གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

རོང་ཞིས་ཨ་དར་ཆོས་འཕེལ་གླིང་།

སྤེལ་དུས 2018-10-10 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། མི་གསལ།
           ༄༅། ། ཤར་ལུང་ཡུལ་ཚོའི་ལན་གྲོ་གོང་མའི་ཁོངས་སུ་གཏོགས། གྲུབ་མཐའ་དགེ་ལུགས་པ་དང་ལ་མོ་བདེ་ཆེན་གྱི་དགོན་ལག་ཡིན། སྒྲུབ་སྡེ་འདི་ཉིད་ཕྱག་འདེབས་མཛད་པ་པོ་ནི་ལན་གྲོའི་ཀྲུའུ་ཨ་ལགས་ཞུ་བ་དེ་ཡིན། ཁོང་གིས་རབ་དྲག་ཤིང་སྟག་ཕྱི་ལོ་༡༦༧༤ལོར་ཀོ་རའི་ཆུ་འགྲམ་ཇོ་བོ་རིའི་འདབས་སུ་གཞི་བཏིང་ནས་དགོན་པའི་མཚན་ལ་ཨ་དར་ཆོས་འཕེལ་གླིང་ཞེས་གསོལ། དེ་ནས་སྐབས་ཤིག་ལ་རོང་བོའི་བླ་མ་ཆེ་ཆུང་གཉིས་ལས་ཆུང་བ་རོང་ཞིས་བློ་བཟང་འཕྲིན་ལས་རྒྱ་མཚོ་ཞུ་བ་དེ་ཁྲི་ཀའི་ཕྱོགས་སུ་ཕེབས་ནས་སྡེ་འདིར་ཡུན་རིང་བཞུགས། ཕྱིས་སུ་ཀྲུའུ་ཨ་ལགས་ཀྱིས་དགོན་སྡེ་ཁོང་ལ་ཕུལ་ཏེ་ཁོང་གིས་དགོན་པར་བདག་སྐྱོང་གནང་ནས་སྐུ་ཕྲེང་རིམ་བྱོན་གྱིས་ལེགས་པར་བསྐྱངས། དེ་ནས་བཟུང་བླ་མའི་མཚན་དགོན་པར་བཏགས་ནས་ད་ལྟ་ཀུན་གྱིས་རོང་ཞིས་གྲྭ་ཚང་ཞེས་འབོད་སྲོལ་ཆགས། བླ་མ་འདིའི་སྐུ་ཕྲེང་རིམ་བྱོན་ནི། སྐུ་ཕྲེང་དང་པོ་མཁས་མཆོག་དགེ་འདུན་རྒྱ་མཚོ། གཉིས་པ་བློ་བཟང་ཆོས་གྲགས་རྒྱ་མཚོ། འདི་གཉིས་ལ་གྲྭ་ཚང་འདིར་འབྲེལ་བ་མ་བྱུང་ལ། གསུམ་པ་བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་གོང་དུ་བརྗོད་པ་བཞིན་དགོན་པ་ལེགས་པར་བསྐྱངས་ཤིང་། འཇམ་དབྱངས་ལྷ་ཁང་ནང་དུ་སངས་རྒྱས་སྟོང་སྐུ་དང་མགོན་ཁང་སོགས་སྐུ་གསུང་ཐུགས་རྟེན་གསར་བཞེངས་གང་མང་མཛད། སྐབས་དེར་དགེ་འདུན་ཞལ་གྲངས་ཉི་ཤུ་ལྷག་བཞུགས། ཁོང་གིས་འདི་ལྟར་ཆོས་སྲིད་གཉིས་ཆར་གྱིས་དགོན་པ་ཡར་ལྡན་དུ་བསྐྱངས་ནས་དགུང་གྲངས་དྲུག་ཅུའི་སྐབས་ཞི་བར་གཤེགས། སྐུ་ཕྲེང་བཞི་པ་གྲགས་པ་རྒྱ་མཚོ་ནི། མཚོ་སྔོན་པོའི་འགྲམ་དུ་འཁྲུངས། གངས་ཀར་ཝང་གིས་བླ་མར་བཀུར། ཕྱིས་དབུས་སུ་ཕེབས་ནས་སྣར་ཐང་བཀའ་འགྱུར་སོགས་རྟེན་སྣ་མང་པོ་གདན་དྲངས་ནས་ཕྱིར་རང་དགོན་དུ་ཕེབས། མཐར་དགུང་གྲངས་ལྔ་བཅུ་ལྷག་ཙམ་ལ་ཞི་བར་གཤེགས། སྐུ་ཕྲེང་ལྔ་པ་གྲགས་པ་རྒྱལ་མཚན་ནི། ལན་གྲོའི་ཨ་རིན་རོང་བོ་ཚང་ནས་འཁྲུངས། ལ་མོ་བདེ་ཆེན་དུ་སློབ་གཉེར་མཐར་ཕྱིན་གནང་སྟེ་མཁས་པ་ཆེན་པོར་གྱུར། ལོ་གསུམ་རིང་བདེ་ཆེན་དཔོན་སློབ་ཀྱི་ཁྲི་བསྐྱངས། ཁྲི་ཆེན་སྤྲུལ་སྐུའི་ཡོངས་འཛིན་དུ་བཞུགས། བཀྲ་ཤིས་འཁྱིལ་དུ་གུང་ཐང་འཇམ་པའི་དབྱངས་ལ་མཇལ་ཁ་ཞུས་དུས་ཡོངས་འཛིན་གསུངས་ནས་གནས་བཅུའི་ཕྱག་མཆོད་ཀྱི་དཔེ་གནང་། ཁོང་གིས་རྟེན་འབྲེལ་ལེགས་པར་དགོངས་ནས་གནས་བརྟན་བཅུ་དྲུག་གི་གསེར་ཐང་བཞེངས། གནས་བཅུའི་ཕྱག་མཆོད་གསར་འཛུགས་གནང་བ་སོགས་སྐུ་དྲིན་ཆེ། དགུང་ལོ་རེ་དྲུག་སྟེང་ཞི་བར་གཤེགས། སྐུ་ཕྲེང་དྲུག་པ་བསྟན་འཛིན་གྲགས་པ་རྒྱ་མཚོ་ནི་ལན་གྲོའི་ཨ་རིན་རོང་བོ་ཚང་དུ་ཡབ་རྟ་མགྲིན་དང་ཡུམ་བོ་ཁོའི་སྲས་སུ་རབ་ཡིད་ལྕགས་སྟག་ཕྱི་ལོ་༡༨༣༠ལོར་འཁྲུངས། ལ་མོ་བདེ་ཆེན་དུ་སློབ་གཉེར་གནང་སྟེ་དཔོན་སློབ་ཀྱི་ཁྲི་བསྐྱངས། སྒྲུབ་སྡེ་འདིར་བདག་སྐྱོང་གང་ལེགས་མཛད་པས་སྒྲིག་ཁྲིམས་ཤིན་ཏུ་དམ། དབུས་སུ་ཕེབས་ཏེ་རྒྱལ་དབང་སྐུ་ཕྲེང་ཞིག་གི་གདུང་རུས་ཨ་ཡིག་རང་བྱོན་ཅན། གཞུང་གིས་གནང་བའི་བཀའ་འགྱུར་དང་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་སོགས་རྟེན་སྣ་འགངས་ཆེན་མང་པོ་གདན་དྲངས། དགུང་གྲངས་དྲུག་ཅུ་ཙམ་ལ་གཤེགས། སྐུ་ཕྲེང་བདུན་པ་ངག་དབང་གྲགས་པ་རྒྱ་མཚོ་ནི་ཆུ་བཟང་ར་ལོ་ཐང་ནས་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་སྐུའི་མེ་ཏོག་ཡལ། སྐུ་ཕྲེང་བརྒྱད་པ་གྲགས་པ་རྒྱལ་མཚན་ནི་ཀ་བརྒྱའི་དགུར་ཙང་དུ་འཁྲུངས། ལ་མོ་བདེ་ཆེན་དུ་ཚོགས་ཆོས་འགྲིམས་ནས་དེ་གའི་ཁྲི་ལ་བཞུགས། རང་དགོན་དུ་ཕེབས་ནས་འདུ་ཁང་ཆེན་མོ་གསར་བཞེངས་མཛད། ཁོང་རིག་པའི་གནས་ལ་མཁས། དགུང་ལོ་བདུན་ཅུ་ཙམ་ལ་གཤེགས། སྐུ་ཕྲེང་དགུ་པ་འཇམ་དབྱངས་བསྟན་འཛིན་གྲགས་པ་ནི་ལན་གྲོའི་ཀ་བརྒྱའི་དགུར་ཙང་ལ་ཁ་ནས་འཁྲུངས། བདེ་ཆེན་དུ་སློབ་གཉེར་བྱས་ནས་དཔོན་སློབ་ཀྱི་འཁྲིད་བསྐྱངས། རང་དགོན་དུ་ཇ་ཁང་ཆེན་མོ་དང་གཟིམ་ཁང་སོགས་བཟོས། ཁོང་གསོ་རིག་ལ་ཤིན་ཏུ་མཁས། པཎ་ཆེན་ཐམས་ཅད་མཁྱེན་པ་ཆོས་ཀྱི་ཉི་མ་གནས་འདིར་རབ་རྒྱལ་མེ་བྱ་ལོར་གདན་དྲངས་ནས་སེར་སྐྱ་ཡོངས་ལ་མཆོག་ཞལ་མཇལ་བའི་སྐལ་བ་བསྩལ། བར་སྐབས་ཤིག་ཏུ་ཁྲི་ཀའི་དགོན་མ་ལག་ཀུན་གྱི་སྲིད་ཀྱི་འགན་དབང་བཞེས། མཐར་དགུང་ལོ་ཞེ་བཞི་པ་རབ་རྒྱལ་ལྕགས་སྦྲུལ་ཕྱི་ལོ་༡༩༤༡ལོར་སྐུ་གཤེགས། སྐུ་ཕྲེང་བཅུ་བ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ནི་རབ་རྒྱལ་ཆུ་རྟ་ཕྱི་ལོ་༡༩༤༢ལོར་ལན་གྲོ་ཞོལ་མའི་ཤ་བརྒྱའི་ཚོ་བར་ཡབ་བཀྲ་ལོ་དང་ཡུམ་མཁའ་འགྲོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུའི་སྟེང་ལ་མོ་བདེ་ཆེན་དུ་ཚོགས་ཆོས་འགྲིམས། རབ་རྒྱལ་ས་ཁྱི་སྟེ་ང་བརྒྱད་ལོར་མཚོ་ལྷོ་ཁུལ་དུ་སློབ་སྦྱོང་བྱས། ལོ་གཉིས་ཀྱི་རྗེས་སུ་རང་ཡུལ་དུ་ངལ་རྩོལ་གྱི་བྱ་བར་ཞུགས། ཕྱི་ལོ་༡༩༨༡ལོར་ཁྲི་ཀ་རྫོང་མི་དམངས་ཚོགས་ཆེན་གྱི་འཐུས་མིར་གདམས། ད་ལྟ་རྣམ་དཀར་གྱི་བྱ་བ་ལེགས་ལམ་ངོས་འཚོ་བཞུགས་ཀྱི་སྐབས་ལགས་སོ། ། 
