ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

ཞལ་དཀར་རི་ཁྲོད་དབེན་གནས་པད་དཀར་ཆོས་རྫོང་།

སྤེལ་དུས 2018-09-14 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། མི་གསལ།
        འཕགས་མཆོག་འཇིག་རྟེན་དབང་ཕྱུག་གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་པར་བྱོན་པ། ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོས་དངོས་སུ་ཕྱག་བཏབ་པ་ཡིན་ལ། མདའ་བཞི་རྫོང་དཔལ་འཛོམས་ཡུལ་ཚོའམ་ཝ་འཇོག་ཡུལ་ཚོ་ནས་སྤྱི་ལེ་ཉི་ཤུ་ཡས་མས་ཀྱི་བྱང་ཤར་གྱི་མཚམས་སུ་ཆགས་ཡོད། དེའང་ཅི་ལྟར་ཕྱག་བཏབ་པ་སོགས་ཅུང་ཙམ་བརྗོད་པའི་དབང་དུ་བྱ་ན། དེ་ཡང་གདན་ས་འདི་ཉིད་ཕྱག་འདེབས་པ་པོ་བླ་མ་བདག་ཉིད་ཆེན་མོ་ཁོང་དགོང་ལོ་ཉེར་བདུན་བཞེས་པ་ཤིང་ཁྱི་སྟེ་ཕྱི་ལོ་༡༩༣༤ལོའི་བར་སྐབས་ཤིག་ཏུ་མཁན་ཆེན་བླ་ཁོ་རིན་པོ་ཆེར་མཇལ་དུ་ཕེབས་སྐབས། མཁན་ཆེན་མཆོག་གི་ཞལ་ནས། སྐུ་རྩེད་དང་ལྷན་ཁྱེད་དཔོན་པོར་འདུག་འདོད་དམ་ཞེས་གསུངས་ནས།ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་དགོན་ཁག་གསུམ་གྱི་ཁྲི་བར་བསྐོ་བཞག་བྱས་འདུག་ཀྱང་།ཁོང་གིས་ཐབས་སྣ་ཚོགས་ལམ་ནས་དགོངས་པ་ཞུས་འདུག་ཕྱིན། ད་ནི་ཁྱོད་མངགས་རྒྱུ་ཡིན་ཚུལ་ཐོས་པས་དེ་ནི་མི་བཟང་། རྗེ་གུང་ཐང་བས། སོས་བདེ་གུ་ཡངས་ཤིག་འདོད་ན། །སྣ་ཐག་རང་མགོ་ལ་དཀྲི་དགོས། །གསུངས་པ་ལྟར་ད་ནི་ཕྱོགས་གཞན་དུ་བསྐྱོད་རྩིས་བྱས་ན་ལེགས་སྙམ། ལ་མོ་སྐུ་གོང་མའི་བཞེད་དགོངས་ལྟར།མང་རའི་ཤེལ་ལུང་བཞུགས་ཁྲིར་སོང་སྟེ་དགོན་པ་ཞིག་གི་གཞི་འདིང་རྩིས་ཀྱིས་ས་རྟགས་རེ་རྒྱག་པའམ། ཡང་ན་ཁྱེད་ཚོའི་མདའ་བཞིའི་ས་ན་ལྷ་རི་ཞལ་དཀར་ཟེར་བ་ཞིག་ཡོད་པ་དེར་མཚམས་ཁང་རེ་ཕིབས་རྩིས་གྱིས་ཞེས་གསུང་ཕེབས།
        ཁོང་བླ་ཁོ་རིན་པོ་ཆེ་ཚང་ནི་བླ་མ་བདག་ཉིད་ཆེན་མོ་ཁོང་གི་བླ་མའི་གཙོ་བོ་དང་དབང་ལུང་མན་ངག་མཐའ་དག་བུམ་གང་བྱོས་ཚུལ་གྱིས་གསན་ས་གཅིག་པུ་དང་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་རྗེ་དབྱངས་རྒྱ་མཚོ་མཆོག་དང་རྗེ་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་མཛད་པའི་ཁོང་གི་རྣམ་ཐར་ལྟར་དང་། ལྷག་པར་ཁོང་གི་འཕྲིན་ལས་ཀྱི་ཕྱོགས་ལ་དུས་རྟག་ཏུ་ཐུགས་ཁུར་གནང་མཁན་ཞིག་ཡིན་པ་དཔེར་ན། མཁན་ཆེན་བླ་ཁོ་ཚང་གྲོ་ཚང་རྡོ་རྗེ་འཆང་དུ་བཞུགས་སྐབས་ཤིག་ལ་དབུ་སྐྲ་གསིལ་ཏེ་ཞབས་འབྲང་བ་བློ་བཟང་འཕྲིན་ལས་ལ་གྲོ་ཚང་རྡོ་རྗེ་འཆང་གི་ལྷ་ཁང་མདུན་གྱི་སྐྱེད་ཚལ་ལ་གཏོར་དུ་བཅུག་སྟེ་ཐུགས་སྨོན་ཡུན་རིང་གནང་མཐར་། ཞལ་ནས། འཕྲོ་ཚོ་མཚོ་སྔོན་པོ་ཞབས་དྲུང་གིས་བྱང་ཕྱོགས་འདི་ཚོར་ཕན་རེ་ཨེ་ཐོགས་ཨང་། ཞེས་གསུང་བྱོན་པས་མཚོན་ལ། དེའི་ཚུལ་ཡང་ཕྱིས་སུ་བློ་བཟང་འཕྲིན་ལས་ཟེར་བས་བླ་མ་བདག་ཉིད་ཆེན་མོ་ཁོང་ལ་ཁྱེད་ཀྱིས་སློབ་གཉེར་ཧུར་ཐག་བྱོས། ཁོང་གིས་ཐུགས་སྨོན་དེ་ལྟར་གནང་གི་འདུག་ཅེས་ཞུས་པ་བདག་ཉིད་ཆེན་མོ་ཁོང་གིས་ཡང་ཡང་གསུངས་འདུག དེ་ནས་བདག་ཉིད་ཆེན་མོ་ཁོང་གིས་སྐུ་ཉིད་ལ་དབང་བའི་སྐུ་གསུང་ཐུགས་རྟེན་གཟིམ་ཁང་ཅ་ལག་བཅས་པ་དགེ་རྒན་རིན་པོ་ཆེ་ཚང་སོགས་ལ་ཕུལ་བར་མ་ཟད། དུས་རྒྱུན་ཕྲག་དོག་དང་འགྲན་སེམས་ངང་མངོན་ལྐོག་འཛེམ་མེད་ཀྱིས་ངན་ཁག་འགེལ་བ་སོགས་ཀྱི་ཆེ་རློམས་འགའ་ལའང་སྐུ་ཉིད་ཀྱི་ན་བཟའ་བཟང་ཤོས་སོགས་གནང་སྟེ་བློ་སྦྱོང་གི་རིམ་པ་ཉམས་བཞེས་སུ་བསྟར་ཏེ་སྐུ་ཡུལ་མདའ་བཞིའི་ཕྱོགས་སུ་ཆིབས་ཁ་བསྒྱུར། ཕེབས་བཞུད་ཀྱི་ཐོག་མར་རྒན་གྱའི་བྲག་དཀར་གནས་ཁང་དུ་མཆོད་མཇལ་ལ་ཕེབས་ཤིང་། དེའི་ཚེ་མཁའ་སྤྱོད་དུར་ཁྲོད་དུ་ངོ་མཚར་བའི་རྐང་དུང་ཆུང་ངུ་ཞིག་རྙེད་དེ་དེར་འབུད་པར་མཛད་པས་ལྟས་ཕུན་སུམ་ཚོགས་པ་བྱུང་སྣང་། དེ་ནི་ཕྱིས་ཀྱི་དབང་བསྐུར་ཟབ་མོ་ཅི་དགར་བསྩལ་ཏེ་གདུལ་བྱ་གང་མང་སྨིན་གྲོལ་ལ་བཀོད་གནང་མཛད་པའི་རྣམ་པར་དག་གི་བརྡ་རུ་འཁུམས་སོ། །
