ་ནས་བཅོ་ལྔའི་བར་ཉིན་ལྔ།  འཇིགས་བྱེད་ལྷ་བཅུ་གསུམ་གྱི་བདག་འཇུག་ལ། ས་ཆོག་རྡུལ་ཚོན་དཀྱིལ་འཁོར་བཞེངས་པར་ཉིན་ལྔ་དང་དངོས་གཞི་ཉིན་བཅོ་བརྒྱད། བདེ་མཆོག་གི་ཆོ་ག་ཉིན་གསུམ། དཀྱིལ་འཁོར་རས་བྲིས་ཡིན། འདས་མཆོད་རྗེས་མ་ཉིན་དྲུག  བཟང་སྤྱོད་ཉིན་ལྔ།  བོད་ཟླ་དྲུག་པའི་ཚེས་གསུམ་བཞི་ལྔ་བཅས་ཉིན་གསུམ་ལ་འཇིགས་བྱེད་དང་འབྲེལ་བའི་རབ་གནས་དགེ་ལེགས་ཆར་འབེབ་གསུམ་ཚོགས་རྒྱུ།  དྲུག་པའི་ཚེས་བདུན་ཉིན་ཨ་མྱེ་ཀུ་ར་ཞེས་པའི་རི་མགོར་རྒྱག་བརྔན་ལྷ་བསངས་དང་འབྲེལ་སྐྱོ་སངས་ཉིན་གཉིས།  དྲུག་པའི་ཚེས་བཅུ་ནས་དབུ་འཛུགས་ནས་དབྱར་ཆོས་ཞེས་པ་བསྐང་གསོ་ཉིན་ཚོགས་བདུན་ལ། རྟ་དབྱངས་དང་། རྔ་རོལ་མོ་དུང་རྒྱ་གླིང་སོགས་རྒྱས་པ་ཡོད།  དྲུག་པའི་ཚེས་བཅུ་བདུན་ནས་སྨྱུང་གནས་བླ་བྲང་ནས་ཉིན་གཉིས་དང་སྤྱི་པས་ཉིན་གཉིས།  དབྱར་སྔ་མ་དང་དགག་དབྱེ་སོགས་སྤྱི་མཚུངས་ལྟར་ཡིན། །  བོད་ཟླ་བརྒྱད་པའི་ནང་ཀུན་རིག་རྣམ་པ་སྣང་མཛད་ཀྱི་ས་ཆོག་སོགས་ཉིན་ལྔ་དང་སྒྲུབ་མཆོད་ཉིན་བཅོ་བརྒྱད་དེ་ནས་བར་སྟོང་ཡིན། སྟོན་ཆོས་ཉིན་ལྔ།  དགུ་པའི་ ཚེས་ཉེར་གཉིས་ནས་བླ་བྲང་གིས་ལྷ་མོའི་སྒྲུབ་པ་ཉིན་བདུན་དང་སྦྱིན་བསྲེག ཚེ་སྐྱོབས་བཅས་བཅུ་པའི་ཚེས་གཅིག་ཉིན་མར་གྲོལ་ཡིན། དེ་ལ་དགེ་བསྐོས་ནས་ འདེམ་སྒྲུག་ཀྱིས་གཏོང་བ་ལས་གྲྭ་བྱིང་ཚོགས་མི་དགོས།  དེ་ནས་སྨན་བླ་ཉིན་ཚོགས་དྲུག།  བཅུ་པའི་ཚེས་ཉེར་གཅིག་ནས་ལྔ་མཆོད་ཆོས་རྒྱལ་གྱིས་སྒོ་ནས་དགུ་སྒྲུབ་འཆམ་དང་གཏོར་རྒྱག་རྣམས་ཡོད། བོད་ཟླ་བཅུ་གཅིག་པའི་ཚེས་གཉིས་ ནས་སྤྱི་གཏོར་ཉིན་བཅོ་བརྒྱད། ཉིན་ལྟར་སྤྱན་རས་གཟིགས་བདག་བསྐྱེད་ཆད་མེད་དང་། བླ་ཆེན་ཁག་ལས་ཕྱག་མོ་གཟིགས་སུ་ཞུས་ནས་དགོན་པའི་ཞབས་རིམ་སྒྲུབ་རྒྱུ་དང་། དེའི་རིང་བློ་འཛིན་བྱེད་མཁན་གསར་བུ་བ་རྣམས་མ་གཏོགས་གཞན་རྣམས་ཉིན་རེ་ཆོས་ར་ཐེངས་གསུམ་ཚོགས་ཀྱིན་ཡོད། ། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་ནས་ཉིན་ལྔ་ལ་བཀའ་འགྱུར་དང་བསྟན་འགྱུར་ཚོགས་རྒྱུ། སྦྱིན་བདག་བླ་བྲང་ཡིན། ཐོག་གཉེར་བཀའ་འགྱུར། ཚེས་ཉེར་གསུམ་ནས་ལོ་གསར་ཞེས་པའི་ཚོགས་ཉིན་བདུན་གྲྭ་མང་ནས་བསྐང་གསོ་དང་། མཆོད་དཔོན་གཡོག་གཙོས་དགེ་འདུན་པ་ཉི་ཤུ་ཙམ་གྱིས་ལྷ་མོའི་ཟོར་སྒྲུབ་དང་། གཞན་ཡང་གར་འཆམ། གཏོར་རྒྱག་སོགས་ཚེས་གཏོར་བཅས་ཡོད།དུས་འགྱུར་གྱི་རྗེས་སུ་མཆོག་སྤྲུལ་པད་དཀར་བྱམས་པ་རིན་པོ་ཆེའི་གཙོས་སྐབས་དེ་དུས་ཀྱི་ལས་སྣེ་མོ་དང་། གྲྭ་དམངས་ཡོངས་དང་། ཆོས་ལྡན་མང་ཚོགས་སོགས་ཕྱྭ་བ་གྲུ་འདེབས་ཀྱིས་བསྟན་པའི་མེ་རོ་སླར་ཡང་གསོས་ནས་མང་ཚོགས་ཀྱི་རེ་བ་བསྐང་བའི་དད་པའི་ཞིང་ས་ཞིག་སླར་ཡང་བསྐྲུན། སྔོན་གྱི་རྟེན་རྙིང་སོགས་ཀྱི་འབུལ་བ་རྣམས་དགོན་གསར་སྤྱི་ཐོག་བཞག་འཇོག་མཛད། སྐབས་དེ་དུས་ཀྱི་ཁྲི་བ་བྱམས་པ་རབ་རྒྱས་ནས་ད་ལྟའི་ཁྲི་བ་བྱམས་པ་བཟང་པོའི་བར་ཁྲི་རབས་བརྒྱད་ཙམ་བྱུང་། ཆོས་སྡེ་འདི་མདོ་སྔགས་ཟུང་འབྲེལ་ཡིན་པས་དེང་གི་ཆར་ཚོགས་སྒོ་དུས་མཆོད་ཀྱི་རིམ་པ་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང།ཀུན་རིག་དང་འཇིགས་བྱེད་ཀྱི་བདག་འཇུག་རབ་གནས་དང་བཅས་པ།མ་ཎི་བུམ་བསྒྲུབ།དགལ་ལྡན་ལྔ་མཆོད་ཆེན་མོ།རྒྱལ་བའི་བཀའ་འགྱུར་དག་འདོན།ལོ་སར་དགུ་གཏོར་སྐབས་འདོད་ཁམས་བདག་མོའི་གཏོར་བསྒྲུབ་གར་འཆམ་ཚེས་གཏོར་དང་བཅས་པ།བླ་མ་གོང་མ་རྣམས་ཀྱི་འདས་མཆོད་བཟང་སྤྱོད་དང་སྨན་བླ་བཅས་ལོ་གཅིག་གི་ནང་ཉིན་བརྒྱད་ཅུ་ཙམ་གྱི་ཚོགས་སྒོ་དང་། གསོ་སྦྱངས་དང་།དབྱར་གནས།དགག་དབྱེ་སོགས་གཞི་གསུམ་གྱི་ཆོ་ག་འཐུས་སྒོ་ཚང་བ་ཡོད།
           དགོན་པ་འདི་ལ་སྔོན་དུས་སུ་གྲྭ་གྲངས་ལྔ་བརྒྱ་ཙམ་ཡོད་པ་རང་དགོན་གྱི་ལོ་རྒྱུས་སུ་གསལ་ལ་འདིའི་ཁོངས་གཏོགས་ཀྱི་གྲྭ་རྒྱུན་རྣམས་སེར་འབྲས་གཉིས་སུ་སློབ་གཉེར་བ་སྔོན་ནས་མང་བ་དང་ད་ལྟའི་ཆ་ཡང་འཕགས་ཡུལ་གྱི་གདན་ས་ཆེན་མོ་སེར་འབྲས་གཉིས་སུ་དགེ་བཤེས་བཏང་ཟིན་པ་དང་། དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