           དགོན་པ་འདིའི་ཆོས་ཐོག་གི་སྐོར་ལ། ཟླ་དང་པོར་ཆོ་འཕྲུལ་སྨོན་ལམ་ཉིན་དགུ། གཉིས་པའི་ཚོགས་མཆོད་ཉིན་བདུན། གསུམ་པར་དུས་འཁོར་ཉིན་བདུན། བཞི་བར་སྒྲུབ་མཆོད་ཉིན་བརྒྱད། དགུ་བར་སེང་གདོང་གཏོར་སྒྲུབ་ཉིན་དགུ། གཏོར་མ་གར་འཆམ་དང་བཅས་བན་སྔགས་གཉིས་འཚོགས་དགོས། བཅུ་བར་ལྔ་མཆོད་ཉིན་དྲུག བཅུ་གཅིག་པར་མགོན་པོ་གཏོར་སྒྲུབ་ཉིན་བཅུ། བཅུ་གཉིས་པར་ཞབས་བརྟན་དང་ཚོ་སྒྲུབ་ཉིན་བཅུ་བཅས་སྔོན་གྱི་ཕྱག་ལེན་མ་ནོར་བ་ཡོད། རྟེན་དང་བརྟེན་པའི་སྐོར་ལ། འདུ་ཁང་བཟོ་བཀོད་ཕུན་སུམ་ཚོགས་པ་ཆ་ཐམས་ཅད་ཡོངས་སུ་རྫོགས་པ། ནང་དུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་བརྙན་ཆེ་ལེགས་གཅིག གནས་བརྟན་བཅུ་དྲུག དུས་གསུམ་སངས་རྒྱས། སྤྱན་རས་གཟིགས། ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་འདྲ་སྐུ་སོགས་དང་། བཀའ་འགྱུར་དང་ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་འབུམ་སོགས་གླེགས་བམ་མང་པོ། དངུལ་གྱི་མཆོད་རྟེན་ཆེ་ཆུང་གཉིས། བླ་མ་གོང་མ་རིམ་བྱོན་གྱི་སྐུ་གདུང་མཆོད་རྟེན་རྣམས་རིམ་པར་བཞུགས། བྱམས་ཁང་ནང་དུ་དུས་གསུམ་སངས་རྒྱས་ཀྱི་གཙོས་སྐུ་གདུང་གསུམ་དང་གྱན་ཐང་མང་པོ། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་རྟེན་སྣ་བྱིན་ཅན་མང་པོ་དང་། ཁྱད་དུ་འཕགས་པའི་ཅོང་ཆེན་གཅིག་བཅས་ཡོད། བླ་བྲང་མཆོད་ཁང་དུ་སྨན་འདམ་ལས་གྲུབ་པའི་སྟོན་པའི་སྐུ་གཅིག་དང་རྗེ་ཡབ་སྲས་སོགས་སྐུ་བརྙན་སུམ་ཅུ་ལྷག་དང་། སྣར་ཐང་བཀའ་འགྱུར། པཎ་ཆེན་རིན་པོ་ཆེ་དང་གུང་ཐང་བསྟན་པའི་སྒྲོན་མེ་བླ་བྲང་ཨ་ཁུ་ཆེ་ཆུང་གཉིས་བཅས་ཀྱི་གསུང་འབུམ་ཆ་ཚང་། བསྡུས་གྲྭའི་སྐོར་སོགས་པོད་མང་པོ་བཞུགས། སྒྲོལ་མའི་ལྷ་ཁང་དུ་དུས་གསུམ་སངས་རྒྱས་དང་། སྒྲོལ་མའི་སྟོང་སྐུའི་གྱན་ཐང་དྲུག་བཅས་བཞུགས། ། 