        དེ་ནས་རིམ་བཞིན་དགེ་ལྡན་རྣམ་རྒྱལ་གླིང་དུ་ཕྱག་ཕེབས། དེ་ཀའི་བླ་སྤྱི་གཞུང་གསུམ་སོགས་ཀྱིས་ཁོང་གི་ཁུ་བོ་གོང་མ་རྣམས་ཀྱི་ཕྱག་དཔེ་པོ་ཏི་དྲུག་བརྒྱ་ལྷག་སོགས་བླ་མ་རྡོ་རྗེ་འཆང་ལ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་བསྟར་བ་རྟེན་འབྲེལ་ཤིན་ཏུ་ལེགས་པ་བྱུང་། དེ་ནས་ལུང་བསྟན་པ་ལྟར་གནས་རི་གྲགས་པ་ཅན་ལྷ་རི་ཞལ་དཀར་རི་བོའི་ཞོལ་དུ་ཕེབས་ཏེ་རི་ཕྱོར་མགོ་ནས་ལྷ་བསང་སྟེ་བསང་བསྔོ་མཛད་པས་ལས་བཞིའི་འཕྲིན་ལས་གཡེལ་མེད་སྒྲུབ་པའི་སྣ་ཚོགས་སྣང་བརྙན་འདུ་འགོད་ཀྱིས་ཀུན་ནས་མཛེས་པར་གྱུར་ཏོ། །
        མཐར་དགོན་གནས་གཏན་ཁེལ་གནང་སྟེ་བཀྲ་ཤིས་གསོ་སྦྱོང་སོགས་བླངས་ནས་ཐུགས་སྨོན་རྒྱ་ཆེར་མཛད་ནས་དེ་ཀར་ཞག་བཞུགས་གནང་། ཕྱི་ཉིན་དགོན་གསར་རྣམ་རྒྱལ་གླིང་དུ་ཕྱིར་ཕེབས་ཏེ་གཟིམ་ཁང་གི་གྱང་ངོས་སུ་གཙུག་ལག་ཁང་རྒྱ་ཕིབས་བཅས་ཀྱིས་ལེགས་པར་བརྒྱན་པ་དྲུག་དང་འདུ་ཁང་ཀ་བརྒྱ་མ།གཞན་གྲྭ་ཤག་དང་གྲྭ་བཙུན་མང་བོས་མཛེས་པ་དགོན་ཆེན་ཤིག་གི་རྣམ་པ་གསལ་བར་མངོན་པ་ལྟ་བའི་ཆོག་མི་ཤེས་པ་ཞིག་བྲིས་གནང་སྟེ་རི་ཁྲོད་གསར་འདེབས་ཕྱོགས་ལ་ཐུགས་བྲེལ་མཛད་དེ་མཚན་གཟིམ་ཡང་མི་ཡོང་བ་ལྟ་བུ་བྱུང་སྣང་ཡང་། རེ་ཞིག་སྐུ་ཡུལ་མདའ་བཞིའི་འགྲོ་བ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ཞན་སྟབས་འདི་ཀར་ས་རྟགས་ཙམ་ལས་ལེགས་འགྲུབ་མ་བྱུང་བར་མཚོ་ལྷོའི་མང་རར་ཕེབས་ཏེ་ཁ་སང་དེ་རིང་སྲིད་ན་གྲགས་པ་འབར་བའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་དེ་ཉིད་ཕྱག་བཏབ་མཛད།
        དེ་ནས་ཕྱི་ལོ་༡༩༨༨ལོ་བར་དུ་ཕལ་ཆེར་ལྷ་རི་ཞལ་དཀར་རི་ཞོལ་དེ་ས་སྟོངས་ལྟ་བུར་ལུས། བརྒྱད་ཅུ་གྱ་བརྒྱད་ལོ་ནས་རྡོ་སྦིས་དགེ་བཤེས་མཆོག་གིས་ལུང་བསྟན་ཡོད་པ་ལྟར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདའ་བཞིའི་རྡོ་རམས་པ་བཀྲ་ཤིས་རྒྱ་མཚོ་མཆོག་ལོ་རེར་ཕེབས་ཏེ་མཚམས་ལ་བཞུགས་པ་སོགས་མཛད། བླ་མ་བདག་ཉིད་ཆེན་མོ་ཁོང་ཡང་ཡང་ཡང་ཕེབས་པ་གནང་། ༡༩༩༩ལོར་དངུལ་རི་སྡེ་བའི་དེ་ཀར་བླ་མ་བདག་ཉིད་མཆོག་ལ་མཚམས་ཁང་སྟབས་བདེ་ཞིག་བཞེངས་ནས་ཕུལ་བ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར། ༢༠༠༤ལོར་བླ་མ་བདག་ཉིད་ཆེན་མོ་སྐུ་དངོས་ནས་དམངས་སྒོར་ཁྲི་བཅུ་ལྷག་དགེ་སློང་བཤད་སྒྲུབ་མིང་ཅན་ལ་གནང་སྟེ་གཙུག་ལག་ཁང་ཕྱི་གཙང་ནང་གཙང་ཞིག་བཞེངས་སུ་བཅུག