་བཞིན་པ། གྲྭ་ཚང་སོ་སོར་སློབ་གཉེར་བྱེད་བཞིན་པ་སོགས་འཕགས་ཡུལ་ཆོས་ཀྱི་ཞིང་དུ་བསྟན་བདག་རྫ་ཆོས་རྗེ་རིན་པོ་ཆེའི་གཙོས་དགེ་སློབ་བཞི་བཅུ་ཙམ་ཡོད་ཅིང་། ཁམས་ཀྱི་གདན་ས་ཆེན་མོ་རྫ་སེར་ཤུལ་དགོན་དུ་ཡང་གྲྭ་སློབ་གཉེར་བ་ཉི་ཤུ་རྩ་ལྔ་ཙམ་ཡོད། ཆོས་སྡེ་འདི་ལ་འདས་པའི་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་གནའ་བོའི་བཟོ་བཀོད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་དང་།རྟེན་གྱི་གཙོ་བོ་རྒྱལ་དབང་ལྔ་བའི་གནང་བའི་རྒྱུ་ཙནྡན་དཀར་པོ་ལས་གྲུབ་པའི་ཇོ་བོ་ལོ་ཀེ་ཤྭ་རའི་སྐུ་གྲུ་དོ་ཙམ་ཞིག་དང་།བྱམས་པ་ཆོས་འཁོར་མའི་སྐུ་དང་།ཐུབ་དབང་རྟ་ཐུབ་མའི་སྐུ་དང་།བཀྲ་ཤིས་དུ་ཁ་མའི་སྐུ་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་རྙིང་པ་ཤིན་ཏུ་མང་པོ་ད་ལྟ་ཡང་འགྲོ་བའི་བསོད་ནམས་ཞིང་དུ་ལྷམ་མེར་བཞུགས།      
           སྤྱི་ལོ་༢༠༡༢ལོར་དགེ་བཤེས་བློ་བཟང་བདེ་ཆེན་ཕྱིར་རང་ཡུལ་དུ་ཕེབས་ནས་ཁོང་དང་ལས་རོགས་མི་ལྔ་བཅས་ཀྱི་གཙོ་བོར་ཐུགས་འགན་བཞེས་ཤིང་།ལས་སྣེ་སོགས་གྲྭ་དམངས་ཡོངས་དང་། ལྷག་པར་ཆོས་ལྡན་མང་ཚོགས་ཀྱི་རྒྱབ་སྐྱོར་དང་དཀའ་དྲིན་ལ་བརྟེན་ནས་སྤྱི་ལོ་༢༠༡༢་ཟླ་བ་བདུན་པའི་ཚེས་བཅུ་ནས་ཐོག་བརྩེགས་ལྔ་ལ་དང་ཀ་རིང་བཅུ་གཉིས་ཅན་གྱི་གཙུག་ལག་ཁང་དེང་རབས་རྫས་སྦྱོར་གྱིས་བསྲེ་ལྷད་མ་ཞུགས་ཤིང་ གནའ་བོའི་བཟོ་བཀོད་ཕུན་སུམ་ཚོགས་པ་དང་ལྡན་པའི་གཙུག་ལག་ཁང་གསར་པ་ཞིག་ཀྱང་མཇུག་གྲུབ་ལ་ཉེ་བ་ཡོད། རྟེན་ཀྱི་གསེར་ཟངས་ལས་གྲུབ་པའི་གཙོ་བོ་ཐུབ་སྐུ། གུ་རུའི་སྐུ། འཇམ་དབྱངས་སྐུ། བྱམས་པའི་སྐུ།  སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅས་སྨི་དྲུག་ཅན་དང་། ཐུབ་སྐུའི་མདུན་དུ་སྨི་གཅིག་དང་ཕྱེད་ཅན་གྱི་རྗེ་ཡབ་སྲས་གསེར་ཟངས་ལས་གྲུབ་པ་དང་། མགོན་ཁང་དུ་གསང་བདེ་འཇིགས་གསུམ་སྐུ་སྨི་གཉིས་ཅན་གྱི་འདམ་སྐུ་དང་། ཆོས་རྗེ་སྐུ་གོང་མའི་འདྲ་སྐུ་སྨི་གཉིས་ཅན་གྱི་གསེར་སྐུ་དང་། སྨི་གཅིག་དང་ཕྱེད་ཅན་གྱི་སྲུང་མའི་སྐུ་བརྒྱད་བཅས་བཞུགས། གཟིམ་ཆུང་དུ་ཐུབ་པའི་གསེར་སྐུ་དང་། ཇོ་བོ་རྗེ། རྗེ་སྐུ་སྨི་གཅིག་དང་ཕྱེད་ཅན་བཅས་བཞུགས ། ཀ་མགོ་དང་གདུང་མ་སོགས་ལ་སྟོན་པ་དང་རྗེ་སྐུ་གཞན་ཡང་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲ་སྣ་བདུན་སོགས་རང་བསྐོས་ཀྱིས་བསྐོར་ཡོད།  དགོན་འདི་ནས་ལེ་བར་བཞི་ཙམ་གྱི་སར་རྒྱ་བཟའ་ཀོང་ཇོས་བཞེངས་པར་གྲགས་པའི་ཐོག་བརྩེགས་དྲུག་བདུན་ཙམ་གྱི་མཐོ་ཚད་ལྡན་པའི་མཆོད་རྟེན་ཆེན་པོ་བཀྲ་ཤིས་རབ་བརྟན་ཡོད། ཆོས་སྡེ་འདིར་སྐུ་འཚོ་ཞིང་གཞེས་པའི་ཁྲིམས་ལྡན་དགེ་ཚུལ་སློང་བརྒྱ་ཕྲག་ཕྱེད་དང་གཉིས་ཙམ་གྱིས་ལུང་ཆོས་སྡེ་སྣོད་གསུམ་དང་བསླབ་པ་གསུམ། ཆོ་ག་ཕྱག་ལེན་སོགས་གང་ནུས་ཀྱིས་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་སྐྱོང་བྱེད་བཞིན་པ་ལགས།  
           དགོན་པ་འདིའི་ཆོས་སྡེའམ་ལྷ་སྡེ་ནི་རྫ་ག་ཡུས་གོང་འོག་གཉིས་དང་།བཟོ་བ་གྲོང་།གནས་དགོན་གྲོང་།ཐང་མཇུག་གྲོང་།ཧོར་མདའ་གྲོང་།གཡོན་ལག་གྲོང་། རྫ་ཐོག་གྲོང་།དོ་དྷ་གྲོང་།ག་ན་གྲོང་།དབོ་པ་གྲོང་གིས་ཕྱེད་ཙམ་དང་།ཚེམས་ཁོག་སྡེ་བ་བཅས་དུད་ཚང་ལྔ་བཅུ་ལྷག་ཙམ་ཡོད།  སྡེ་བ་རྣམས་སྤྱི་ཡོངས་ཀྱི་ཆ་ནས་ཆོས་དད་ཧ་ཅང་ཆེ་ཞིང་གྲོང་ཚོ་སོ་སོའི་ལོ་ལྟར་མ་ཎི་དུང་སྒྲུབ་དང་།སྨྱུང་གནས་སོགས་ཆག་མེད་དུ་འཚོགས་བཞིན་ཡོད། ད་ལྟའི་ཆར་ཡང་རང་དགོན་གྱིས་འབད་པ་དུ་མས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་ཡིག་རྨོངས་སེལ་བ་སོགས་ཀྱིས་སྔོན་ཆད་ལས་ལྷག་པའི་ཡར་རྒྱས་བྱུང་དང་འབྱུང་བཞིན་ཡིན་པ་བཅས་ལོ་རྒྱུས་སྙིང་བསྡུས་བགྱིས་པའོ།།
           བོད་རྒྱལ་ལོ་༢༡༤༥ལོའི་ཟླ་བ་༡ཚེས༥ཉིན་བསྟན་བདག་རྫ་ཆོས་རིན་པོ་ཆེ་དང་རང་དགོན་གྱི་ལས་སྣེ་མོ་དང་གྲྭ་དམངས་ཡོངས་ལ་བཀའ་འདྲི་ཞུས་ཏེ་རྫ་བསྟན་འཛིན་ཡེ་ཤེས་ཀྱིས་བྲིས།།