           གཙན་ཁང་ནང་དུ་གསེར་ཟངས་ལས་གྲུབ་པའི་འཕྲིན་ལས་རྒྱལ་པོའི་སྐུ་བསྙན་ཁྲུ་དོ་ཙམ་དང་བློན་པོའི་སྐུ་བརྙན་གསུམ། གཞན་འཁོར་རུ་འདྲེན་སྡེ་བརྒྱད་སོགས་ཀྱི་བྲིས་སྐུ། སྤྱན་གཟིགས་གོ་མཚོན་མདའ་མདུང་རལ་གྲི་སྙན་ཤལ་མེ་ལོང་སོགས་མ་ཚང་མེད་པ་ཡོད། མཆོད་ཆས་ཀྱི་སྐོར་ལ་དངུལ་གྱི་རྒྱ་གླིང་ཆ་གཉིས་བཅས་རྒྱ་གླིང་ཆ་དྲུག དངུལ་གྱི་དུང་ཆེན་ཆ་གཅིག་བཅས་དུང་ཆེན་ཆ་ལྔ། སྦུབས་ཆ་ཞེ་དྲུག དངུལ་གྱི་ཚེ་འབར་གཅིག་བཅས་མཆོད་རྐོང་ཆེ་ཆུང་སུམ་སྟོང་དྲུག་བརྒྱ། ཏིང་ཕོར་ཆེ་ཆུང་བཞི་སྟོང་དགུ་བཅུ་ལྷག མཁར་རྔ་ཆེ་ཆུང་གཉིས། དུང་དཀར་ཆ་བརྒྱད། ཟངས་དུང་ཆ་བཞི། གྲུམ་ཙེའི་ཀ་ཐུམ་དྲུག་དང་གྲལ་གདན་གསར་རྙིང་བཅོ་བརྒྱད། ཕྲུག་གདན་དྲུག ཁ་གང་མ་བརྒྱད་ཅུ་བཅས་རྣམ་ཐོས་སྲས་ཀྱི་གན་མཛོད་ལ་འགྲན་བཟོད་པ་ཡོད། གཞན་དགོན་པར་བདག་དབང་ཡོད་པ་ས་ཞིང་མུའུ་སུམ་བརྒྱ་བདུན་ཅུ། སྡོང་བོ་ཆིག་སྟོང་ལྷག་དང་རང་བྱུང་ནགས་ཚལ་མུའུ་བརྒྱད་ཅུ་ཙམ། སིལ་ར་མུའུ་བཅུ་ཙམ། གཞུང་ཁང་གྱན་བརྒྱ་དང་བརྒྱད། བླ་བྲང་གཉིས་ལ་ཁང་པ་གྱན་བརྒྱ་དང་ང་གཅིག གྲྭ་ཤག་ཞེ་གཅིག་བཅས་ཡོད། ཡིན་ནའང་སྐབས་ཤིག་ཏུ་ང་བརྒྱད་དང་རིག་གསར་གྱི་རླུང་འཚུབ་ཁྲོད་མིང་གི་ལྷག་མ་ཙམ་དུ་གྱུར། ། 
           ད་ལྟའི་གནས་ཚུལ་ནི། རབ་རྒྱལ་མེ་སྟག་ཕྱི་ལོ་༡༩༨༦ལོར་གོང་ནས་དགོན་པར་ཆོས་སྒོ་འབྱེད་པའི་ཆོག་མཆན་ཐོབ་སྟེ། མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་གཙོས་སྟབས་ལེགས་ཀྱིས་ལྷག་ལུས་བྱུང་བའི་གྲྭ་པ་རྣམས་ཀྱི་འབད་བརྩོན་དང་། ཆོས་དད་མང་ཚོགས་ཀྱི་རོགས་རམ་ལ་བརྟེན་ནས་ད་ལྟ་བྱམས་ཁང་རྟེན་བརྟེན་པ་དང་བཅས་པ། འདུ་ཁང་གྱན་ལྔ་ཅན་བཟོ་བཀོད་ལེགས་པ། འཇམ་དབྱངས་ཀུན་གཟིགས་ལྷ་ཁང་། གྲྭ་ཤག་བཅུ། ཇ་ཁང་སོགས་སླར་གསོ་བྱས་ཏེ་སྔོན་ཆད་ཀྱི་ཆོས་ཐོག་གི་རྒྱུན་ཉམས་གསོ་བྱེད་པའི་བྱ་བ་ཀུན་ཡར་ལྡན་དུ་འགྲོ་བཞིན་པའི་སྐབས་ལགས་སོ། །