སྐུ་ཚ་འཇམ་དབྱངས་སོགས་ཀྱིས་ཡང་བསྐྱར་མཚམས་ཁང་ལ་ཞིག་གསོ་དང་འབྲེལ་གཟིམ་ཁང་སྤུས་དག་ཅིག་བཞེངས་གྲུབ་པ་སོགས་ཀྱིས་བླ་མ་བདག་ཉིད་ཆེན་མོ་ཁོང་ཐུགས་ཧ་ཅང་དགྱེས་ཏེ་དབེན་གནས་པད་དཀར་ཆོས་རྫོང་ཞེས་པའི་དགོན་མིང་ཡོངས་གྲགས་སུ་གནང་།༢༠༡༠ལོར་སྐུ་ཚ་འཇམ་དབྱངས་དང་དེར་བཞུགས་རི་ཁྲོད་པ་དགེ་སློང་དཔལ་ལྡན་རྣམ་གཉིས་ཀྱིས་གཙོས་དད་ལྡན་གང་མང་ཞིག་གིས་མི་ཤུགས་རྒྱུ་གཉིས་ཀྱིས་གཙུག་ལག་ཁང་གི་ཕྱི་ནང་ཐམས་ཅད་ལེགས་པར་གྲུབ་ནས་དེ་ལོའི་བོད་ཟླ་བརྒྱད་པའི་ཚེས་བཟང་བདུན་ཉིན། བླ་མ་བདག་ཉིད་ཆེན་མོ་ཁོང་གི་ཡང་སྲིད་མཐོང་བ་དོན་ལྡན་མཆོག་དགེ་འདུན་འདུས་པ་རྒྱ་མཚོ་དང་ལྷན་དུ་སྐུ་ཉིད་ཀྱི་གདན་ས་འདིར་ཕེབས་ཏེ་གཙུག་ལག་ཁང་རྟེན་དང་བརྟེན་པར་རབ་གནས་རྒྱ་ཆེར་གནང་བར་མ་ཟད། ཉིན་དེར་དེར་ཕེབས་དགེ་འདུན་པ་བརྒྱ་མ་ཟིན་ཙམ་ལ་སྐུ་དངོས་ཀྱིས་འགྱེད་ཆེན་བསྟར། ད་ལྟ་རྒྱུན་དུ་དེར་བཞུགས་ཀུན་སྤོང་བ་ཆེན་མོ་མྰ་ཕྱག་རི་ཁྲོད་པ་མཆོག་དང་བྱ་བཏང་བ་དགེ་སློང་དཔལ་ལྡན། བླ་མ་བདག་ཉིད་ཆེན་མོ་ཁོང་དང་ཐུགས་འདྲིས་ཟབ་ཅིང་སྐུ་དངོས་ཀྱིས་ཁོང་གི་མཚམས་ཁང་བཅས་ལ་བདག་དམ་བྱེད་མཁན་དུ་བསྐོས་པའི་ཨ་ཁུ་སོ་མ་ཁུ་ཚན་གཉིས་དང་དགེ་ཚུལ་བསྟན་འཛིན་ཆོས་གྲགས་སོགས་ཀྱིས་རྒྱལ་བའི་བཀའ་འགྱུར་རོ་ཅོག་དང་བསྟན་འགྱུར་དག་ཚར།དགེ་ལྡན་ཕྱག་རྒྱ་ཆེན་མོའི་བསྙེན་མཚམས་སོགས་ལ་བཞུགས་ཏེ་སྒྲུབ་པ་ཚེ་ལ་གཞོལ་བར་མཛད་དང་མཛད་བཞིན་ཡོད་པར་མ་ཟད། ད་དུང་ཐར་པ་ཚུལ་བཞིན་དུ་སྒྲུབ་མཁན་གཞན་དང་གཞན་ལ་དམིགས་ཏེ་མཚམས་ཁང་ར་སྐོར་བཟའ་བཏུང་དང་བཅས་པ་མཐུན་རྐྱེན་ཡོངས་སུ་ཚང་བ་དུ་མའང་བསྐྲུན་དང་སྐྲུན་བཞིན་ཡོད་ལ།གོང་རིམ་ནས་ཀྱང་རྒྱབ་སྐྱོར་གྱི་ཚུལ་དུ་ཆུ་གློག་ལམ་གསུམ་དང་། ཞལ་དཀར་རི་ཁྲོད་དབེན་གནས་པད་དཀར་ཆོས་རྫོང་ཞེས་ཐམ་ག་བརྒྱབ་ཏེ་རི་ཁྲོད་དུ་ངོས་ལེན་མཛད་ཡོད་པ་བཅས་སོ།།